
འཐོར་རླུང་ལགས། ང་ཡི་གྲུབ་གཟུགས་དེ་མ་སྣུབས་རོགས། ཞར་བཀོད་ལྔ་ཡོད།
བྱང་འཁྱམ་པོ། མཚོ་སྔོན།
རྟ་མཆོག་གི་འཚེར་སྒྲ་ཡལ་བའི་སྲོད་ཁ་དེར
སྔོ་ལྡུམ་དག་གིས་རང་གི་བེམ་གཟུགས་རྡུལ་ལ་མཆོད
རི་རྩེ་ནས་རིམ་གྱིས་མེད་པའི་ཤི་ཀའི་འོད་ཕུང་དེ
སུ་ཞིག་གི་རྨི་ལམ་དུ་ཡང་ཡང་མངོན་མྱོང་ངམ
འཐོར་རླུང་ལགས བདག་ལ་མཐའ་མེད་ཀྱི་དྲིས་ལན་ཞིག་སྩོལ་རོགས
ཁ་སང་ཟད་ཚར་བའི་མཚམས་སྤྲིན་དེ་དག་གི་མཇུག་སྣེ་གང་ན
སྒྲུང་གཏམ་ལས་འཁྲུངས་པའི་རྫི་བོ་དེའི་
ལུག་ཁྱུའི་རྗེས་ལ་དེད་སོང་བ་ཨེ་ཡིན
འཐོར་རླུང་ལགས བདག་ལ་ཨ་ལན་ཞིག་ཅི་ནས་ཀྱང་སྦྱིན་རོགས
མཚན་མོའི་པགས་པ་བདག་གི་ཉེ་སར་བཅར་དུས
ངས་གློག་སྒྲོན་གྱི་འོག་ནས
མི་ཞིག་གི་གྲུབ་གཟུགས་མུན་པ་དང་འདྲེས་པའི་བརྒྱུད་རིམ་མཐོང་
འོ མེད་བཞིན་པ་ཁོ་བོའི་གྲིབ་མ་ཁོ་ན་མ་རེད
ད་ལྟ ངས་གང་ལའང་ཞེན་ཆགས་སྦྲུམ་མ་མྱོང་
ནགས་ཚལ་དང་སྤང་ཐང་ གཡའ་རི་དང་རྒྱ་མཚོ
མཐའ་ན་རང་གི་རྣམ་ཤེས་སྟོང་སྡེ
འཐོར་རླུང་ཨ སྙིང་ཉེ་བའི་འཐོར་རླུང་
ཉི་ཟླ་མེད་པའི་བསྐལ་བ་དེ་འཇིགས་དྲགས་པས
བདག་གི་གྲིབ་གཟུགས་དེ་མ་སྣུབས་རོགས
ཁེར་རྐྱང
མིག་ཟུང་གི་ཆེ་ཆུང་ཟླ་བས་རྟོགས་ཡོད་དམ
མཚེའུ་དེ་གནས་འདིར་ཆགས་ཏེ་མཚན་མོ་མང་པོ་ཞིག་ཕྱིན་ཡོད་ངེས
ཁེར་རྐྱང་གི་ཕྱི་ལྤགས་མཚན་མོ་ཁོ་ན་ཨེ་ཡིན
རྒྱུས་ལོན
དུས་རབས་ཤིག་གི་དུར་བྱང་སིལ་བུར་འཐོར་རྗེས
ཁྱེད་ཀྱིས་ཡང་བསྐྱར་རྨི་ལམ་རྙིང་པ་དེ་ལ་བསམ་གཞིག་བཏང་ཞིང
རང་ཉིད་ནི་རང་ཉིད་ཡིན་པའི་རྟོགས་པ་ཐོབ
གླེང་བྱ
སུས་ཀྱང་ང་ལ་གཏམ་རྒྱུད་གཉིས་པ་དེ་གླེང་མ་མྱོང
གཏམ་རྒྱུད་དེའི་འདས་མ་ད་གསུམ་ལ
འཇའ་ཚོན་ཐེངས་དུ་ཙམ་ཤར་མྱོང་བའང་ཡེ་ནས་གླེང་མྱོང་མེད
འཁོར་བ།
གཅོང་གཡང་གི་མཐིལ་དུ་
རྟ་ཕོ་ཞིག་ཤི་འདུག
བྱིའུ་ཕྲུག་ཞིག་གིས་
དྲོད་མ་ཡལ་བའི་བེམ་གཟུགས་དེའི་སྟེང་ལ་གཞིས་བཙུགས
——ཉེ་འགྲམ་ནས་མིག་ཟུང་ཇེ་མང་དུ་སོང་
ལོ་དུ་མའི་རྗེས་སུ
དེ་ལས་འཇིག་རྟེན་གསར་པ་ཞིག་འཁྲུངས
དཔའ་བོ་ཞིག་གིས་
གནས་དེར
རང་ལ་བདག་པའི་རྒྱལ་ཁམས་ཤིག་བསྐྱངས
ནད་རྟགས།
ངའི་དྲན་པའི་དབང་བོ
མཚམས་རེར་ནག་རོག་གེར་མཐོང་སྣང་མེད་ལ
མཚམས་རེར་དཀར་ལམ་མེར་དབྱར་དགུན་མེད
དོ་ནུབ སྟོང་འདང་ཐུན་གཅིག་གི་རྗེས་སུ
མིག་ཟུང་གིས་མཚན་མོའི་ཕྱི་ཤུན་བཤུས་ཏེ
འཇིག་རྟེན་གཞན་ཞིག་གི་སྣེ་མོ་མཐོང
གཤོག་ཡ་མེད་པའི་ཁ་ཏྭ་མང་པོ
སྟོང་པའི་རུམ་ནས་ལྡིང་སྐོར་རྒྱག་བཞིན་པ་མཐོང
རྒྱ་མཚོ་ནག་པོ་ཞིག་དང་འདྲ་བའི
སྟོང་པ་དེའི་རུམ་ནས་ལྡིང་སྐོར་རྒྱག་བཞིན་པ་མཐོང
ཟླ་འོད་ཀྱིས་ལྕེ་ལྡག་བརྒྱབ་མྱོང་བའི་སྡོང་ལོ་དག་གིས
མཚན་མོ་འདི་ལ་གཞས་རྙིང་ཞིག་གཏོང་གིན་འདུག
ཧ་ཅང་འཇིགས་སུ་རུང་བའི་གཞས་རྙིང་ཞིག་གཏོང་གིན་འདུག
དྲན་པ་གང་ཞིག་རྡུལ་དུ་གྲུབ་པའི་ཡུན་ལ
མཁར་ཁའི་འབྲོང་རྭ་སྐམ་པོ་དེའང
འགྱུར་ཁུགས་དེའི་གསེང་ན་རེ་ཞིག་འདར་སིག་སིག
ཤོག་ངོས་སུ་ཡང་ཡང་བྲིས་ཅིང
ཡང་ཡང་བསུབ་པའི་ཡིག་འབྲུ་དག་གིས
སུ་ཞིག་གི་གཏམ་རྒྱུད་བརྗོད་ཡོད་པ་ངས་མ་ཤེས
གཏམ་རྒྱུད་དེའི་གཏིང་ན་
སུ་དང་གང་གི་རྨི་ལམ་འཁྲུངས་ཡོད་པའང་ངས་མ་ཤེས
འོན་ཀྱང་ དེ་ཡིས་ང་ལ་ཅི་ཞིག་སྦྱིན་སོང་བ་ཁོ་ཐག་རེད་འདུག
གང་ལྟར དྲན་པ་རྟོག་བཟོ་དང་འདྲེས་རྗེས
འཁྱག་སུབ་སུབ་ཀྱི་ཡིག་འབྲུ་དག་གིས
ངའི་རྨི་ལམ་གྱི་སྒོ་མོ་དེ་སྲུབས་མེད་བརྒྱན
ཕན་ཚུན་འབྲེལ་མེད་ཀྱི་སྡེ་དེ་དག་ཀྱང
ཅི་མི་སྙམ་པར ངའི་དྲན་པའི་ལྡེབས་ངོས་སུ་ཤར་ཡོང་གིན་འདུག
(ཕལ་ཆེར ང་རང་སྙུང་གཞི་གང་ཞིག་གི་རྫབ་ཏུ་ཚུད་སོང་བ་འདྲ
ངས་བརྗོད་བྱ་གང་ཞིག་གི་མཇུག་བྱང་ལ་སླར་ཡང་དབུ་ཁྱུད་འབྲི་དགོས་འདུག)
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by