བུ་མོའི་བླ་དྭགས་འཛིན་པའི་ཌཱ་ཀི་མ་ཅིག་ལབ་ཀྱི་སྒྲོན་མ།

    རྩོམ་པ་པོ། ཚུལ་མཁས།


བུ་མོའི་བླ་དྭགས་འཛིན་པའི་ཌཱ་ཀི་མ་ཅིག་ལབ་ཀྱི་སྒྲོན་མ།


                         ཚུལ་མཁས།  མགོ་ལོག
རིག་སྟོང་སྒྱུ་མའི་འོད་གསལ་བརྙེས་པ་ཡི།།
ཆོས་ཉིད་དབྱིངས་ལ་ཐུགས་རྗེའི་རྩལ་གྱིས་རྩེན།།
སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་མཛད་པའི།།
ངེས་དོན་ཌཱ་ཀིའི་ཚོགས་རྣམས་ཕྱག་གིས་བསྙེན།།
 
བདེ་སྟོང་ལྷན་ཅིག་སྦྱོར་བའི་སྒྱུ་འཕྲུལ་ཆེ།།
རུས་རྒྱན་མེ་ཏོག་འཕྱངས་འཕྲུལ་མཛེས་པ་ཡི།།
ཁྲག་འཐུང་དཔའ་བོའི་གསང་བའི་མཛའ་མོ་ཞེས།།
ཁྱད་མཚར་གྲགས་པའི་རོལ་མོ་རྣ་བར་སྙན།།
 
རྡོ་རྗེའི་ཆགས་པའི་སྤྱན་ཟུང་ཨུཏྤལ་མདས།།
ཁྲོ་ཆེན་འབུམ་གྱི་ཙིཏྟ་འབིགས་པའི་གཉེན།།
སྒྱུ་མའི་ན་ཆུང་བརྟུལ་ཞུགས་ཉེར་འཛིན་པའི།།
ཞིང་སྔགས་ལྷན་སྐྱེས་ཌཱ་ཀིའི་ཕོ་ཉ་སྔགས།།
 
ལ་ལས་ཌཱ་ཀི་འཇིགས་པའི་ཡུལ་ལ་ལྟ།།
ལ་ལས་ཌཱ་ཀི་སྨོན་པའི་གནས་སུ་བསྐྱེད།།
མིང་གཅིག་སྐབས་ཀྱི་གོ་དོན་ཐ་དད་ཀྱང་།།
སེནྡ་པ་ཡི་སྒྲ་ཡི་རྗེས་སུ་བསྙེགས།།
 
ཐབས་ཤེས་ཡིག་འབྲུ་ཕ་དང་ཊ་ཡིག་གིས།།
བདག་འཛིན་རྟོག་འགྱུ་ཐད་ཀར་གཅོད་པའི་གཉེན།།
ཞི་མཛད་གཅོད་ཀྱི་ཤིང་རྟ་མ་ཅིག་རྗེ།།
མཁའ་འགྲོ་ལབ་ཀྱི་སྒྲོན་མའི་གཏམ་རྒྱུད་སྙན།།
 
ལ་ལར་བྱང་སེམས་ལ་ལར་རྒྱལ་བའི་སྲས།།
ལ་ལར་མཁས་དང་ལ་ལར་གྲུབ་པའི་ཚུལ།།
གང་འདོད་འགྲོ་བློའི་རེ་བ་སྐོང་བའི་བཤེས།།
རྣམ་ཐར་འོ་མའི་མཚོ་ཆེན་ལན་སྟོང་འཁྱིལ།།
 
སྐྱེས་རབས་མུ་ཏིག་གཡུ་ཆུང་སྔ་མའི་སྟེང་།།
ཕྱི་མ་ཕྱི་མ་བསྟར་བའི་ངོ་མཚར་བསྐྱངས།།
སྐྱེ་འགྲོའི་རྨོངས་མུན་སེལ་བའི་ཌཱ་ཀི་ཁྱོད།།
དད་གསུམ་ངང་མོའི་ཁྱུ་ཚོགས་རྗེས་སུ་འབྲང་།།
 
གཡུ་མདོག་འདབ་མའི་དྲྭ་བ་འཛིངས་པ་ཡི།།
ཨ་བྷྱ་ལཀྵྨཱི་ཀ་རའི་བྱིན་རླབས་ཀྱི།།
གཟི་འོད་ལམ་ལམ་འཕྲོ་བའི་གསེར་ལྗོངས་སུ།།
དབྱངས་ཅན་འཛུམ་པའི་པད་དཀར་སྨྱུག་རྩེར་བླངས།།
༢༠༢༥.༦.༡༥


སྙན་ངག་ལ་བསྟིམ་པའི་ཚོགས་དྲུག་གི་འགྱུ་བ།
 
སྙན་ཚིག་དུངས་བ་སྦྲུམ་པའི་གཞོན་ནུ་བྲི།།
སུམ་རྩེན་ལྷ་མོར་དགྱེས་པའི་བརྩེ་སེམས་བྲི།།
འོ་འཛིན་མཆུ་སྒྲོས་སྐོམ་པའི་འཛུམ་ཆུང་བྲི།།
མཚོ་བྱུང་བུ་མོར་བསླུ་བའི་གཏན་ཚིགས་བྲི།།
 
མིན་ན་མི་ཡུལ་བསྐྱོམ་པའི་མཛའ་བརྩེ་བྲི།།
འདོད་ཆགས་གདུང་བ་འབར་བའི་མེ་ལྕེ་བྲི།།
ཞེ་སྡང་རྒྱ་མཚོ་སྐྱོམ་པའི་རྦ་རླབས་བྲི།།
གཏི་མུག་ནས་ཆང་ཁམ་པའི་བཟི་ཁ་བྲི།།
 
ཡང་ན་ནང་སེམས་ཕྱི་ནང་བསྔོགས་ནས་བྲི།།
སྦས་དོན་བུ་མོ་གོས་ཀྱིས་མི་གཡོགས་ཏེ།།
འདས་མ་ད་གསུམ་ངོ་བོ་ཅི་བཞིན་བྲི།།
འཁོར་འདས་བར་གྱི་རྟོག་འགྱུ་ཡོད་ཚད་བྲི།།
 
མིན་ན་དགའ་བའི་འཛུམ་གྱི་སོ་ཕྲེང་བྲི།།
བརྩེ་བའི་དབུ་མནའ་བཞག་པའི་ལོ་རྒྱུས་བྲི།།
ན་ཆུང་རྩེད་འཇོ་རོལ་བའི་གཏམ་རྒྱུད་བྲི།།
ཕན་ཚུན་བརྩེ་སེམས་ཟུག་པའི་རི་མོ་བྲི།།
 
ཡང་ན་སྐྱོ་བའི་མིག་མཐའི་མཆི་མ་བྲི།།
གཟུགས་མེད་རྨ་ཁ་ཕྱེས་པའི་འདས་དོན་བྲི།།
བརྩེ་བའི་བུ་ལོན་ཆད་པའི་སྡུག་ཡུས་བྲི།།
རང་གཞན་མཚང་ལ་རྒོལ་སའི་ཕྱི་མོ་བྲི།།
 
མིན་ན་ཕོ་གཞོན་རྒྱལ་ཁམས་ཉུལ་ཚུལ་བྲི།།
ཡང་ན་མོ་གཞོན་གནས་ཡུལ་སྙེག་ལུགས་བྲི།།
མིན་ན་ཕ་ཡུལ་རྩྭ་ཐང་ཡངས་པོ་བྲི།།
ཕ་ཁྱིམ་སྦྲ་ནག་སྨུག་པོ་ཆགས་ཚུལ་བྲི།།
 
ཡང་ན་རྒས་པའི་གདོང་གི་གཉེར་མ་བྲི།།
ན་ཚོད་སད་ཀྱིས་བཅོམ་པའི་ཆོས་ཉིད་བྲི།།
མི་འདོད་ལང་འཚོ་རྒུད་པའི་རྣམ་བཞག་བྲི།།
སྐྲ་དཀར་དུང་སོ་འཐོར་བའི་སང་ཉིན་བྲི།།
 
མིན་ན་འབྱུང་བཞི་འཁྲུག་པའི་ན་ཟུག་འབྲི།།
གསོ་བྱེད་ལྷ་རྗེས་མཐའ་ནས་སྐོར་ཚུལ་བྲི།།
ལུས་སེམས་ནད་ཀྱིས་གཟིར་བའི་ཚོར་འདུ་བྲི།།
མལ་སར་གཅིག་པུར་ལྷུང་བའི་སྐྱོ་ཤས་བྲི།།
 
ཡང་ན་འཆི་བའི་ངང་ཚུལ་ཅི་བཞིན་བྲི།།
བྱ་རྒོད་རུབ་ཁ་འཐེན་སའི་དུར་ཁྲོད་བྲི།།
གཅེས་འཛིན་ཤ་ཁྲག་ཕུང་པོ་ཟ་ཚུལ་བྲི།།
བརྩེ་བའི་གཉེན་བཤེས་བྲལ་བའི་ཁེར་རྐྱང་བྲི།།
 
མིན་ན་འཇིག་རྟེན་འཁོར་བའི་ཆགས་ཚུལ་བྲི།།
དགོང་གི་ཉི་ཟླའི་འཆར་ནུབ་སོ་སོར་བྲི།།
གཟའ་དང་སྐར་མའི་བྱུང་བ་སྣ་ཚོགས་བྲི།།
རྟེན་འབྱུང་སྒྱུ་མ་མཁན་གྱི་གསང་ཚིག་བྲི།།
 
ཡང་ན་ནང་སེམས་ཕྲ་མོའི་སྣང་བ་བྲི།།
ལྷན་སྐྱེས་བལ་དཀར་ཁ་ཆུའི་གཤིས་ཀ་བྲི།།
ཀུན་བཏགས་སྒྱུ་མ་མཁན་གྱི་གཡོ་སྒྱུ་བྲི།།
སྣང་བ་རི་ལ་ཡན་པའི་ང་རྒྱལ་བྲི།།
 
མིན་ན་ནས་ཆང་ཁམ་པའི་བཟི་ཁ་བྲི།།
ཡང་ན་ན་ཆུང་བུ་མོའི་ཆགས་ཉམས་བྲི།།
ཤ་རུས་ཁྲག་ལ་ཐིམ་པའི་ཚོར་བ་བྲི།།
བརྩེ་བའི་མཆི་མ་གཏོར་བའི་སྒྲུང་གཏམ་བྲི།།
 
ཡང་ན་རྣམ་གྲོལ་ལམ་གྱི་མངོན་རྟོགས་བྲི།།
རྒྱུན་མཐའི་ཀུན་ཉོན་བཅོམ་པའི་བྲལ་འབྲས་བྲི།།
དམྱལ་ཁམས་དོང་ནས་དཀྲུགས་པའི་མྱང་འདས་བྲི།།
སྣང་སྲིད་ལྷ་སྔགས་འདྲེས་པའི་ཉམས་རྟོགས་བྲི།།
 
མིན་ན་རྒྱ་བོད་མཁས་པའི་གཞུང་ཆེན་བྲི།།
སྙན་ཚིག་མཚོ་བྱུང་ངང་བའི་བུ་མོ་བྲི།།
ཌཱ་ཀི་འབུམ་གྱི་གསང་བ་ཟབ་མོ་བྲི།།
ཆོས་ཉིད་ཀུན་ཏུ་བཟང་མོའི་གོ་འཕང་བྲི།།
 
ཡང་ན་སྤྲོས་མཐའ་ཞི་བའི་ངང་ཚུལ་བྲི།།
ཀ་དག་གདོད་མའི་ཆོས་སྐུའི་རང་ཞལ་བྲི།།
དཔལ་ལྡན་བླ་མའི་དགོངས་ཀློང་ཟབ་མོ་བྲི།།
དབྱེར་མེད་རོ་གཅིག་འགྱུར་བའི་དགའ་ཚོར་བྲི།།
                      ༢༠༢༥.༦.༡༧ 

                                  རྩོམ་སྒྲིག་པ། འཕགས་མི།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease