སྲིད་པའི་གླུ་ངག། ཞར་བཀོད་གསུམ།

    རྩོམ་པ་པོ། ཁམས་ཟླ་སྲས།


སྲིད་པའི་གླུ་ངག། 
ཞར་བཀོད་གསུམ།
               རྩོམ་པ་པོ། ཁམས་ཟླ་སྲས། དཔལ་ཡུལ།

འདི་ཡི་གཟུགས་བཟང་སྨིན་ལེགས་ཀྱི།  །
དགྱེས་འཛུམ་ཟླ་བའི་འོད་དཀར་ཅན།  །
བརྩེ་བའི་ཟུར་མིག་འཕངས་པ་དེས།  །
ཡིད་ལ་དབང་མེད་བྱས་ཏེ་སོང་།  །
 
མཐོང་བའི་ཉམས་སྒེག་རི་དྭགས་མིག  །
རིག་བྱེད་གསེབ་ནས་ཅི་དགར་དུ།  །
བཞུགས་པའི་དྲན་རྟེན་གཟུགས་ཀྱི་རིས།  །
དཀར་པོ་ཤོག་གི་གླེགས་དུ་ཕབ།  །
 
གནམ་མཐའ་སྒོ་མེད་ཐང་སྐྱ་ནས།  །
སྤྲིན་དཀར་བོངས་ཚོད་འཛུམ་པའི་དུས།  །
སྙིང་རུས་བརྡར་བའི་གཞུང་པ་ནས།  །
ངག་གི་སྦྲང་ཆར་ཟིམ་ཟིམ་འབབ།  །
 
དེ་ལྟ་ན་ཡང་སྙིང་སྡུག་གི།  །
འཕྱོར་སྒེག་གཟུགས་བཟང་དྲན་ཐེངས་རེར།  །
ཤོད་ཐབས་མེད་ཀྱང་དུངས་བའི་གཏམ།  །
སྙན་པའི་ངག་གིས་བརྗོད་ལ་བྲེལ།  །
 
ཡུལ་ནི་ལེ་དབར་བརྒྱ་སྟོང་གིས།  །
ཆོད་ཀྱང་སེམས་འདི་སྐད་ཅིག་ཙམ།  །
འབྲལ་མེད་ཁྱོད་སར་གནས་ཏེ་ཡོད།  །
བརྩེ་བའི་བདག་མོས་གསན་མཛོད་དང་།  །
 
བརྩེ་བ་གངས་ཀྱི་ལྷུན་པོ་སྟེ།  །
འགྱུར་མེད་རིང་དུ་གནས་གྱུར་པས།  །
ཁྱོད་དང་འུ་གུ་གཉིས་པོ་ཡང་།  །
ཨ་འགྲིག་ཆ་འགྲིག་ཡང་འགྲིག་གོ།  །
 
ངག་གི་གླུ་ཆུང་དྲུག་དཀར་གྱིས།  །
སྨེང་བའི་སེམས་འདི་གསོ་བྱས་ཀྱང་།  །
ཁྱོད་རང་དྲན་པའི་ལོ་ཟླའི་ནང་།  །
ང་རང་ཤིན་ཏུ་ཉམ་ཆུང་ཞིག  །
 
ལས་ཀྱིས་གནང་བའི་སྐྱ་ཡ་ལགས།  །
སེམས་པ་མཐུན་པའི་སྙིང་སྡུག་ལགས།  །
གནམ་ས་འདི་ཡི་བར་གླེགས་ནས།  །
ཁྱོད་རང་ཁོ་ནའི་བདག་པོ་བྱེད།  །


དཔྱིད་ཀྱི་དུས་སུ། 

ཟ་ཟའི་སྣང་བ་སྒྱུ་མའི་སྤང་ལ་ཤོར་སོང་།  །
ངག་རིག་དྲིལ་ཆུང་བརྩེ་བའི་དབྱངས་ལ་བཏག་ཡོད།  །
རེས་གསལ་འཇའ་ཚོན་ཡིད་ཀྱི་འཁྲིས་སུ་བཞད་པས།  །
ཆར་ཟིམ་མེ་ཏོག་སླར་ཡང་མིག་ལ་མཛེས་སོང་།  །
 
མི་མེད་ཡངས་པའི་དོ་རར་གཏན་དུ་འཚོ་བའི།  །
མ་བཅོས་བརྩེ་བའི་གར་མཁན་སྙིང་སྡུག་ན་ཆུང་།  །
དཔྱིད་དཔལ་ལང་ཚོར་སེམས་ཀྱིས་སྨོན་པ་བྱེད་དུས།  །
རྒྱང་རིང་ཁྲུང་ཁྲུང་ཁྱོད་རང་ས་འདིར་ཕེབས་ཤིག  །
 
ས་ཞིང་མེ་ཏོག་འདེབས་པའི་ན་ཆུང་དགའ་མས།  །
སྲིད་པའི་མཛེས་སྡུག་ཁུར་ཏེ་རྒྱང་ལ་ཕྱོགས་དུས།  །
ཕར་བལྟས་རི་སྐེད་དབུས་ཀྱི་བདག་གི་རྣམ་ཤེས།  །
དབང་མེད་ཆགས་པའི་སྲེད་ཀྱིས་གང་དུ་སྡོམ་འགྲོ།  །
 
ཆར་བ་ཟིམ་ཟིམ་ཅི་མཛེས་མཁའ་ནས་འཐོར་དུས།  །
ཁྲ་ཆུང་མིག་ལ་དཔྱིད་ཀྱི་མཛེས་སྡུག་ཕུབ་དུས།  །
མ་བཅོས་ལང་ཚོའི་གཟུགས་བཟང་བདག་ལ་གནང་བའི།  །
རྒྱལ་ཡུམ་ངག་གི་ལྷ་མོ་དལ་ཅིག་འབོད་དོ།  །
 
སྐྲ་ལོ་ཕྱེད་ཀར་དཀར་པོའི་ཆ་བྱད་བསྣམས་པའི།  །
ང་ཡི་མེས་པོ་ཁོང་གི་དུར་སའི་དབུས་ལ།  །
མཛེས་མཛེས་མེ་ཏོག་སེར་ཆེན་ཁྲ་ཆིལ་བཞད་པར།  །
རིང་ནས་སེམས་འདི་ཤོར་བས་རང་དབང་མ་བྱིན།  །


མཛའ་མཐུན་ལས་ཀྱི་སྐྱ་ཡ། 

འདི་ནས་ལེ་དབར་བརྒྱ་ཕྲག་ཕ་རོལ་ན།  །
ཡིད་མཐུན་ཁྲེལ་གཞུང་དམ་ཚིག་དང་ལྡན་པའི།  །
མཛེས་སྡུག་མེ་ཏོག་འཐུ་བའི་གཞོན་ནུ་སྟེ།  །
གང་ཉིད་འཁོར་བའི་གྲོང་གི་ནོམ་པ་ཡིན།  །
 
རྨ་འགྲམ་གཙང་བོའི་ཁུག་ན་དགྱེས་འཛུམ་ངང་།  །
ལོ་ཟླའི་རྨི་ལམ་རྫོགས་པའི་ན་ཆུང་ཟུང་།  །
ཕན་ཚུན་དགའ་བདེའི་གཞིས་ཀ་སྐྱོང་བ་དེ།  །
ཉི་ཟླའི་གུར་ཁང་འོག་ནས་ཅི་འདྲའི་མཛེས།  །
 
རྟོག་བཏགས་སྒྱུ་མའི་ཚོན་གྱིས་མ་བསླས་ཤིང་།  །
བཟོ་བཅོས་འུད་ཀྱི་བརྗོད་པས་མ་བྲིས་པའི།  །
གཞོན་སྐྱེས་ན་ཆུང་ཟླ་བའི་འཛུམ་ཀོར་ལས།  །
ཞེ་འདང་དམ་ཚིག་གཙང་བའི་ཁྱོ་ཤུག་གམ།  །
 
བན་བུན་སྣང་བ་འཁྲུལ་བའི་ཁ་སྒོ་ནས།  །
མཐོང་མ་མཐོང་གི་འཇོ་སྒེག་ལང་ཚོ་ཡིས།  །
ཀུན་ཡིད་འཕྲོག་པའི་མཛངས་མ་མཁའ་འགྲོ་དང་།  །
རྒྱ་སྟག་དཔའ་ངར་ཅན་གྱི་ཕོ་རྒོད་གཉིས།  །
 
རིག་བྱེད་བཟི་ཁས་ཕབ་པའི་ངག་རིག་ཆང་།  །
འཐུང་པའི་དྲན་ཤེས་ཡན་པའི་ཕལ་བ་ཞིག  །
སྐྱིད་སྡུག་སྲིད་པའི་འཇའ་སྣེ་ཡང་འཇུས་ཏེ།  །
མགྲིན་དབྱངས་སྙན་ཚིག་ལེགས་པའི་སྐྱེས་སུ་སྤྲིང་།  །
 
གསང་ཚིག་ནོར་བུའི་དོ་ཤལ་དཔྱང་པའི་འོག  །
མཛའ་མཐུན་དུང་བའི་ཅོང་བརྡ་སྒྲོགས་པའི་དབུས།  །
རྟོག་པའི་ངང་མོ་རྩེན་པའི་ཕ་མཐའ་ན།  །
སྡེབ་ལེགས་ཚིག་གི་འདབ་མས་དགྱེས་སུ་རོལ།  །
      
སྐར་ཆེན་སྐར་ཆུང་འཛུམ་པའི་ཕྲ་ཚོམ་ལས།  །
འཛུམ་དཀར་ཟླ་བའི་འོད་ཟེར་མ་ཡལ་ཞིང་།  །
མུན་པའི་སྣང་བ་ཟ་ཟའི་སྤང་གདན་དུ།  །
བརྩེ་བའི་མེ་ཏོག་འཐུ་བར་ཆས་འདོད་ཀྱང་།  །
 
ཕར་སྐེད་ཤིང་ལོ་སྔོན་པོའི་གྲིབ་བསིལ་འོག  །
ཚོར་བའི་ཤེམ་ཤ་བྱིན་པའི་བུང་བ་ཞིག  །
ཉི་མའི་འོད་ལ་འདེད་དེ་འཚོ་གནས་སུ།  །
ནམ་དུ་བྲེལ་བ་དེ་བཞིན་ན་ཆུང་ཟུང་།  །
 
ལྷ་རྫིང་རླབས་ཀྱི་འགྲོས་སུ་སྐྱོམ་པ་ཡི།  །
ཁྲུང་ཁྲུང་མཚོ་མཐར་བབ་པའི་ངང་ཚུལ་ལས།  །
སྨྲ་བསམ་བརྗོད་ལས་འདས་པའི་སྣང་ཚོར་ཞིག  །
ཐོལ་གྱིས་བས་པས་ཁྱོད་ཀྱང་དྲན་སློང་བྱས།  །
 
ཕྲ་ལྡེམ་མེ་ཏོག་ཤམ་ཤམ་གཡོ་བའི་སར།  །
ཟླུམ་ཆགས་པདྨའི་སྒོར་ཁྱིམ་ཚལ་ཡངས་སུ།  །
ཡོངས་ཀྱིས་ཕྱེ་བའི་སྨན་ཆུང་མཛངས་མ་དེ།  །
སྲོད་ལ་ཤར་བའི་ཉི་མའི་ཟེར་ལས་མཐོང་།  །
 
ཚོང་འདུས་སྣང་བ་མོད་པའི་བས་མཐའ་ན།  །
དེ་ཡི་ཟུར་མིག་སྒེག་པའི་ཕྱེ་ལེབ་ཅིག  །
ལམ་ལམ་འཕུར་བའི་ཁྲ་ཆུང་མིག་ཀོང་དུ།  །
དགའ་བདེའི་ཚོར་བ་དྲག་ཏུ་སྐྱོམ་པ་དེ།  །

སྒེག་ལྡན་ན་ཆུང་བུ་མོ། 

ལང་ཚོའི་འཛུམ་དཀར་ཡག་པ།  །
རྒྱ་ལྕང་སྐྲ་ལོ་འཇམ་པ།  །
ལྡེམ་མྱུར་གར་སྟབས་མཛེས་པ།  །
གཟུགས་རིས་ལྟ་ན་སྡུག་པ།  །
 
རྒྱན་ཆའི་གའུ་ཡག་པ།  །
གོས་ཀྱི་རི་མོ་ཡག་པ།  །
སྲོལ་རྒྱུན་ཆ་ལུགས་མཛེས་པ།  །
བུ་མོའི་གཤིས་ཀ་ཡིན་འགྲོ།  །
 
ལྷ་ཡི་རྨུ་ཐག་རིང་མོ།  །
ཁྱེད་ཀྱི་འདང་ལ་བབ་པས།  །
ཁྲེལ་གཞུང་བརྩེ་བའི་གཞུང་ལ།  །
འགྱུར་མེད་མནའ་ཚིག་སྦྲེལ་རོགས།  །
 
ང་ཡི་གཞིས་ཁྱིམ་དྲོན་མོ།  །
གསེར་གྱི་གཟི་མདངས་ཕིབ་འདི།  །
ལྷ་ཡི་ལྕམ་སྲིང་ཁྱེད་རང་།  །
བཞུགས་པའི་བསྐལ་བས་ཡིན་སོང་།  ། 
 
སྨན་ཆུང་མཛངས་མའི་ཞལ་རས།  །
སྟག་ཤར་གཞོན་པ་ང་ཚོའི།  །
འདང་ཆེན་གསེར་དངུལ་འདྲ་བས།  །
འདི་བས་འགངས་ཆེན་མི་འདུག  །
 
གངས་རིའི་དབུ་རྩེར་བཞད་པའི།  །
ཉི་ཟླའི་གསེར་ཞལ་ལེགས་པོ།  །
ང་ཡི་སྙིང་ལ་འཁྲུངས་བའི།  །
བུ་མོའི་འཛུམ་མདངས་ཡིན་ན།  །
 
ང་ཡི་གཏན་གྲོགས་བུ་མོ།  །
ང་ཡི་འདང་ཆེན་མི་མོ།  །
དུང་སེམས་འགྱུར་བ་མེད་པས།  །
སྲིད་འདིར་རིན་ཆེན་གསེར་ཡིན།  །
 
ཁྱོད་ནི་གངས་ལྷ་མེ་ཏོག  །
ཁྱོད་ནི་སེམས་རྒྱ་ཆེ་བ།  །
གནམ་འཕང་སྔོན་མོའི་དཀྱིལ་དུ།  ། 
གཞན་གྱིས་དོ་ཟླ་མི་ཡོང་།  ། 

                                 རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease