
ནང་ཆོས་དངོས་དང་ང་ཚོའི་བར་ཐག
སེར་སྐྱེས་སྡོང་བུ། ཆབ་མདོ།
ངས་འདི་ནས་ནང་ཆོས་དངོས་དང་ང་ཚོའི་བར་ཐག་ཅེས་པའི་ཁ་བྱང་ཞིག་འདེམ་དོན་ནི་ང་ཚོའི་མི་རིགས་འདི་ནང་པའི་ཆོས་ལུགས་ལ་དད་མོས་ཅན་གྱི་མི་རིགས་ཤིག་ཡིན་ཟེར་གྱི་ཡོད་ན་ཡང་། ད་ལྟ་ང་ཚོའི་ཁྲོད་དུ་ནང་ཆོས་དངོས་ལ་དད་པ་བྱེད་དགོས་པའི་རྒྱུ་མཚན་དང་། ནང་ཆོས་ཀྱི་ལྟ་བ་དང་སྤྱོད་པ་གང་ཡིན། ནང་ཆོས་ཀྱིས་ཡང་སྙིང་ང་ཚོ་ལ་ཕན་ནུས་ཅི་ཞིག་སྒྲུབ་ཀྱི་ཡོད་པ་སོགས་རྟོགས་མཁན་ཉུང་ཉུང་ཡིན་པས། ང་ཚོ་དང་ནང་ཆོས་དངོས་ཀྱི་བར་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་རྒྱང་ཐག་རིང་པོ་ཞིག་བྱེ་བཞིན་འདུག ། ང་ཚོ་ཕལ་མོ་ཆེས་ནང་ཆོས་ལ་དད་མོས་བྱེད་པ་ནི་སྲོལ་རྒྱུན་གྱི་འོས་འགན་ལྟ་བུ་ཞིག་ཏུ་དྲན་གྱི་ཡོད་ལ། ནང་ཆོས་ལ་དད་དགོས་པའི་རྒྱུ་མཚན་དང་དད་པའི་ཕན་ནུས་སོགས་ལ་བསམ་གཞིག་བྱས་ནས་ནང་ཆོས་ལ་དད་མཁན་ཉུང་བས། ཆོས་ལུགས་ལ་དད་མོས་བྱེད་པ་ནི་རྨོངས་དད་དུ་བཤད་པ་ཡང་རྒྱུ་མཚན་ཕྱོགས་གཅིག་འདི་ལྟ་བུ་ལ་ཐུག་ཡོད། སྤྱིར་ན་ཆོས་སྒྲུབ་པ་ལ་དད་པ་ནི་རྩ་བའི་རྨང་གཞི་ལྟ་བུ་ཞིག་ཏུ་བཤད་ཀྱང་། དད་པ་ཡོད་པ་ཙམ་གྱིས་ཆོས་སྒྲུབ་པ་ལ་ཡོད་ཚད་ཚང་འགྲོ་བ་མ་ཡིན་བས། ང་ཚོར་དད་པ་ཡོད་པ་ཙམ་གྱིས་མི་འགྲིག་བར་དད་པ་རྩ་བའི་རྨ་གཞིར་བྱེད་དེ་ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གྱིས་ནང་སེམས་ལ་དག་ཐེར་གཏོང་རྒྱུ་ནི་ནང་ཆོས་ལ་དད་པ་བྱེད་དགོས་པའི་དམིགས་ཡུལ་དང་དགོས་པ་གཙོ་བོ་དེ་ཡིན། ནང་ཆོས་ལ་དད་པ་བྱེད་མཁན་ཡོངས་ཀྱིས་ནང་ཆོས་ཀྱི་ལྟ་གྲུབ་དང་རིག་གཞུང་ཀུན་ལ་སློབ་སྦྱོང་གིས་མ་ནུས་ན་ཡང་རང་གི་གནས་བབས་དང་མཐུན་པར་ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གང་མཚམས་ཤིག་གིས་རང་ཉིད་མི་གཞི་བཟང་པོ་ཞིག་དང་བྱམས་བརྩེ་ལྡན་པའི་མི་ཡ་རབས་ཤིག་ཏུ་བསྒྱུར་ཐུབ་ཚེ་ད་གཟོད་ནང་ཆོས་ལ་དད་པའི་ཕན་ཡོན་དང་བྱིན་རླབས་དེ་རང་རྒྱུད་ལ་སྨིན་པ་ཡིན། དད་པ་དེ་ལ་ཡང་ཤེས་རབ་ཀྱིས་ཟིན་པ་དང་ཤེས་རབ་ཀྱིས་མ་ཟིན་པའི་དད་པ་གཉིས་ཡོད་པ་ལས། ང་ཚོའི་རྒྱུད་ཀྱི་དད་པ་ཡོད་ཚད་ཤེས་རབ་ཀྱིས་ཟིན་དགོས་ཟེར་ན་ཤིན་ཏུ་དཀའ་བའི་གནས་སུ་མཆིས་ཀྱང་། དད་པ་ཡོད་ཚད་ཤེས་རབ་ཀྱིས་མ་ཟིན་པ་ཞིག་ཡིན་ག་ལ་འོས། དཔེར་ན་ང་ཚོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལྟ་བུར་དད་པ་བྱེད་དགོས་པ་ནི་སྟོན་པ་ཁོང་ལ་གཞན་ལས་ལྷག་པའི་བརྩེ་བ་དང་ཤེས་རབ་ཆེན་པོ་སོགས་ཡོད་པ་མཐོང་ནས་ད་གཟོད་སྟོན་པ་ཁོང་ལ་དད་པ་ལྟ་བུ་ཞིག་ཡིན་དགོས། རྒྱུ་མཚན་དེ་ལྟ་བུའི་སྒོ་ནས་ང་ཚོས་ནང་ཆོས་ཀྱི་ངོ་བོ་དང་ལྟ་སྒོམ་སྤྱོད་གསུམ་སོགས་གང་ལ་གང་མཚམས་ཤིག་རྟོགས་ནས་ནང་ཆོས་ལ་དད་པ་ཡིན་ན་ཁ་བདེ་ལྕེ་མཁས་གཞན་སུ་དང་གང་གིས་ཀྱང་ང་ཚོའི་དད་པ་དེ་རྩ་མེད་དུ་གཏོང་མི་ནུས།
མི་ཉུང་བ་ཞིག་གིས་ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་འགྲོ་བ་དང་ཡོངས་རྫོགས་འགྲུབ་འགྲོ་བ་ལྟ་བུར་རློམ་ནས་བྱ་བ་ཐམས་ཅད་ཆོས་ལུགས་དང་བླ་མ་ལ་སྐྱབས་བཅོལ་ནས་རྒྱུ་རྐྱེན་གཞན་དག་དང་ཐབས་ལམ་མང་པོ་ཞིག་གི་སྒོ་བཀག་ནས་འདུག་པ་འདིས་ནང་ཆོས་ནས་བཤད་པའི་རྒྱུ་རྐྱེན་རྟེན་འབྱུང་གི་རིགས་པར་དངོས་སུ་སྐུར་མ་བཏབ་པ་ཡིན་ལ། ཚད་གཞུང་ལས་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་གཉིས་པོ་ཚོགས་ནས་ད་བཟོད་འབྲས་བུ་སྐྱེ་དགོས་གསུངས་པ་སོགས་མ་ཤེས་པའི་རྟགས་མཚན་ཞིག་ཀྱང་ཅི་ལ་མིན། འདི་དང་འདི་ལྟ་བུའི་རྣམ་བཞག་དག་ང་ཚོ་ཚང་མས་གང་ལ་གང་མཚམས་ཤིག་ཤེས་རྒྱུ་གལ་ཆེ་བས། དེ་ལྟ་བུའི་ནང་ཆོས་ཀྱི་རྒྱུན་ཤེས་རྣམས་མང་ཚོགས་ཚོར་ཡང་དག་པར་ངོ་སྤྲོད་བྱེད་རྒྱུ་དང་དད་ལྡན་མང་ཚོགས་རྣམས་ཡ་རབས་བཟང་སྤྱོད་དུ་སྣེ་འཁྲིད་རྒྱུ་ནི་ནང་ཆོས་ཀྱི་གཞུང་ལུགས་ལ་ཆེད་གཉེར་བྱེད་མཁན་གྱི་རབ་བྱུང་བའི་སྡེ་ཡི་ཕྲག་ཐོག་ཏུ་བབས་པའི་འོས་འགན་ཞིག་ཏུ་མཐོང་སོང་། ནང་ཆོས་ཀྱི་གཞུང་ལུགས་ཚད་ལྡན་ཁག་ལས་འཇིག་རྟེན་བྱེད་པོ་ནན་གྱིས་བཀག་ནས་ལས་འབྲས་ཀྱི་རྣམ་བཞག་ཚུལ་བཞིན་གཏན་ལ་ཕབས་ཟིན་ཀྱང་། ང་ཚོའི་ཁྲོད་དུ་ད་དུང་ཡང་བླ་མ་འཇིག་རྟེན་བྱེད་པོ་དང་བདེ་སྡུག་གི་བྱེད་པོར་འདོད་མཁན་ཤིན་ཏུ་མང་བས། ནམ་རྒྱུན་བླ་མར་སྟེན་སྐབས་བླ་མ་ཐམས་ཅད་མཁྱེན་པར་རློམ་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་བཀའ་སློབ་ཞུ་བཞིན་ཡོད་པ་མ་ཟད། ཐ་ན་ནད་པ་ཚོས་སྨན་འདི་དང་འདི་ཟ་རིགས་མིན་སོགས་ཁྱིམ་ཚང་གི་བྱ་བ་ཙག་ཙིག་ཚུན་ཆད་བླ་མར་དྲི་ནས་བླ་མས་ཡོད་ཚད་ཐག་གཅོད་ནས་སྒྲུབ་མཁན་ང་ཚོའི་ཁྲོད་དུ་མི་ཉུང་བ་མ་ཡིན། སྤྱིར་ན་ང་ཚོ་འགྲོ་བ་མིས་བསམ་གཞིག་ལས་འདས་པ་ཞིག་ཡིན་ཚེ་བླ་མར་སྟེན་ནས་མོ་ལུང་སོགས་གང་ཞིག་ཞུ་དགོས་ན་དེ་ཞུས་ན་འོས་མཚམས་ཤིག་ཏུ་མཐོང་མོད། བྱ་བ་དེ་དང་དེ་དེར་ཆེད་ལས་མཁས་པ་དང་རྒྱུ་རྐྱེན་རྟེན་འབྱུང་གི་རིགས་པ་ལ་སྟེན་ནས་རྟོགས་པ་ནུས་པ་ཡིན་མིན་ལ་མི་ལྟོས་བར་བྱ་བ་གང་དང་གང་ཡིན་རུང་ཐམས་ཅད་བླ་མར་བཀའ་དྲི་ཞུ་བ་འདི་ནི་ཅི་འདྲའི་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་མ་ཡིན་ནམ། འདི་དང་འདི་ལྟ་བུ་ལ་བསམ་བློ་ཞིག་འཁོར་ཚེ་ང་ཚོ་དང་ནང་ཆོས་དངོས་ཀྱི་བར་ཐག་ཅིག་རང་བཞིན་གྱིས་མཐོང་ཐུབ་བོ། །
ཆོས་ལུགས་ཀྱིས་ཕྱི་དངོས་པོའི་དཔལ་ཡོན་ཡར་རྒྱས་སུ་གཏོང་མི་ནུས་ན་ཡང་ནང་བསམ་པའི་དཔལ་ཡོན་ཡར་རྒྱས་སུ་གཏོང་བར་ཐེ་ཚོམ་ཟད། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་འདི་ནང་བསམ་པའི་དཔལ་ཡོན་ཕྱོགས་ཀུན་ནས་ལོ་འདབ་རྒྱས་སུ་བཅུག་པའི་སྨན་མཆོག་ཅིག་ཡིན་པ་ནང་ཆོས་ཀྱི་རིག་གཞུང་ལ་སློབ་སྦྱོང་དང་ཉམས་ལེན་ཡང་དག་པ་ཞིག་བྱས་ཚེ་མྱོང་བས་ཚོར་ནུས་པ་ཞིག་ཡིན། དེས་ན་ང་ཚོས་ཕྱི་དངོས་པོའི་དཔལ་ཡོན་ཡར་རྒྱས་གོང་འཕེལ་ཡོང་བར་ནང་ཆོས་ལ་དད་པ་བྱས་པ་ཡིན་ན་དད་པ་དེའི་ཁ་ཕྱོགས་རྦད་དེ་ནོར་བ་ཡིན་ལ། དེ་ཡི་ཕྱོགས་ནས་ང་ཚོའི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མེད། འོ་ན་ནང་ཆོས་ཀྱིས་ང་ཚོར་ཡང་སྙིང་ཕན་ནུས་ཅི་ཞིག་སྒྲུབ་ཀྱི་ཡོད་པ་དང་། དགོས་མཁོ་གང་ཞིག་སྐོང་གི་ཡོད་སྙམ་ན་གོང་ནས་སྨོས་པ་ལྟར་ནང་བསམ་པའི་དགོས་མཁོ་སྐོང་ནས་ནང་སེམས་ལ་བདེ་སྐྱིད་ཀྱི་ཕན་ནུས་སྐྲུན་གྱིན་ཡོད་དོ། ། དེ་ཉིད་གང་ལས་གསལ་ཞེ་ན། ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ལས་ནང་སེམས་ཀྱི་ཉེས་ཚོགས་ཇི་ལྟར་བཅོམ་པའི་ཐབས་ལམ་གསལ་པོར་བསྟན་ནས་ནང་སེམས་ཀྱི་ཡོན་ཏན་རྣམས་ཇི་ལྟར་མངོན་གྱུར་དགོས་ཚུལ་སོགས་བརྗོད་བྱ་གཙོ་བོར་བཟུང་ནས་ལམ་གྱི་རིམ་པ་གཏན་ལ་ཕབ་ཡོད་པས་སོ། ། དེས་ན་ཕྱི་དངོས་པོའི་དཔལ་ཡོན་ཡར་རྒྱས་སུ་འགྲོ་བར་དེང་དུས་ཀྱི་ཤེས་ཡོན་ལ་སློབ་སྦྱོང་དང་ནང་བསམ་པའི་དཔལ་ཡོན་ལེགས་ཕྱོགས་སུ་འགྲོ་བར་ནང་པའི་ཆོས་གཞུང་ལྟ་བུའི་ནང་སེམས་ལ་ཞིབ་འཇུག་ཐར་ཕྱིན་པའི་རིག་གཞུང་ཞིག་ལ་སློབ་སྦྱོང་བྱེད་རྒྱུ་ནི་མཐའ་གཉིས་སམ་ཕྱོགས་གཉིས་སུ་མི་ལྷུང་བའི་གདམ་ག་ཡག་ཤོག་ཅིག་རེད་སྙམ། དེ་ལས་ལྡོག་ཚེ་དེ་གཉིས་ལས་གཅིག་ཡོད་ན་གཅིག་ཤོས་མི་དགོས་བ་ལྟ་བུ། དེ་གཉིས་ཀྱི་གཅིག་ཁོ་ནས་ང་ཚོའི་དགོས་མཁོ་ཡོད་ཚད་སྐོང་ཐུབ་ཀྱི་མེད་པ་ནི་ང་ཚོར་མཐོང་ཐོས་མྱོང་གསུམ་གྱིས་གྲུབ་ཡོད།
གཟུར་གནས་དང་དཔྱོད་ཤེས་ཀྱི་བློ་གྲོས་དབེན་པ་འགའ་ཞིག་གིས་ཕྱོགས་གཅིག་གམ་ཟུར་གཅིག་ནས་སྐྱོན་དུ་མཐོང་བ་ཙམ་གྱིས་དེའི་རྒྱབ་ལྗོངས་དང་། གནས་སྟངས། དམིགས་ཡུལ། མཇུག་འབྲས། ཕན་ནུས་སོགས་ལ་རྒྱུས་ལོན་མི་བྱེད་བར་ལམ་སང་སྐྱོན་འཛུགས་བྱེད་པ་ཤིན་ཏུ་མང་ལ། ཕྱོགས་གཅིག་ནས་ནོར་བའི་རྒྱུ་མཚན་གྱིས་ཕྱོགས་ཡོངས་ལ་བརྟགས་དཔྱད་མེད་པར་ཡོང་རྫོགས་ནོར་འཁྲུལ་དང་རྫུན་པ་འབའ་ཞིག་ཏུ་སྒྲུབ་ཐབས་སུ་འབད་པ་ནི་རང་གི་ཤེས་ཚད་འདི་དང་འདི་ཞེས་དམར་རྗེན་དུ་ཕུད་པ་ནི་ཅི་འདྲའི་ཤ་ཚ་བའི་གནས་ཤིག་རེད་ཨང་།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease