སྒྱུ་འཕྲུལ་གྱི་རྨ་བྱ།
རྩོམ་པ་པོ། རྫ་ཤུལ་བློ་བཟང་།
རྩོམ་པ་པོ། རྫ་ཤུལ་བློ་བཟང་།

སྒྱུ་འཕྲུལ་གྱི་རྨ་བྱ།
རྫ་ཤུལ་བློ་བཟང་། རྫ་ཆུ་ཁ།
འཁོར་བའི་ཚ་གདུང་གློ་བུར་རྒྱང་དུ་ཡིབ། །
དྲན་པའི་མེ་ཏོག་འཛུམ་ཁ་ངང་གིས་གྲོལ། །
དབྱངས་ཀྱིས་དཀྲིས་པའི་ཤེས་རབ་ལྷ་མོ་ཡི། །
གནག་སྣུམ་དབུ་སྐྲ་ཤིག་ཤིག་ཡིད་ལ་འཁོར། །
ཞེན་ཆགས་ཐལ་བ་སྐྱི་སེར་རླུང་བུས་སྤུར། །
བདག་མེད་ཤེས་རབ་སྐྱེས་པའི་སྣང་ཚུལ་གྱིས། །
མགུར་མའི་ལྷ་ཚོགས་དབུས་ཀྱི་མཁའ་འགྲོ་མའི། །
ཞལ་དཀར་ཟླ་བའི་ལང་ཚོ་མངོན་བཞིན་སྣང་། །
ཉོན་མོངས་འཁྲུགས་པའི་རྩ་ཉོན་སོ་སོར་གྱེས། །
ཞི་བའི་རང་མདངས་དབུ་མའི་རྩ་འཁོར་ལ། །
རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་སྒེག་ལྡན་མའི། །
ལང་ཚོའི་མཛེས་འཛུམ་མཇལ་བའི་སྐལ་བཟང་ཐོབ། །
བག་ཆགས་རྡུལ་གྱི་ཕུང་པོར་མ་སེམས་པའི། །
གསལ་སྟོང་སེམས་ཀྱི་རང་བཞིན་ཤེལ་དཀར་དབུས། །
ཞི་བའི་མདངས་ལྡན་སྒེག་པའི་ཉམས་ཅན་མ། །
ཚེ་རབས་ལས་ཀྱི་ལྷ་མོར་སྙིང་ནས་གུས། །
མིག་དར་ཐོད་དུ་བཅིངས་ནས་བསྒོམ་པའི་ཚེ། །
དམིགས་མེད་བརྩེ་བའི་མངའ་བདག་མཁའ་འགྲོ་མའི། །
བྱིན་རླབས་འོད་ཀྱི་དྲོད་ལ་ཉེར་ཕྱོགས་ནས། །
ཚིག་གི་མཎྜལ་བཤམས་ཏེ་ཡང་ཡང་འཚོལ། །
ལྷ་ལྡན་ཕོ་བྲང་བརྩེགས་གསུམ་ལྷ་ཁང་ནས། །
ལྷ་གཅིག་ཡེ་ཤེས་དབྱངས་ཀྱི་རྒྱལ་མོ་ཡི། །
གསང་གསུམ་ཡོན་ཏན་དྲན་བཞིན་སྙན་ངག་བྲིས། །
ཙིཏྟའི་དབུས་སུ་བཞུགས་མཛོད་བློ་གཏེར་མ། །
ཚིག་གི་རྒྱན་ཆ་གདགས་ཤོག་མཚོ་བྱུང་མ། །
སྙན་པའི་རོལ་དབྱངས་དཀྲོལ་མཛོད་ཚངས་སྲས་མ། །
དངོས་གྲུབ་གྲུ་ཆར་ཕོབས་ཤོག་མཚོ་ལྡན་མ། །
སྙན་པའི་ཚིག་ལ་གྲོལ་བའི་ཉམས་བཏོད་དང་། །
ཅོལ་ཆུང་བདག་གིས་མགུར་མའི་ཕོ་བྲང་བཞེངས། །
དྲན་པའི་གསེབ་ཏུ་བརྐོས་པའི་རི་མོ་ཡིན། །
གུས་པའི་ལྷ་ཕྱག་འཚལ་ན་ཡང་ཁྱེད་དྲན། །
མཇལ་འདོད་རེ་སྨོན་དཀྱིལ་གྱི་རྣལ་འབྱོར་མ། །
སྙན་འཇེབས་འགྱུར་ཁུགས་གྱེར་བའི་གཞོན་ནུ་མ། །
གང་ཁྱེད་དཔག་བསམ་ལྗོན་པའི་ཚུལ་བཞིན་སྣང་། །
རེ་འདོད་ཡོངས་སུ་བཀང་བའི་ཡིད་བཞིན་ནོར། །
རྨོངས་མུན་དྲུང་ནས་འབྱིན་པའི་བཅོམ་ལྡན་མ། །
རྒྱལ་བ་ཀུན་འདུས་དབྱངས་ཀྱི་ཡུམ་ཆེན་མ། །
དབྱངས་ཀྱི་མཆོད་པ་ཕུལ་བས་དགྱེས་མཛོད་ཅིག །
ཆོས་ཉིད་བདེན་པའི་དོན་རྟོགས་སྟོང་ཉིད་མ། །
གསོལ་འདེབས་དབྱངས་ཀྱི་འབོད་པ་ཁྱེད་ལ་འཐེན། །
ཚེ་རབས་ཀུན་ཏུ་གང་གིས་བདག་སྐྱོངས་ཤིག །
༢༠༢༤/༣/༢༥

ཚོགས་དྲུག་ཉམས་མགུར།
འདི་ནས་ཁ་བའི་འདབ་མ་སེམས་སུ་ལྷུང་། །
འདི་ནས་དབྱངས་ཀྱི་སྨིན་དྲུག་མགུལ་དུ་དཔྱངས། །
འདི་ནས་རི་བོ་ཉི་ཟླའི་སྙན་ཚིག་བཀླགས། །
འདི་ནས་རང་ཉིད་རང་གིས་མཚོན་ཐབས་བྲིས། །
འདི་ཉིད་བསམ་གཏན་ཞི་བའི་དབེན་ཁྲོད་ཟེར། །
འདི་ནས་རྒྱང་རིང་ཕྱོགས་པའི་སེམས་པ་བོར། །
འདི་ནས་དགའ་སྡུག་སྐྱེན་པའི་ཡིག་ཚོགས་མང་། །
འདི་སྣང་གཟུགས་བརྙན་ནང་གི་གར་མ་ཡིན། །
འདི་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དྲན། །
འདི་རུ་དབྱངས་ཅན་ལྷ་མོའི་ལང་ཚོ་འཁྲུངས། །
འདི་ལྟར་ཉམས་དགའ་དབེན་པའི་ནགས་ཀློང་དུ། །
ཚོགས་དྲུག་དབྱངས་སུ་གྱེར་བའི་གླུ་བ་མང་། །
འདི་ནས་ལོ་དང་ཟླ་བའི་ཧྲག་བར་ནས། །
སྙན་ཚིག་མེ་ཏོག་དཀར་པོ་འཁྲུངས་ཚུལ་ཡོད། །
མི་ཚེ་དགའ་སྡུག་གཉིས་ཀྱིས་བསྡུས་རབས་ཡོད། །
བདག་གི་གླུ་འདི་འཁོར་བའི་མཛའ་གཞས་ཡིན། །
འདི་ནས་གྱེས་བྲལ་བྱུང་བའི་མི་ཚོགས་དག །
འདི་ནས་ལག་བརྡ་བྱས་པའི་གཟུགས་བརྙན་ཡོད། །
འདི་ན་ཕྱིར་དྲན་སྟོང་གི་བསྡུས་གཟུགས་ཡོད། །
དབྱངས་ཀྱི་དགུ་ཚིགས་སེམས་སུ་འཆར་ཚུལ་ཡོད། །
འདི་ནས་རང་སེམས་དག་ན་རང་གྲོལ་སྐུ། །
རང་བྱུང་ལྷུན་གྱིས་གྲུབ་པའི་སྒྲུང་གཏམ་ཡོད། །
འདི་བཞིན་ཆོས་ཉིད་བདེན་པའི་ཕྱག་རྒྱ་ལས། །
དབྱངས་ཀྱི་མགུར་མ་མགྲིན་རྩེར་དྲངས་སྣང་ཡོད། །
འདི་རུ་ཞོགས་པའི་སྐྱ་རེངས་ཆོས་ཀྱིས་བསུས། །
དམ་ཆོས་འོ་མའི་སྦྲང་ཆར་ཟམ་ཟིམ་འཇོ། །
འདི་ནས་ཕལ་བའི་མི་ཚོགས་ང་འདྲ་བའི། །
བག་ཆགས་ཕྲ་མོར་ཞེན་ནས་ལྷག་ཚུལ་ཡོད། །
འདི་ལ་སྲིད་པའི་གཟུགས་རིས་ཐོགས་པ་ནས། །
འདི་ནས་འཁོར་བའི་བག་ཆགས་སྨིན་ཚུལ་འདུག །
འདི་རུ་འཁྲུལ་སྣང་རབ་རིབ་བྱུང་བ་ནས། །
འཁོར་བའི་ལ་གཞས་ལེན་པའི་ལས་དབང་རྙེད། །
འདི་དག་འཁོར་བའི་མགྲོན་པོ་ཡིན་རབས་ཡོད། །
འདི་ནས་དབྱངས་ཀྱི་སྨིན་དྲུག་འཚོལ་ཚུལ་ཡོད། །
འདུ་འཛི་དབེན་པའི་བསམ་གཏན་ཁང་ཆུང་ནས། །
ཞི་བའི་ཏིང་འཛིན་ངང་ལ་གཞོལ་ཐབས་བྱས། །
འདི་ལྟར་ལྷ་ཚོགས་གཟུགས་སུ་སྤྲུལ་བ་བཞིན། །
འདི་སྐད་སྙན་འཇེབས་ངག་གི་དབྱངས་རྟ་རྡོལ། །
འདི་ནས་རྣམ་ཤེས་ཕྲ་མོས་དབུ་ཁྱུད་བྲིས། །
འཁོར་བའི་གྲོང་ལ་ཕྱི་དྲན་མེད་པར་སྨོན། །
༢༠༢༤/༣/༢༩
རྩོམ་སྒྲིག་པ། འཕགས་མི།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease