
རྫོགས་ལྡན་ཚིག་གི་མཆོད་པ་སོ་གཉིས་མ།
རྩོམ་པ་པོ། སྲོད།
༡
བདག་ནི་ཅི་ཡིན་སོ་སོའི་སེམས་ཀྱིས་ཚོར་ཡང་། །
ཚེ་རབས་འདི་ལ་དམ་པ་ཁྱེད་དང་མཇལ་བ། །
བསོད་ནམས་མེ་སྟག་ཙམ་གྱིས་ཐེག་པར་དཀའ་ཡང་། །
དེང་ཡང་ཆོས་སྐལ་འདི་ཡི་གདན་གྲལ་འཁོད་སོང་། །
༢
རིས་མེད་ཐུབ་བསྟན་སྲོག་གི་གཅེས་སུ་སྨིན་པའི། །
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་མན་ངག་བང་མཛོད། །
མཁྱེན་ཀོང་ཉི་ཟླ་ཟུང་གིས་རྒྱན་དུ་བསྩལ་ན། །
མི་ཕྱེད་སྙིམ་པའི་མེ་ཏོག་དེང་ཡང་མཆོད་དོ། །
༣
དོན་དམ་གདམས་ངག་འདི་འདྲ་སྲིད་ཞིའི་ཁྱོན་ན། །
གསུང་སྒོམ་སྤྱོད་པའི་རྣམ་ཐར་འཁྲུངས་ན་དགའ་ལ། །
བརྩེ་ཆེན་ཐུགས་རྗེས་བསྐྱངས་པ་ཡུན་ནི་རིང་བས། །
བླ་མ་ཁྱེད་ཀྱིས་གསུང་ན་དེ་ལས་སྐྱིད་དོ། །
༤
རྙོག་མེད་ཆབ་ལས་གཙང་བའི་གླེང་བརྗོད་དེ་དང་། །
མན་ངག་གནད་ལ་དྲིལ་བའི་ཁྲིད་ཐབས་སོགས་ཀྱིས། །
ཕ་འབབ་ཡིད་བཞིན་ནོར་གྱི་མཛོད་སྒོ་ཕྱེས་ན། །
སྐལ་ལྡན་ཡིད་རབ་འཕྲོག་པར་ཐེ་ཚོམ་ཅི་ཡོད། །
༥
ཆོས་ཀྱི་ཐོག་མ་བཀའ་གདམས་གསར་རྙིང་ཟུང་གི །
ལམ་རིམ་གོང་འོག་ཐིག་ལེ་བཅུ་དྲུག་རྗེས་གནང་། །
དབུ་ལ་སེར་ཞྭ་ལྷམ་མེར་མཉེས་པས་བསྩལ་བར། །
འོ་སྐོལ་རྣ་བའི་བཅུད་དུ་འདི་ལས་ཅི་དགོས། །
༦
འཁོར་བའི་དཔེ་ནི་མང་ཡང་ཟོ་ཆུན་འཁོར་ལོ། །
ངེས་འབྱུང་གཤིས་ལ་མཛའ་བའི་སྒོམ་གྱི་ཐོག་མ། །
མི་རྟག་རྗེན་པར་སྟོན་པའི་གནད་ཀྱི་མདའ་མོ། །
ཆོས་ཀྱི་སྲོག་ཏུ་གསུང་ན་ཡང་སྙིང་ཆེ་བ། །
༧
ལན་རེར་སྤྱན་ཆབ་བསིལ་བའི་ངང་ཚུལ་མཇལ་ན། །
བདག་ནི་ཅི་ཞིག་སེམས་ཀྱི་གཏིང་ནས་སྦྲིད་འགྲོ། །
ཁྱེད་ཀྱིས་གསུང་ན་ཚིག་འདིའི་སྙན་པའི་རོ་ཡིས། །
གང་བྱུང་ཤོར་བར་གསུངས་པས་ལྷག་ཏུ་དད་ཡོང་། །
༨
ཤིང་རྟ་གཉིས་པ་དཔལ་ལྡན་ལམ་དང་འབྲས་བུར། །
ཀྱེ་རྡོར་དབང་གིས་དཀྱིལ་འཁོར་དོན་ངོ་སྤྲད་དེ། །
སྣང་གསུམ་རྒྱུད་གསུམ་ཚད་མ་བཞི་ལྡན་གསེར་ཆོས། །
ཁྱེད་ལས་ཡང་ཡང་ཐོབ་ཀྱང་ཐོབ་འདོད་ཆེ་བ། །
༩
སྒམ་པོའི་ཚུགས་ཀྱིས་བསླུས་པ་གྲངས་ནི་མི་ཉུང་། །
སྙིང་རྗེའི་སྤྱན་ཟུང་ཞི་བའི་མདངས་ལ་རྒྱུས་ཀྱང་། །
སྒྲོས་གཙང་འགྱུར་ལ་དྲངས་པའི་ལྗགས་ལུང་སྙན་མོས། །
རྨོངས་རྟུལ་གཉིད་ཀྱི་མུན་པ་སངས་པ་གདའ་འོ། །
༡༠
མཚམས་རེར་དགྱེས་འཛུམ་ཞལ་གྱི་དཀྱིལ་འཁོར་མཇལ་དུས། །
ས་མཐའི་རྨི་ལམ་ཡུལ་དང་ཨ་མར་འཁོར་བའི། །
འོ་སྐོལ་དྭ་ཕྲུག་འགའ་ཡི་དོན་དུ་ཕེབས་འདྲའི། །
སྐྱིད་སྡུག་གཉི་གའི་མགོན་དེ་ཁྱེད་ལས་མི་འདུག །
༡༡
ཤིང་རྟ་གསུམ་པ་མར་ཆེན་བཀའ་བརྒྱུད་ལུགས་ལ། །
བདེ་མཆོག་མཁའ་སྤྱོད་དབང་གི་སྨིན་བྱེད་ཟབ་མོ། །
ཕྱག་རྒྱ་ཆེ་དང་ནཱ་རོ་ཆོས་དྲུག་ཁྲིད་རིམ། །
ལེགས་པར་མནོས་པའི་ཚུལ་ཡང་འདི་ལྷག་ཅི་ཡོད། །
༡༢
ཚལ་པའི་གདམས་ལས་སྐྱེ་མེད་ཞང་གི་མཚན་ཅན། །
ཕྱག་ཆེེན་ལམ་མཆོག་མཐར་ཐུག་ཚིགས་བཅད་མ་དེར། །
ཡང་ཡང་ཐུགས་མཉེས་བྱུང་སྟེ་གསུང་ལས་འབྱོན་པར། །
ནོག་མེད་སྣུམ་སྨྱུག་དམར་པོས་ཞབས་མཆན་བཏགས་ཡོད། །
༡༣
བླ་མ་ང་ལྷག་མཇལ་བ་ད་རེས་ཙམ་མིན། །
དད་པ་ང་ལས་ཆེ་བའང་ད་རེས་ཙམ་མིན། །
ཡིན་ཡང་ཁྲིད་ཚུལ་འདི་འདྲ་ཚེ་འདིར་དཀོན་པས། །
དུས་ཚོད་ཆུད་ཟོས་མ་གཏོང་ཁྱེད་ཀྱི་གདམས་ངག །
༡༤
བླ་མ་ཁྱེད་ལྷག་མི་འདུག་སྐྱབས་ཀྱི་དམ་པ། །
དད་པ་ཁྱེད་ལྷག་མེད་དོ་ཡིད་ཆེས་བདག་པོ། །
དམ་ཆོས་པདྨ་དཀར་པོ་བཞད་ཚུལ་ཡག་པས། །
དྲི་བསུང་བྱིན་རླབས་འདི་ལ་འདུན་མ་བཅོལ་ཡོད། །
༡༥
ཚུར་མཐོང་བློ་ལ་ཅི་ཡང་མི་འབབ་འདྲ་ཡང་། །
ཕལ་བའི་སྤྱོད་ཚུལ་ཁྲོད་ཀྱི་བྱོན་བཞུགས་ཅི་བགྱིས། །
མ་བཅོས་ཞི་དུལ་བག་བྲོའི་ཉམས་ཀྱིས་བཀུག་ན། །
སྐྱེ་བོ་སུ་ཡང་མི་གུས་རང་དབང་ཅི་ཡོད། །
༡༦
རང་བདེའི་རྩ་བ་གཞན་ཕན་ལས་ཀྱིས་གསལ་ན། །
ཇི་ལྟར་གང་བྱུང་འགྲོ་ཀུན་བདེ་བར་སྨོན་པའི། །
གསེར་དངུལ་རིན་གྱིས་མི་དོ་བྱང་ཆུབ་སེམས་མཆོག །
ཉིན་རེའི་ཟས་བཞིན་མི་བརྗེད་དྲན་པར་མཛོད་ཅིག །
༡༧
རྒྱལ་ཁམས་ཕྱོགས་མེད་ཉུལ་ཡང་ལྗོངས་དང་ཁང་བརྩེགས། །
མིག་གི་ལོངས་སྤྱོད་ཙམ་ལས་ཐོབ་དུས་ཅི་ཡོད། །
བརྗོད་བྲལ་བློ་འདས་ཆོས་སྐུ་རྒྱལ་སར་གཤེགས་པའི། །
གདམས་ངག་འདི་འདྲ་ལྟོས་དང་ལྟད་མོ་ཆེ་གསུངས། །
༡༨
མཁའ་འགྲོ་ནི་གུའི་ཆོས་ཀྱི་ཞལ་རླངས་ཐུལ་ལེ། །
གསེར་སྲང་ལྔ་བརྒྱས་མཇལ་བའི་བསྟན་པའི་སྲོལ་ལ། །
གྲུབ་ཐོབ་ཁྱུང་ཆེན་རྣལ་འབྱོར་མགོན་དུ་ཕེབས་ཚུལ། །
ཤངས་པ་བཀའ་བརྒྱུད་མཚན་འདི་རྣ་བར་ལྷུང་སོང་། །
༡༩
ན་རོ་ནི་གུ་ལྕམ་སྲིང་ཕྱག་རྒྱ་ཟུང་ལ། །
དྭགས་ཤངས་སྒྲུབ་བརྒྱུད་ལྟ་བའི་མགུར་གྱི་གདེང་ལ། །
ཚེ་གཅིག་ལུས་གཅིག་སྒྱུ་ལུས་འོད་གསལ་གྲོལ་བའི། །
མན་ངག་གནད་ཀྱི་གདམས་པ་ཅི་ཡང་ཡོད་འདུག །
༢༠
སྐྱེ་མེད་ཆོས་ཉིད་སྟོང་པའི་རང་རྩལ་མཇལ་མཁན། །
ཕ་གཅིག་དམ་པ་མ་གཅིག་ལབ་ཀྱི་སྒྲོན་མའི། །
སྡུག་བསྔལ་ཞི་བྱེད་གཅོད་ཀྱི་ཐབས་གྲོལ་འདི་རང་། །
ཨ་ཨ་སྟོང་གསལ་ངང་དུ་བླངས་པ་སྙན་ནོ། །
༢༡
དུས་འཁོར་བཀའ་དབང་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས། །
ཆོས་རྒྱལ་ཟླ་བཟང་རིག་ལྡན་ཉེར་ལྔར་བརྒྱུད་དེ། །
ཇོ་ནང་སྐུ་མཆེད་འཁྲུངས་པའི་བཀའ་སྲོལ་འདི་ཡང་། །
བླ་མ་དམ་པའི་དྲིན་ལས་ཐོབ་པ་འཕྱི་མེད། །
༢༢
ཞི་ལྷོད་ཏིང་འཛིན་སྒོམ་གྱི་ཉམས་ཁྲིད་རེ་རེས། །
ཆུ་བུར་མིག་ཟུང་འདི་ལ་དྭངས་དུས་ཡོད་ན། །
ཨ་འཐས་འཁྲུལ་རྟོག་འདི་ལ་སད་དུས་ཡོད་ན། །
བླ་མ་རྫོགས་པའི་སངས་རྒྱས་སྐུ་ཤ་དངོས་ཡིན། །
༢༣
གྲགས་འདོད་གཏམ་སྙན་དུས་ཀྱི་རྫུ་ལ་མ་བརྗེ། །
རྣམ་དག་གཤིས་ཀྱིས་རང་གཞན་སྤྱོད་ལམ་སྲུང་ཞེས། །
མི་གཤིས་གསེར་གྱི་ཀ་བ་བརྟན་པ་ཡག་ཚུལ། །
མི་བརྗེད་དྲན་པའི་ངོས་སུ་ཚོར་བས་བྲིས་ཡོད། །
༢༤
རྒྱུད་གསུམ་ཚད་མ་སྡེ་གསུམ་མན་ངག་གནད་ཀྱིས། །
ཆོས་སྐུ་ཀུན་བཟང་གདོད་མའི་རྒྱལ་སར་གཤེགས་པའི། །
ཐེག་པའི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོའི། །
སྨིན་གྲོལ་བདུད་རྩི་གསང་བའི་དགའ་སྟོན་རོལ་ཡོད། །
༢༥
མེ་ཏོག་གང་ལ་ཕོག་པའི་ལས་ཀྱི་ལྷ་སྟེ། །
ཨོ་རྒྱན་པདྨའི་གསུང་གི་ཞལ་སྐྱིན་དྲོན་མོ། །
ཐུན་མིན་བཀའ་ཡི་ཆོས་མཛོད་བདེན་ཚིག་ཅན་དེ། །
ཕྲ་ཞིབ་ཐུགས་དགྱེས་བསྩལ་བ་བརྗེད་པར་མི་བྲ། །
༢༦
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལྟ་སྒོམ་སྤྱོད་འབྲས། །
ཟབ་ལམ་བླ་མའི་རྣལ་འབྱོར་སྒོམ་དུ་ཞུགས་ཚུལ། །
བསླུ་མེད་མཁན་རྒན་གསུང་ལ་མགྲིན་པར་གུས་ཏེ། །
མན་ངག་གནད་ཀྱི་ཐབས་གྲོལ་ཅི་ཡང་གསུངས་སོ། །
༢༧
སྣ་ཚོགས་འདོད་པའི་ཡོན་གྱིས་འགུག་པའི་དུས་འདིར། །
སྙིམ་ཆུང་ཅི་མི་གཟོད་པའི་རང་འདོད་ཚ་བོས། །
བར་ཆད་བདུད་ཀྱི་བསླུ་བྲིད་ཐེབས་དུས་སྲིད་ན། །
སྒེར་ཚུགས་བྲག་ལ་གཏོད་ཅིག་དྲིན་གྱི་རྗེ་བོ། །
༢༨
རྒྱལ་བ་ཡེ་ཤེས་སྤྱན་ལྡན་ཚོགས་ཀྱིས་གཟིགས་ན། །
ཐུགས་ཁྲེལ་མི་ཡོང་འཕྲིན་ལས་བཀའ་རྒྱ་བསྒོ་བའི། །
ཁྱེད་ཀྱིས་སྨོན་ལམ་དེ་རང་བདག་གིས་བཏབ་ན། །
ཚེ་རབས་སྐྱིད་ལ་སྐུལ་བའི་རྟེན་འབྲེལ་འགྲིག་ཨང་། །
༢༩
གཞན་ཕན་ཐུགས་རྩོལ་ཉིན་མཚན་དབྱེ་བ་མེད་ཀྱང་། །
སྐུ་ངལ་མ་བྱུང་ཚུལ་འདི་མཇལ་བ་སྤྲོ་ལགས། །
སྙིང་པོའི་དོན་མཆོག་ལུང་རྟོགས་བསྟན་པ་ཟུང་ལ། །
སྐུ་སྲོག་ལས་ཀྱང་གཅེས་པ་ཁྱེད་ཀྱི་རྣམ་ཐར། །
༣༠
མཐོང་གྲོལ་ཐོས་གྲོལ་དྲན་གྲོལ་རིག་གྲོལ་ཁྱེད་ཀྱི། །
ཕྱི་ནང་གསང་གསུམ་ཡོན་ཏན་ཆ་ཤས་བླངས་ཏེ། །
ངག་རིག་ཟློས་གར་མཁན་གྱི་གཟུགས་སུ་སྤྲུལ་ནས། །
བདག་ཀྱང་སྙན་ངག་མཁན་དུ་འགྱུར་བར་ཤོག་ཅིག །
༣༡
བླ་མའི་མཚན་ལ་གཞན་ཕན་ཆོས་ཀྱི་སྙིང་པོ། །
ཆོས་འདིའི་སྐད་ལ་གདམས་ངག་རིན་ཆེན་ནོར་བུ། །
དུས་འདིའི་མིང་ལ་རྫོགས་ལྡན་དུས་ཞེས་འབོད་ན། །
ལས་འཕྲོའི་དམ་ཚིག་འདི་ཡང་རང་བཞིན་གཙང་ངོ་། །
༣༢
གླིང་འདིར་ཁྱེད་མཇལ་མེད་ན་སྡོད་བཟོད་མེད་པས།།
མི་འགྱུར་མི་ཤིགས་རྡོ་རྗེའི་བརྟན་ལ་བཞུགས་མཛོད། །
བར་དོ་འཕོ་ཆེན་བསྒྱུར་བའི་ཞག་མལ་ནས་ཀྱང་། །
འོད་གསལ་ཞི་དབྱིངས་ཁྲིད་མཁན་ཁྱེད་ལས་མེད་དོ། །
ཞེས་པ་འདི་ཡང་དུས་ཀྱི་མཐའ་འདི་འདྲ་ལ་རིས་མེད་ཀྱི་ཆོས་སྐལ་འདི་ལྟ་བུ་གནང་མཁན་ཤིན་ཏུ་དཀོན་པས། གལ་ཡང་ཆེ་བར་དགོངས་ནས་ཕ་གཅིག་བླ་མའི་སྐུ་དྲིན་ལས་ཐོབ་པའི་བསྐལ་བཟང་གི་དུས་ཤར་བའི་མོད། མགོན་པོ་གང་གིས་ཐུགས་བརྩེ་བ་ཆེན་པོས་ཡུན་རིང་གཅེས་པར་བསྐྱངས་པའི་འབངས། ཆོས་ཀྱི་སློང་མོ་བ་བྲག་སེར་ཚེ་རིང་དཔལ་འབྱོར་རམ་སྲོད་དུ་འབོད་པས། ཆོས་ཀྱི་དགའ་སྟོན་ཅི་དགར་བསྩལ་བའི་དགའ་ཚོར་མ་གནོན་པའི་བརྡ་ལ། དགུང་གྲངས་ལྔ་བཅུའི་གྲངས་དང་མཉམ་པ་ཞིག་འབྲི་བའི་མོས་བློ་འདིས་གནས་སྐབས་མཚན་བཟང་སོ་གཉིས་ལས་དུས་ཚོད་ཀྱི་གཞན་དབང་གིས་ཡོལ་ཡང་། ཡི་གེའི་འདུ་བྱེད་ལ་རིང་ནས་བློ་དཀར་བས། མི་རིང་བར་དེ་ལས་སྙན་ཙམ་གྱིས་ཁ་སྐོང་ཐུབ་པའི་སྨོན་ལམ་གྱིས་འབྲེལ་བཀའ་དྲིན་གཏང་རག་གི་ཡོན་དུ་ཕུལ་བས། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease