རི་གྲོང་གི་གཏམ་རྒྱུད།

     རྩོམ་པ་པོ། འཕྲིན་ལས།


རི་གྲོང་གི་གཏམ་རྒྱུད།


               རྩོམ་པ་པོ། འཕྲིན་ལས།

   རི་རྩེ་ན་དཀར་གཙང་གི་གོས་བཟང་བཀླུབས་ཡོད་ཅིང།  ཡངས་པའི་རྩྭ་ཐང་ཡོངས་རྫོགས་གསེར་མདོག་གི་ལྭ་བ་གྱོན་ཟིན་།  རྩྭ་ཐང་སྟེང་དུ་ཆུ་ཀླུང་རྣམས་དར་གྱི་མནན་ཏེ་དར་དཀར་གྱི་ཡོལ་བ་འཐེན་པ་དང་གཉིས་སུ་མ་མཆིས།  གླང་ཆེན་གྱི་སྣ་ལྟ་བུའི་རྫ་རི་སྨུག་པོ་གཅིག་གི་ཁུགས་སོ་རུ་དུད་ཁྱིམ་བདུན་གནས་ཡོད།    ཞོགས་པའི་ཉི་གཞོན་གླང་ཆེན་གྱི་སྣ་ལྟ་བུའི་རྫ་རིའི་སྟེང་མ་ཕོག་གོང་ནས་རྒད་པོ་བློ་བཟང་སྔར་རྒྱུན་ལྟར་ཁྱ་རེ་ཁྱོ་རེའི་ངང་རང་གི་ནོར་གནག་དུམ་བུ་དེ་དེད་ནས་གསེར་མདོག་གི་ཁེངས་པའི་རྩྭ་ཐང་ཕྱོགས་སུ་འགྲོ་བཞིན་འདུག།    རྒད་པོ་བློ་བཟང་ནི་ད་ལོ་ཕོ་ལོ་དྲུག་ཅུ་རེ་གཅིག་ལོན་ཞིང་སྡེ་བའི་ནང་ནས་མི་རྒན་གྲས་སུ་ཆགས་ཡོད།  ཁོང་ནག་ཅིང་སྣུམ་པའི་ངོ་གདོང་དང་ཕྲ་ཅིང་རེད་པའི་གཟུགས་ཆད་བཅས་་སྡེ་བའི་བུ་མེད་རྣམ་ཀྱིས་ཀུ་རེ་བྱེད་ས་ལྟ་བུར་གྱུར་ཡོད།   དེ་ཡང་ཉིན་ཞིག་ཨ་ཁུ་དོན་གྲུབ་ཚང་གི་བུ་མོ་དང་དེ་མིན་རུ་སྡེ་གཞན་གྱི་བུ་མོ་གཅིག་བཅས་རྫི་བོ་མཉམ་དུ་འཚོ་སྐབས་འདི་ལྟར་བཤད།  
  ‘’ཁྱོད་གཟུགས་པོ་ད་ཇི་རྒྱག་རེད་འདུག།‘’
‘’ང་ལ་ཨ་མྱེ་བློ་བཟང་ལྟ་བུའི་གཟུགས་ཆད་གཅིག་ཡོད་ན་ཅི་མ་རུང་‘’  
‘’ཁྱོད་བློ་བཟང་གི་གཟུགས་ཆད་ལྟ་བུར་དགོས་ན་ངོ་གདོང་ལ་འང་དེ་ལྟ་བུ་ཞིག་དགོད་ངེས་རེད ”བཅས་བཤད།    
        རྒད་པོ་བློ་བཟང་ནོར་རྣམས་རྩྭ་ཐང་སྟེང་དུ་བཀྲམ་ནས་དེ་གར་རྩྭ་ཐུར་གཅིག་ཁ་ནང་དུ་བཟུངས་ནས་བསྡད་ཡོད།   སྐབས་དེར་འུར་སྒྲ་ཆེན་པོ་ཞིག་གི་རྩྭ་ཐང་ལྷིང་འཇགས་ལས་དཀྲོགས།  རྒད་པོ་བླ་བཟང་དེ་མུར་འུར་སྒྲ་གྲགས་སའི་ཕྱོགས་སུ་ལྟས་པ་ན་།  འཕྲུལ་རྟ་ཞིག་རྒྱ་ལམ་རྒྱུད་བྱ་འཕུར་བ་ལྟར་སླེབས་བྱུང།    ཅུང་མ་འགོར་བ་འཕྲུལ་རྟ་དེ་རྒད་པོ་བློ་བཟང་གི་གམ་དུ་སླེབས།     ཁ་བརྡ་ཅུང་ཙམ་བྱེད་རྗེས་སླར་ཡང་བྱ་འཕུར་བ་ལྟར་ཁྱིམ་གྱི་ཕྱོགས་སུ་བུད་སོང།      མ་གཞི་འཕྲུལ་རྟ་བཞོན་མཁན་དེ་ནི་དོན་གྲུབ་ཚང་གི་བུ་ཚེ་རིང་རེད།  ཚེ་རིང་ནི་འདི་ལོའི་མཐོ་རྒྱུགས་ནང་ཡིག་རྒྱུགས་མ་འཕྲོད་པས་མཐོ་འབྲིང་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་མི་ལོག་ཀ་མེད་དུ་གྱུར་ནས་ད་ལྟ་འབྲོག་ལས་ཙག་ཙིག་བྱེད་ནས་འདུག་ཀྱི་ཡོད།     ཚེ་རིང་དང་རྒད་པོ་བློ་བཟང་འཕྲུལ་རྟའི་སྟེང་དུ་ཁ་བརྡ་བྱེད་ཀྱིན་།   ཚེ་རིང་གི་འདི་ལྟར་བཤད་‘’ད་ལོ་དགུན་ཁའི་གུང་སེང་དང་བསྟུན་ནས་གྲོང་ཚོས་སློབ་ཆུང་སློབ་མ་ཡོངས་རྫོགས་རང་མོས་ངང་གྲོང་ཚོ་བྱེད་སྒོ་ལྟེ་གནས་རུ་ཟབ་སྦྱོར་བྱེད་གཙེས་རེད་འདུག་།  དེ་ཡང་དགེ་རྒན་ནི་རང་གྲོང་ཚོ་སློབ་ཆེན་སློབ་མ་རྣམས་དང་མཐོ་འབྲིང་ཉུང་ཤས་ཙམ་ཡོད་སྐད་འདུག།‘’  
  བློ་བཟང་གིས “འོ་ལོས་གདན་   དེང་སང་རྒྱལ་ཁབ་བཀའ་དྲིན་ཅན་གྱི་སྲིད་ཇུས་ཡག་སོང་སློབ་སྦྱོང་གི་ཆ་རྐྱེན་ཕུན་སུམ་ཚོགས་པོ་འདུག།”   
‘’གདའ་ཨ་མྱེ་‘’
 “དེ་འདྲ་ཡིན་ན་ངས་ཕྲུ་གུ་ཟབ་སྦྱོར་འཛིན་གྲྭ་འགྲོ་གཏང་གི་ཡིན”
 “འོ་རེད་ཨ་མྱེ་    གྲོང་ཚོ་བརྡ་ཐོ་ནང་དུ་སློབ་ཆུང་སློབ་མ་ཞེས་བྲིས་འདུག།  ཨ་མྱེའི་ཕྲུ་གུ་ལོ་རིམ་བརྒྱད་པ་སོན་ཡོད་སྟབས་ཟབ་སྦྱོར་འཛིན་གྲྭའི་ནང་འགྲོ་རྒྱུ་ཡོད་མེད་ཤེས་ལ་ཐལ།    ང་ཡང་གནས་སྐབས་དགེ་རྒན་གྲས་ཞིག་ཡིན་  ངས་ད་དུང་གྲོང་ཚོ་འགོ་ཁྲིད་ལབ་འོང་ཨ་ ”
 “ཡོ་ཡོ་  ཨ་མྱེས་དྲིན་ཅན་”          
 “ཨ་མྱེ     ནང་སླེབས་ཐལ”
 “འོ་ཡོ་ཡོ   ཨ་མྱེས་ཡག་བྱུང”
 “སྐྱོན་ཡོད་མ་རེད་ཨ་མྱེ     ཁྱེད་ཀྱི་ཕྲུ་གུ་ཟབ་སྦྱོར་འགྲོ་ས་ཡོད་མེད་ངས་སྐད་ཆ་འདྲི་ཡོང་ཨ་མྱེ  ཚེ་རིང་་་”
 “ཚེ་རིང”
           རྒད་པོ་བློ་བཟང་ཁ་ནས་མ་ནི་འདོན་གྱིན་ཁྱིམ་ནང་འཛུལ་སོང།     སྐབས་དེར་ངོ་གདོང་དཀར་ལ་སྐད་པ་ཕྲ་ཅིང་སྐུ་གཟུགས་ཅུང་རིང་བའི་བུ་མོ་ཞིག་གིས   “ཨ་ཕ་དཀའ་ཨི་ཐལ” ཟེར།  བུ་མོ་དེ་ནི་རྒད་པོ་བློ་བཟང་གི་བུ་མོ་སྒྲོལ་མ་རེད།
  “དཀའ་མ་ཐལ་ཨ་ཕས་     བུ་ག་ར་འདུག” 
 “ཁང་པ་སྦུག་མའི་ནང་སྦྱང་ཚན་འབྲི་བཞིན་འདུག”   
“འོ་ཡ་ཡ”
 བུ་མོ་དེས་དངུལ་གྱི་རྒྱན་པའི་ཤིང་ཕོར་སྣུམ་ཞག་ཁོར་བ་གཅིག་ནང་དུ་ཇ་སུ་མ་ཞིག་བླུག་ནས‘’ཨ་ཕ་ཇ་འཐུང‘’
རྒད་པོ་བློ་བཟང་གིས་བུ་འབྲུག་གྲགས་ཁང་པ་སྦུག་མའི་ནང་དུ་སྔར་རྒྱུན་ལྟར་སྦྱང་ཚན་འབྲི་བཞིན་སྣབས་ལུད་ཀྱང་སྦྱང་ཚན་སྟེང་དུ་ཐིགས་ལ་ཉེ།    སྐབས་དེར་བུ་མོ་སྒྲོལ་མའི་འབོད་བརྡ་གཏང་སྟེ།   རྒད་པོ་ཕྱོགས་སུ་ཁྲིད་སོང།
རྒད་པོ་བློ་བཟང་གིས“དོན་གྲུབ་ཚང་གི་བུ་ཚེ་རིང་གིས་ཟེར་བ་ལྟར་ན་ད་ལོ་དགུན་ཁ་གྲོང་ཚོ་ནང་དུ་ཟབ་སྦྱོར་བྱེད་གྲབས་གདའ་ཟེར་གྱིན     བུ་ཁྱོད་འགྲོ་འདོད་ཨི་ཡོད”
འབྲུག་གྲགས་སྣབས་ལུད་གཅིག་བརྔུབ་ཏེ “ང་འགྲོ་འདོད་འོད”
 “དེ་ན་ཡག་པོ་བྱུང་སོང་   ཡིན་ནའང་བརྡ་ཐོ་ནང་དུ་སློབ་ཆུ་ཞེས་བྲིས་འདུག་ཟེར་གྱིན་    ཅིག་བྱས་ན་སློབ་འབྲིང་སློབ་མ་འགྲོ་ས་མེད་པ་འདྲ།”
 “འོ་རེད་ཨ་ཕ         ད་འགྲོ་ས་མེད་ན་སྐྱོན་ཡོད་ཀྱི་མ་རེད་  ནང་ལ་རང་སྦྱོང་བྱེད་ན་མི་འགྲིག་རྒྱུ་མེད”
 “འོ་རེད”
སྐབས་དེར་རྒད་པོ་བློ་བཟང་གི་རྒན་གོག་ཁ་པར་དེའི་སྟེང་དུ་ ཏིང་་་ཏིང་་་་ཏིང་་་གི་སྒྲ་དང་བཅས་ཏེ་ཁ་པར་སླེབས།    དུས་ཡུན་སྐར་མ་ལྔ་ཙམ་ཁ་བརྡ་བྱེད་རྗེས།   རྒད་པོ་བློ་བཟང་ངོ་མདོག་སྐྱ་བོ་ཅུང་ཙམ་སྐྱ་བོ་འགྱུར་ནས་ཁ་པར་ཚམས་ཞག།   ཁ་པར་དེ་ནི་ཏག་ཏག་དོན་གྲུབ་ཚང་གི་བུ་ཚེ་རིང་སྟེ།   ཟབ་སྦྱོར་སློབ་ཆུང་སློབ་མ་མ་གཏོག་བྱེད་ས་མེད་པ་དེ་བཤད་པ་རེད།
     ཕྱི་ཉིན་ཞོགས་པར་སྔ་པོ་ནས་ཚེ་རིང་ཕྲུལ་རྟ་ཞོན་ཏེ་གྲོང་ཚོའི་ཕྱོགས་སུ་བསྐྱོད།   ལམ་བར་རྒད་པོ་བློ་བཟང་དང་སླར་ཡང་འཕྲད་པ་ཞིང།   
ཚེ་རིང་གིས “ཨ་མྱེ་ཟོག་འཚོ་ཡག”    
རྒད་པོ་བློ་བཟང་གིས“ཁྱོད་སྔ་པོ་འདི་འདྲ་ག་ན་འགྲོ་ཡིན”  
 “ང་གྲོང་ཚོ་ནང་འགྲོ་ཡིན”   
 “འོ་ཡ་ཡ”   
  “ཨ་མྱེ་ཁྱེད་ཀྱི་ཕྲུ་གུ་ཟབ་སྦྱོར་ནང་ངོ་མ་འགྲོ་ས་མི་འདུག་   ངས་གྲོང་ཚོ་འགོ་ཁྲིད་ཚང་མ་ལབ་པ་ཡིན།”   
 “ད་སྐྱོན་ཡོད་ནི་མ་རེད་ཨ་མྱེས་     དེ་ལས་ཁྱོད་རང་སྔ་ཙམ་སོང་   དེ་མིན་ཕྱི་འབྱོར་ཐེབས་ཡོང”  
 “ཡོ་ཡོ་ཨ་མྱེ་   ཚེ་རིང”
     ཞོགས་པའི་ཉི་ཟེར་གྲོང་ཚོ་བ་གམ་ཅན་གྱི་སྟེང་དུ་ཕོག་མ་ཐག་ཚེ་རིང་གྲོང་ཚོ་ཐོགས་དུ་འབྱོར་ཞིང།  ཉིན་དེར་སློབ་ཁྲིད་མཁན་ཏེ་སློབ་ཆེན་སློབ་མ་འམ་མཐོ་འབྲིང་སློབ་མ་མ་གཏོགས་གཞན་མེད་ཅིང།    ཉིན་གང་བོར་ཚོགས་འདུ་ཚོགས་སྟེ་སློབ་ཁྲིད་སྐབས་དོ་སྣང་བ་དགོས་པ་རྣམས་རེ་རེར་བཞིན་སྲུངས།   ཁོ་ཚོ་མཆེད་ལས་དགེ་རྒན་མིན་རུང་སློབ་ཆུང་སློབ་མ་སློབ་ཁྲིད་བྱེད་ཐུབ་པའི་སེམས་ཆེན་པོ་ཡོད།   འོན་ཀྱང་སློབ་འབྲིང་སློབ་མ་ཟབ་སྦྱོར་མི་བྱེད་པའི་རྒྱུ་མཚན་འང་གསལ་པོ་སྟེ།   རང་རང་གི་ཆུ་ཚད་མི་འདང་བའི་སོ།
     ཕྱི་ཉིན་ཞོགས་པ་སྔ་པོ་ནས་སློབ་ཆུང་སློབ་མ་ཐར་ཐོར་འགའ་ཞིག་སླེབས་ཅིང།     སློབ་ཆེན་སློབ་མ་འམ་མཐོ་འབྲིང་སློབ་མ་འགའ་ཞིག་གི་ཨང་རྩིས་གཅིག་གཉིས་གསུམ་བཞི་སོགས་ཇི་ལྟར་སྡོམས་འཚུལ་བསླབ་ཞིང   ཡང་འགའ་ཞིག་གི་རྒྱ་ཡིག་aoeiu སོགས་བསླབ།        དོན་གྲུབ་ཚང་གི་བུ་ཚེ་རིང་ནི་དུས་རྒྱུན་བོད་སྐད་ཡིག་སྦྱང་འབྲས་ཅུང་ལེགས་སྟབས་བོད་ཡིག་བསླབ་རྒྱུ་ཁས་བླང་ཞིང་།  ཉིན་དེར་ཀྱང་སློབ་ཆུང་ཕྲུ་གུ་རྣམས་ལ་ཀ་ཁ་ག་ང་སོགས་མི་ཉུང་བ་ཞིག་བསླབ།    དེ་ནས་རིམ་བཞིན་གཟའ་འཁོར་གཅིག་ཙམ་སོང་རྗེས་སློབ་ཆེན་ནམ་མཐོ་འབྲིང་སློབ་མ་དེ་རྣམས་ཀྱིས་ཁོ་ཚོ་རང་ཉིད་ཉིན་གངརྩེད་མོ་མགོ་འཁོར་ནས་སློབ་ཁྲིད་ཀྱང་ཡག་པོ་བྱེད་ཀྱི་མེད།   འགའ་ཞིག་གི་དགའ་རོགས་སྒྲིག་པ་སོགས་ཁྲེལ་མེད་ལུགས་མེད་ཀྱིས་བྱ་སྤྱོད་སྣ་ཚོགས་སྤེལ་བ་དང།    ཡང་འགའ་ཞིག་གི་སློབ་ཁྲིད་སྐབས་སྒྲུང་གཏམ་གླེང་བ་སོགས།    དེ་ཡང་ཚེ་རིང་གིས་ཁོ་རང་ཉིད་སྦྱང་མྱོང་བའི་མཐོ་འབྲིང་བོད་ཡིག་སླབ་གཞི་ནང་གི་སྒྲུང་གཏམ་《ར་ལོ》སློབ་ཆུང་ཕྲུ་གུ་རྣམས་གླེང་བ་ཞིང།་   ར་ལོ་གཙང་སྦྲ་ཡག་པོ་མེད་འཚུལ་དང་ཁྱད་པར་དུ་ར་ལོ་ཞེས་པ་དེ་སྣ་གདོང་སྣབས་ཀྱིས་ཁེངས་པ་སོགས།    ཁོས་སེམས་ནང་དུའང་ཕལ་ཆེར་ར་ལོ་མ་གཏོགས་མེད་པ་འདྲ།
     དུས་ཚོད་ནི་བར་མེད་དུ་རྒྱུག་བཞིན་ཆུ་མོ་ཞིག་དང་འདྲ་བ་མིག་ཡུད་ཙམ་ཞིག་ལ་ཟླ་གཅིག་སོང་ཟིན།   ཟླ་གཅིག་གི་ཟབ་སྦྱོར་འང་མཇུག་བསྒྲིལ་ཏེ་རང་རང་སོ་སོར་ཁ་བྲལ་ནས་རང་་ཁྱིམ་ལ་ལོག་།     གླང་ཆེན་སྣ་དང་འདྲ་བའི་རྫ་རིའི་ཁུགས་སོ་རུ་གནས་པའི་རི་གྲོང་གི་ཕྲུ་གུ་མི་ཉུང་བ་ཞིག་ཀྱང་ཟླ་གཅིག་གི་ཟབ་སྦྱོར་མཇུག་བསྒྲིལ་ནས་རང་ཁྱིམ་ལ་སླེབས་ཡོད།   
       ཉིན་དེར་རྫ་རི་འདབས་ཀྱི་བྱེ་ཐང་ནང་རི་གྲོང་གི་བྱེད་པ་ཡོངས་རྫོགས་རྐང་རྩེད་པོ་ལོ་རྩེད་བཞིན་ཡོད་།     འོན་ཀྱང་ཨ་མྱེ་བློ་བཟང་གི་བུ་འབྲུག་གྲགས་དེས་གྲས་མེད།     ཅུང་མ་འགོར་བ་དོན་གྲུབ་ཚང་གི་བུ་ཚེ་རིང་འང་ལྷམ་ཐིལ་འབུར་ཀ་དོད་པ་ཞིག་གྱོན་ནས་གནས་དེ་རུ་སླེབས།   
སྐབས་དེར་ཚེ་རིང་གི་འདི་ལྟར་བཤད་ “ང་ཚོ་གཤོག་ཀ་གཉིས་ཕྱེད་སྟེ་འགྲན་སྡུར་རྒྱག་ཟེར”
བྱེད་པ་གཞན་ཞིག་གིས “ང་ཚོ་སྔ་ས་ནས་དེ་ལྟར་བྱེད་སྙམ     འོན་ཀྱང་ཁྱེད་རང་སྡོམས་པའི་མི་ཉི་ཤུ་རྩ་གཅིག་ལས་མི་འདུག་པའི་སྒོ་ཤ་རྒྱག་ཐབས་མི་འདུག”
 “ད་འོ་ན་   འབྲུག་གྲགས་ཁྲིད་ཤོག་དང་  ང་ཚོ་མི་བཅུ་གཅིག་ བཅུ་གཅིག་བྱེད་ནས་འགྲན་སྡུར་རྒྱག”
  དེ་མུར་བྱེད་པ་ཆུང་ཆུང་ཞིག་རྒད་པོ་བློ་བཟང་གི་ཁྱིམ་ཕྱོགས་སུ་རྒྱུགས་སོང།    སྐར་མ་གཅིག་ཙམ་མ་འགོར་བ་བྱེད་པ་ཆུང་ཆུང་དེ་རྒད་པོ་བློ་བཟང་ཚང་གི་སྒོ་རའི་གམ་དུ་སླེབས་།   བྱེད་པ་ཆུང་ཆུང་དེས་ཐད་ཀར་ནང་དུ་མ་འཛུལ་བ་ཁང་པ་སྦུག་མའི་ཤེལ་སྒོའི་ནང་ལྟས་པ་ན་།   འབྲུག་གྲགས་ཏག་ཏག་དེ་གར་སློབ་སྦྱོང་བྱེད་བཞིན་ཡོད་པ་མཐོང་ཅིང་སྣབས་ལུད་ཀྱང་སྦྱང་ཚན་སྟེང་དུ་ཐེགས་ལ་ཉེ།     བྱེད་པ་ཆུང་ཆུང་དེས་ཤེལ་སྒོ་ ཏག་ཏག་ཏག་ བཅས་རྡུང།  འབྲུག་གྲགས་ལམ་སེང་ཤེལ་སྒོ་རྡུང་སའི་ཕྱོགས་སུ་ལྟས།   
བྱེད་པ་ཆུང་ཆུང་དེས་“འབྲུག་གྲགས་ལམ་སེང་ཤོག་དང   ང་ཚོ་རྐང་རྩེད་པོ་ལོ་འགྲན་སྡུར་བརྒྱག”   
འབྲུག་གྲགས་གི་ཕལ་ཆེར་གསལ་པོ་མ་གོ་པ་འདྲ།    ཁོས་སྨུག་གུ་སྒྲོག་རྩེ་སྟེང་དུ་ཞག་ཏེ་ སྣབས་ལུད་ཅིག་འབྱིབ་ནས་སྒོ་ཕྱི་དོན་བྱུང།
འབྲུག་གྲགས་གིས་ “རང་ཟབ་སྦྱོར་བྱེད་ཕྱིན་པ་མ་རེད་དམ་ ”
 “ང་ཚོ་ཟབ་སྦྱོར་ཁ་སང་མཇུག་བསྒྲིལ་བ་རེད་       ད་སྐད་ཆ་མང་པོ་མི་ལབ་  དེ་ལས་རྐང་རྩེད་པོ་ལོ་རྒྱག་འགྲོ་    ང་ཚོ་མི་འདངས་ཀྱིན་མི་འདུག་  ལམ་སེང་འགྲོ་  ཁོ་ཚོ་སྒུགས་བསྡད་ཡོད”བཅས་སྐད་ཆ་མཇུག་རྫོགས་མ་ཚར་བ་ལག་པ་ནས་བཟུང་ནས་རི་འདབས་ཀྱིས་བྱེ་ཐང་ནང་དུ་ཁྲིད་སོང།
      འབྲུག་གྲགས་དེར་སླེབ་མ་ཐག།   བྱེ་ཐང་ནང་དུ་རི་གྲོང་གི་བྱེད་པ་གཞན་རྣམ་སྔ་ས་ནས་གྲ་སྒྲིག་ཨང་སར་བྱེད་ནས་སྒུག་ཡོད།    
སྐབས་དེར་དོན་གྲུབ་ཚང་གི་བུ་ཚེ་རིང་གིས་་ “འབྲུག་གྲགས་རང་ང་དང་མཉམ་དུ་རེད་”བཅས་སྤུང་པ་སྟེང་དུ་ལག་པ་ཞག་ནས་འཁྲིད་སོང།    
དེ་མུར་རྐང་རྩེད་པོ་ལོ་འགྲན་སྡུར་རྒྱབ་ཅིང་།   འབྲུག་གྲགས་ནམ་རྒྱུན་སློབ་གྲྭའི་ནང་དུ་རྐང་རྩེད་པོ་ལོ་ཏོག་ཙམ་རྒྱག་ཀྱི་ཡོད་སྟབས་རི་གྲོང་གི་བྱེད་པ་མང་ཆེ་བ་ལས་སྤོ་ལོ་རྒྱག་མཁས་ཀྱི་ཡོད།     འབྲུག་གྲགས་ཀྱིས་རང་གི་སྤོ་རྩལ་ལ་བརྟེན་ནས་སྤོ་ལོ་གཅིག་རྗེས་གཉིས་མཐུད་ངང་སྤོ་ལོ་དུ་མ་བརྒྱངས་ཞིང་།   སྐབས་དེར་འབྲུག་གྲགས་ལས་ཅུང་ཆེ་ཙམ་ཡོད་པའི་བྱེད་པ་ཞིག་གི།  འབྲུག་གྲགས་སྤོ་ལོ་དད་ཡོང་བའི་སྐབས་སུ་རྡོང་རྒྱགས་ཞུས་ཏེ་འབྲུག་གྲགས་ས་ལ་འགྱིལ་ཞིང་སྣབས་ལུད་ཀྱང་ཅུང་མི་འགྱང་བའི་ས་རུ་ཕྱེས་།   དེ་མུར་ཚེ་རིང་གི་ས་ལས་ཡར་བླངས་ཏེ་ཐལ་བ་ལྡིབ་ལྡིབ་བྱེད་ཅིང་ལམ་སེང་གཙང་ཤོག་གཅིག་སྟོན་ཏེ
 “སྐྱོན་མི་འདུག་གམ་   སྣབས་ཕྱིས་”
འབྲུག་གྲགས་ཡར་ལང་སྟེ   “སྐྱོན་མི་འདུག”
ཁོས་སེམས་ལ་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཡོད་ཀྱང་ཁུ་ལེན་ཀློག་གཙེས་མ་བྱེད
རིམ་བཞིན་བྱེད་པ་གཞན་རྣམས་ཀྱང་ཚུར་རུབ་རུབ་བྱེད་ཅིང་ཚང་མས་གཅིག་རྗེས་གཉིས་མཐུད་ངང
 “སྐྱོན་མི་འདུག་གམ་་་་་་་་་་”
སྐབས་དེར་མི་ཚོགས་དཀྱིལ་ནས་སློབ་ཆུང་སློབ་མ་ཞིག་གིས་ “ལྟོས་དང་སྣབས་ལུད     ཚེ་རིང་  རང་གི་དེ་སྔོན་ང་ཚོ་ཟབ་སྦྱོར་སྐབས་སུ་ཟེར་བའི་ར་ལོ་དང་གཅིག་པ་གཅིག་རྐྱང་རེད་འདུག་་”
མི་ཚང་མ་ཧབ་གོད་བྱེད་། 
དེ་ནས་མུ་མཐུད་རྐང་རྩེད་པོ་ལོ་བརྒྱབ་ཅིང་།   སློབ་ཆུང་སློབ་མ་དེའི་འབྲུག་གྲགས་ལག་ཏུ་སྤོ་ལོ་སླེབ་མ་ཐག་།   “ར་ལོ་  སྤོ་ལོ་ང་སྤྲོད་        ར་ལོ་    སྤོ་ལོ་ང་སྤྲོད་་‘’
འབྲུག་གྲགས་ཀྱིས་ཀྱང་སྤོ་ལོ་ལམ་སེང་སློབ་ཆུང་སློབ་མའི་ལག་ཏུ་སྤྲོད་ཀྱི་ཡོད།   
དེ་ནས་རིམ་བཞིན་ ཁྱི་རྒན་ཀུ་ཅོ་འདོན་པ་ན་།   རྒྱུ་མཚན་མེད་པར་གཞན་དག་རྒྱུག་ཞེས་པའི་དཔེ་ལྟར་ཚང་མས་ “ར་ལོ་    སྤོ་ལོ་ང་སྤྲོད་        ར་ལོ་   སྤོ་ལོ་ང་སྤྲོད་་་་་་་་་་་་་་་”
   དུས་དེ་ནས་བཟུང་རི་གྲོང་གི་བྱེད་པ་ཚང་མས་ཁོ་ལ་ར་ལོ་ཞེས་འབོད་ཀྱི་ཡོད་ཅིང་།  སྤོ་ལོ་རྒྱག་དུས་ཙམ་མ་ཟད་དུས་རྒྱུན་ལས་ཀ་ཙག་ཙིག་བྱེད་སྐབས་ཀྱང་འབྲུག་གྲགས་ལ་ར་ལོ་ཞེས་འབོད་ཀྱིན་ཡོད།
   ཕྱིས་སུ་རིམ་བཞིན་མིང་དེ་ཁྱབ་རྒྱ་ཇི་ཆེར་ཕྱིན་ཏེ་།   རི་གྲོང་གི་མི་ཚང་མས་ཁོ་ལ་ར་ལོ་ཞེས་འབོད་ཀྱིན་ཡོད།    འབྲུག་གྲགས་ཀྱང་མི་ཉམ་ཆུང་ཞིག་ཡིན་སྟབས་རི་གྲོང་གི་མི་རྣམས་ཀྱིས་ར་ལོ་ཞེས་འབོད་སྐབས་ཡིན་ཤག་ཤག་བྱེད་ཀྱིན་ཡོད།      
ཉི་ཞིག་འབྲུག་གྲགས་ནང་སེམས་མ་བཟོས་པར་ཁོ་བོའི་ཕ་རྒན་བློ་བཟང་དྲུང་དུ་འདི་ལྟར་བཤད་ “ཨ་ཕ་  རི་གྲོང་གིི་མི་ཚང་མས་ང་ལ་ར་ལོ་ཞེས་འབོད་ཀྱི་འདུག།   ར་ལོ་ཟེར་ན་གང་ཟེར་ཀྱིན་ཡོད་རེད”
རྒད་པོ་བློ་བཟང་གིས་བསམ་པའི་ངོས་སུ   ར་ལོ་ཟེར་ན་   མགོ་བོ་ཕུར་ཕུར་གཅིག་བྱེད་རྗེས་
 “ངས་ཤེས་ཀྱི་མེད     ཕལ་ཆེར་ར་ལུག་ཟེར་བ་མིན་འགྲོ  ཧ་ཧ་ཧ་‘’  བཅས། ཕ་བུ་གཉིས་ཀ་གད་མོ་ཤོར།
དོན་ངོ་མ་ཚེ་རིང་ཕུད་ཚང་མས་ར་ལོ་ཟེར་བ་གང་ཡིན་པ་སུ་ཀྱང་ཧ་མི་གོ་ལ་།   ཚེ་རིང་གིས་ཀྱང་ར་ལོ་ཟེར་བ་ནི་སྒྲུང་གཏམ་ཞིག་ཡིན་པ་དང་མི་སྣ་ར་ལོ་སྣབས་ལུད་གང་བའི་སྣང་བརྙན་དེ་ལས་གཞན་ཧ་གོ་མེད་པ་འདྲ།
         ཟླ་བ་ཁ་ཤད་རྗེས་ལ་རི་འདབས་ཀྱི་རྩྭ་ཐང་ཡོངས་རྫོགས་ལྗང་མདོག་གི་གོས་བཟང་བཀླུབས་ཅིང་ཁྱུ་བྱུག་སྔོ་མོ་དྲི་ཟའི་དབྱངས་ལ་གྱེར་བཞིན་མཆིས།    དར་གྱི་མནན་པའི་ཆུ་བོ་ཡང་རིམ་བཞིན་དྲོས་ནས་ཆུ་རྒྱུན་རིང་མོ་དེ་རྩྭ་ཐང་སྟེང་དུ་དར་དཀར་ཀྱི་ཡུལ་བ་འཐེན་པ་ལྟ་བུར་མི་མངོན་ཞིང།    དེ་ལས་ལྡོག་སྟེ་རྩྭ་ཐང་ཐང་སྟེང་དུ་གཡུ་འབྲུ་སྔོན་པོ་ཞིག་ས་ལ་བབས་པ་དང་མཚུངས་ལ།  གསོན་ཤུགས་ཀྱིས་ཁེངས་པའི་རྩྭ་རྩི་ཤིང་རྣམས་ཀྱང་འགྲན་སྡུར་ལྟ་བུའི་སུ་འགྱོག་ངང་དབྱིག་འཛིན་སྒེག་མོར་མཛེས་སྡུག་གི་རྒྱན་ཆ་སྤྲད་ཀྱིན།         འདི་ལོ་སྟེ་རྒད་པོ་བློ་བཟང་གི་བུ་འབྲུག་གྲགས་འམ་ར་ལོ་སློབ་འབྲིང་ལོ་རིམ་གསུམ་པ་ཐོན་ལ་ཉེ་ཞིང།   འབྲུག་གྲགས་གི་དགོང་ཕྱི་ཉལ་དང་ཞོགས་སྔ་ལང་ངང་་སློབ་གཉེར་ལས་འབད་བརྩོན་ཆུ་བོ་རྒྱུན་དུ་བརྟེན་བཞིན་ཡོད།    ཟླ་གཅིག་གི་རྗེས་སུ་འབྲུག་གྲགས་སློབ་འབྲིང་ནས་སློབ་མཐར་ཕྱིན་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་ཆུང་དུས་ཀྱིས་ལྟེ་ཁྲག་དམར་པོ་ས་ལ་ཐོར་ས་འམ་ཆེས་ཐོག་མའི་ངུ་སྐད་སྒྲོགས་སའི་རི་གྲོང་དེ་རུ་སླེབས།     འོན་ཀྱང་རི་གྲོང་མི་རྣམས་ཀྱི་ཁོས་མིང་དེ་མི་ཤི་སོང་བའི་མིང་ལྟ་བུར་རྩིས་ཏེ་འབོད་ཤོར་ལྡོག་བྱེད་ཀྱིན་ཡོད་ཅིང་།   ཚང་མས་ར་ལོ་ཞེས་འབོད་ཀྱིན་ཡོད།
ཟླ་ཕྱེད་རྗེས་སུ་གཏམ་བཟང་ཞིག་རི་གྲོང་དེ་གའི་ཁྱིམ་ཚིས་སོ་སོ་ཐོས་འཛིན་བུ་གའི་ལམ་དུ་ལྷང་ལྷང་རུ་གྲགས་པ་རེད།    དེ་ནི་རྒད་པོ་བློ་བཟང་གི་བུ་འབྲུག་གྲགས་འམ་ར་ལོ་གྲོང་ཁྱེར་མཐོ་འབྲིང་ཡག་ཤོས་དེའི་ནང་རྒྱུགས་འཕྲོད་པའི་གཏམ་བཟང་ཞིག་རེད།    གཏམ་བཟང་དེ་རི་གྲོང་གི་མི་ཚང་མ་དགའ་བོ་བྱེད་ཀྱི་ཡོད་མེད་མི་ཤེས་མོད།   འོན་ཀྱང་རྒད་པོ་བློ་བཟང་དགའ་འཚོར་དཔག་མེད་བྱུང་ཏེ་སློབ་སྐྱིད་གཏང་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད།     དེ་ནས་རིམ་བཞིན་སློབ་སྐྱིད་སོགས་གཏང་ཏེ་རི་གྲོང་གི་ཁྱིམ་ཚིས་རྣམས་ཀྱིས་ལ་ལའི་དངུལ་དམར་སྦྱིན་ཞིང་ལ་ལའི་དར་དཀར་གཡོགས་པ་སོགས་སྐྱིད་པོ་གཏང་ཞིང་།   སློབ་སྐྱིད་སྐབས་རི་གྲོང་མི་རྣམས་ཁ་ནས་བྲལ་ཐབས་མེད་པའི་ཐ་སྙད་གཅིག་པུ་སྟེ་།  “ར་ལོ”ཞེས་པའི་ཚིག་འབྲུ་དེ་ཉིད་ལགས།
   སླར་ཡང་ས་འཛིན་གོས་དཀར་བཀླུབས་ཅིང།  དབྱིག་འཛིན་སྒེག་མོ་གསེར་མདོག་གི་ལྭ་བ་གྱོན་ཏེ་གཉིད་དུ་ཡུལ་བའི་རྫོགས་ལྡན་གྱི་དུས་དེར་སླེབས།        འབྲུག་གྲགས་ཕ་ཡུལ་དང་ཁ་བྲལ་ནས་གྲོང་ཁྱེར་མཐོང་འབྲིང་ནང་དུ་འབྱོར་ཐོ་བཀོར་པར་ཕྱིན་ལ་ཉེ་ཞིང།     རླུང་འཁོར་ཀྱི་དུང་བརྡ་ཟབ་མོ་དེས་འབྲུག་གྲགས་ཀྱི་ནང་སེམས་རླུང་ཁའི་དར་ལྕོག་ཇི་བཞིན་ལྷོད་ལ་བབ་མ་ཐུབ་ཅིང།   འབྲུག་གྲགས་ནི་ཆུ་དུས་ནས་ཕ་མ་གཉིས་ཁ་གྱེས་ཏེ་ཕ་བློ་བཟང་མཉམ་དུ་ད་བར་འཚོ་བ་རོལ་བཞིན་ཡོད།   འབྲུག་གྲགས་ངོས་ནས་བརྗོད་ནས་རང་གི་ཕ་རྒན་རྒད་པོ་བློ་བཟང་ནི་མཚད་མེད་བྱམས་སྐྱོང་གནང་མཁན་གྱི་སྐྱབས་མགོན་ཞིག་ཡིན།     འབྲུག་གྲགས་གིས་རང་གི་བྱམས་ལྡན་གྱི་ཕ་དྲིན་ཆེན་དང་བྲལ་མ་འདོད་བའི་བསམ་བློ་དྲག་པོ་སྐྱེད།    དེ་བས་ཀྱང་རྒད་པོ་བློ་བཟང་འང་རང་གི་ཤ་ཁྲག་ལས་ཕྱེད་སོང་བའི་བུ་འབྲུག་གྲགས་དང་བྲལ་འདོད་ག་ན་འོད།  འོན་ཀྱང་དེ་ནི་འཇིག་རྟེན་གྱི་མཆོད་ཉིད་ལས་མ་འདས་ཞིང་།  འབྲུག་གྲགས་ལའང་ཕོ་ཚར་ཡོད་སྟབས་རང་གི་མདུན་ལམ་ཆེད་དུ་མུ་མཐུད་མདུན་སྐྱོད་བྱེད་པ་ལས་ཞན་ཅི།  དེ་ནས་རིམ་བཞིན་འབྲུག་གྲགས་རླངས་འཁོར་ནང་དུ་འཛུལ་ནས་རི་གྲོང་གི་མི་རྣམས་ཀྱི་སྐྱེལ་མ་བྱེད་ཅིང་།     རི་གྲོང་གི་མི་རྣམས་ཀྱིས་ “ར་ལོ་ཚེ་རིང་་་་་་་་་་་་”
      དེ་ཡང་ཉིན་དེར་བཅུ་གཉིས་བདག་པོས་མཛེས་སྡུག་གི་འཛིན་མ་ཡོངས་ལ་གསེར་མདོག་གི་འོད་སྣང་རབ་སྦྱིན་ཞིང་།     ས་འཛིན་གྱིས་རྩེ་མོ་ན་དཀར་གཙང་གི་ལྭ་བ་གཡོགས་ཡོད་ཅིང་།  དེ་གའི་སྟེང་དུ་ཉི་འོད་འཕྲོ་སྐབས་མིག་ཟུག་གཉིས་ཀྱང་གཟོད་པར་དཀའ་བ་ཞིག་འདུག།   དམའ་སའི་སྤང་ཐང་ངམ་མུ་མེད་རྩྭ་ཐང་ནི་གསེར་མདོག་གི་གོས་བཟང་ཡོངས་སུ་བཀླུབས་པ་ཡོད་པ་ལས་གོས་དཀར་གྱོན་པའི་ན་ཚོད་མ་སླེབ་པ་འམ་སྟ་གོན་བྱེད་མེད་པ་འདྲ།    མཚོན་པར་དཀའ་བའི་ཡུལ་ལྗོང་གི་མཛེས་སྡུག་ཉམ་དགའ་བའི་སྤང་ཐང་ཞིག་གི་ཁུག་སོ་རུ་འདུ་འཛིང་ཆེ་བའི་གྲོང་ཁྱེར་ཞིག་ཆགས་ཡོད་།    གྲོང་ཁྱེར་དེ་གའི་ནང་དུ་ཆགས་པའི་གྲོང་ཁྱེར་མཐོ་འབྲིང་དང་པོ་སྟེ། ཉིན་དེར་ གྲོང་ཁྱེར་མཐོ་འབྲིང་དང་པོའི་སྒོ་ཆེན་དུ་རྒྱུན་རྟན་དང་མི་འདྲ་བའི་སྣང་འཚུལ་ཞིག་སྟེ་མི་ཚོགས་ཀྱི་རྦ་རླབས་རབ་གཡོ་ཅིང་།   རེ་འགའ་ཡར་སློབ་གྲྭའི་ནང་དུ་འཛུལ་ཞིང་རེ་འགའ་སློབ་གྲྭའི་ནང་ནས་ཕྱིར་ཐོན་བཞིན་འདུག།   ཉིན་དེ་ནི་ཏག་ཏག་རྒད་པོ་བློ་བཟང་གི་བུ་འབྲུག་གྲགས་མཐོ་འབྲིང་ནང་དུ་འབྱོར་ཐོ་སྐོད་པའི་ཉིན་དེར་རེད།  འབྲུག་གྲགས་ཀྱིས་འབྱོར་ཐོ་ཇི་མ་ཇི་བཞིན་སྐོད་ཅིང།  དུས་དེ་ནས་བཟུང་འབྲུག་གྲགས་འམ་ར་ལོ་རང་ཉིད་ཀྱིས་མི་ཚེ་འགྲུལ་བཞུད་གསར་པ་སྟེ་མཐོ་འབྲིང་གི་འཚོ་བ་རོལ་འགོ་བཙུགས།     མཐོ་འབྲིང་གི་སྒོ་ཆེན་འཛུལ་མ་ཐག་འབྲུག་གྲགས་རང་ཉིད་རང་ཉིད་དྭངས་འདོད་ཆེ་རུ་སོང་ནས་གཙང་སྦྲ་ཀྱང་ཅུང་བཙམ་བྱེད་ཀྱི་ཡོད་སྟབས་སྣབས་ལུད་དུས་རྒྱུན་དང་བསྡུར་ན་ཉུང་རུ་ཕྱིན་ཡོད་ཅིང་སློབ་སྦྱོང་སྦྱང་འབྲས་ནི་སྔར་རྒྱུན་ལྟར་བཤད་མི་དགོས་པར་ཧ་ཅང་ལེགས་པོ་ཡོད།    དེ་ལོ་སྟེ་བོད་ལྗོངས་ས་ཁུལ་མཐོ་རྒྱུག་བཅོས་སྒྱུར་བྱེད་པའི་ལོ་དེ་ཡིན་སྟབས་མཐོ་རྒྱུག་ཡིག་རྒྱུག་རྣམས་གྲང་ནང་དུ་བོད་ཡིག་མཚན་ཁག་མེད།   དེར་བརྟེན་གཟའ་ཁོར་གཅིག་གི་ནང་དུ་བོད་ཡིག་སློབ་ཚན་རེ་གཉིས་ལས་མེད་ཅིང་ཡོད་པ་དེའང་རང་སྦྱོང་རྐྱང་རྐྱང་ཡིན།  འོན་ཀྱང་འབྲུག་གྲགས་ནམ་རྒྱུན་བོད་ཡིག་སྦྱང་རྒྱུ་ཧ་ཅང་དགའ་པོ་ཡོད་པ་དང་རང་འགུལ་ཡག་པོ་ཡོད་སྟབས་དུས་རྒྱུན་དུ་སློབ་གསེང་དུས་ཚོད་མང་ཙམ་བཙལ་ཏེ་མཐོ་འབྲིང་བོད་ཡིག་སློབ་དེབ་ཡང་ནས་ཡང་དུ་ལྟ་ཀྱིན་ཡོད།     

            དུས་ཚེགས་ཀྱིས་མདའ་མོ་བར་མེད་དུ་འཁོར་ཅིང་འབྲུག་གྲགས་འང་གཡུར་ལ་གྱེད་ཉེ་བའི་མཐོ་གསུམ་སློབ་མ་ཞིག་ཏུ་འགྱུར།   ཉིན་དེར་འབྲུག་གྲགས་སྔར་རྒྱུན་ལྟར་དགོང་ཟས་ཟོས་ཚར་རྗེས་དཔེ་དེབ་ཁ་ཤས་ཁྱེར་ནས་སློབ་རའི་གྲུ་ཟུར་ཞིག་ཏུ་ལྗོན་ཤིང་སྟུག་པོ་རྒྱས་པའི་སྡོང་རྒན་ཞིག་ཡོད་པ་དེར་སློབ་སྦྱོང་བྱེད་པ་ཕྱིན།    ཁོས་ལག་ཏུ་མཐོ་རྒྱུག་མྱུར་ལམ་བཅས་པའི་ལོ་རྒྱུད་ཀྱིས་སྐྱར་སྦྱོང་དེབ་ཞིག་དང་ཞར་དུ་བོད་སྐད་ཡིག་ངེས་སྦྱོང་དེབ་ལྔ་པ་དེ་ཁྱེར་ཡོད།  སྡོང་རྒན་འོག་དུ་བསླེབས་མ་ཐག་བོད་ཡིག་སློབ་དེབ་དེ་སྔོ་འཇམ་གྱི་སྤང་ཐང་གི་སྟེང་དུ་བཞགས་ཏེ་ལོ་རྒྱུས་སྐྱར་སྦྱོང་དེབ་དེ་བློ་འཛིན་སྐྱུར་འགོ་རྩམས།     ལྷིང་འཇགས་ཀྱིས་དགོང་ས་སྲོད་དེར།    མཛེས་སྡུག་ཡིད་གར་འོང་བའི་ལ་ཁའི་མཚམས་སྤྲིན་དམར་སེར་དུ་འགྱུར་ཅིང་།    ནུབ་ལ་ཉེ་བའི་རྟ་བདུན་དབང་པོ་ནུབ་ཕྱོགས་ཀྱིས་ས་འཛིན་སྤོ་ནས་ཡལ་ལ་ཉེ། གསེར་མདོག་གི་ཉི་ཟེར་དེ་ཏག་ཏག་སྡོང་རྒན་གྱི་རྩེ་རུ་འཕྲོག་ཡོད་།     སྐབས་དེར་དྲོད་འཇམ་གྱི་བསིལ་རླུང་འཇམ་པོ་ཞིག་དལ་གྱིས་ལྡང་བྱུང།
རླུང་བུ་དེ་གཟུགས་མེད་ཀྱི་ལག་པ་ཞིག་དང་འདྲ་བར།   འབྲུག་གྲགས་ཀྱི་མདུན་དུ་གཞག་པ་པའི་བོད་ཡིག་སློབ་དེབ་ཀྱིས་ཤོག་ལྷེ་རེ་རེ་བཞིན་བསྒྱུར་སོང།     ཏག་ཏག་ཚེ་རིང་དོན་གྲུབ་ལགས་ཀྱིས་《ར་ལོ།》ཞེས་པའི་སྒྲུང་གཏམ་སློབ་ཚན་དེར་སླེབ་སྐབས་ཤོག་ངོས་བསྒྱུར་ཚམ་ཆད་སོང།    འབྲུག་གྲགས་ཀྱིས་དེ་མུར་བོད་ཡིག་སློབ་དེབ་ཕྱོགས་སུ་ལྟས་པ་ན།     ར་ལོ་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་མཐོང་ཞིང་།   ཁོས་ཡིད་མ་ཆེས་པར་མིག་ཟུང་གཉིས་པོ་འཕུར་འཕུར་བྱེད་ནས་ག་ཚོད་ལྟས་ཀྱང་ར་ལོ་ཞེས་པའི་ཡིག་འབྲུ་དེ་གཉིས་ལགས།    ཁོ་པས་ཧ་ཅང་ཡ་མཚན་གྱི་སྒོ་ནས་སློབ་ཚན་དེ་ཀླག་ཅིང་།   ཐེངས་དང་པོ་བཀླགས་ཚར་དུས་ཕལ་ཆེར་ཧ་གསལ་པོ་གོ་མེད་པ་འདྲ།  དེ་ནས་རིམ་བཞིན་ཐེངས་གཉིས་པ་་་་་ཐེངས་གསུམ་པ་་་་་་ཐེངས་བཞི་པ་་་་སོགས་ཐེངས་མང་བཀླགས་ཅིང།   ཐེངས་རེ་རེར་བཀླགས་དུ་རྫ་རི་ཁུགས་སོ་རུ་གནས་པའི་རི་གྲོང་གི་མི་རྣམས་ཀྱིས་སྣང་བརྙན་དེ་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན།  འབྲུག་གྲགས་ཀྱིས་གཞི་ནས་ར་ལོ་ནི་རང་ཉིད་གཅིག་པུར་མ་ཡིན་པ་།   རི་གྲོང་གི་མི་ཚང་མ་ར་ལོ་ཡིན་པར་རྟོགས་ཅིང་གམ་དུ་མུ་ཏིག་གི་ཕྲེང་ཐག་ཆད་པ་ཇི་བཞིན་མིག་ཆུའི་ཆར་པ་ཤང་ཤང་དུ་འབབ་ཡོང་གིན།

 
                             རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease