ཟླ་ལྟར་དཀར་བའི་ལྷ་ས།

    རྩོམ་པ་པོ། ཚེ་བསོད་ནམས།


ཟླ་ལྟར་དཀར་བའི་ལྷ་ས། 

     ནམ་མཁའི་འཁྲིས་དེར་ཆགས་པའི་ཉི་མ་ལྷ་ས་ལ་ཕུལ། 
                            རྩོམ་པ་པོ།  ཚེ་བསོད་ནམས།

   བྱ་དང་བྱིའུ་ཡིན་ཡང་སེམས་པ་ལྷོད་པོར་གནང་ཆོག་སའི་གནས་འདི་ནས་ཉི་ཟེར་ག་ལེ་བདག་གི་ཞལ་རས་ལ་འཕོག་ཅིང་།  ཉི་ཟེར་དང་མཉམ་དུ་སྤོས་ཀྱི་དྲི་ཞིམ་འཚུབ་བྱུང་།  ག་ཤེད་ཅིག་ནས་གྲུབ་ཡོང་བའི་འདོད་ཆགས་དང་།  ཞེ་སྡང་།  གཏི་མུག་གསུམ་པོ་གནས་འདིར་དོར་བྱར་གྱུར་ཅིང་། ཐོས་པ་དང་།  མཐོང་བ།  དྲན་པ་སོགས་ལུས་ངག་ཡིད་གསུམ་དགེ་བ་གཅིག་པུར་གྱུར་ཆོག་པའི་གནས་ཤིག་ཏུ་ང་རང་ལ་འཐོབ་པ་དགེ་བ་ཙམ་དུ་མ་ལགས་ཏེ་ནང་གི་སེམས་ཉིད་ལ་འཕྲོད་པའི་འཚོ་བ་དེའོ། ། ཞི་འཇམ་དང་།  མཛེས་སྡུག  དགེ་བའི་རྣམ་པ་མི་ཙམ་དུ་མ་ཚད་ལྷའི་རིགས་ཀྱིས་ཀྱང་དགྱེས་དགྱེས་གནང་སའི་བཟང་སྤྱོད་ཟེར་བ་དེ་ཡིན་ཚད་གདའ་བས།  དེ་རིང་ཞོགས་པ་ངོ་གདོང་ཉི་ཟེར་ལ་གཏད་ཀྱང་བདག་ལ་དྲོད་ཁོལ་སྟེར་མཁན་ལྷ་ས་དང་།  ལྷ་སའི་མི་ཚོགས་ཡིན་པ་འདྲ།   

  ཉི་མ་ཚ་པོ་མིན་ཞིང་ལྷགས་རླུང་ཡང་དེ་ཙམ་ཆེ་རྒྱུ་མེད་པའི་དེ་རིང་ལྷ་སའི་གཡོན་ཕྱོགས་སུ་ཁང་རྩིག་ཅིག་གི་ཐོག་ཏུ་ཇ་མངར་མོ་འཐུང་ཞོར་སྡོད་ཡོད།  འཚོ་བ་ནན་ཏན་དང་ཧ་ཅང་སོས་དལ་ཡིན་པའི་སྣང་བ་སྐྱེ་བྱུང་བས།  ངས་འདས་པའི་ཁྲོད་ཀྱི་ལྷ་ས་དང་ལྷ་ས་ཞེས་པའི་མིང་གི་རྒྱབ་ཕྱོགས་སུ་ཅི་ཞིག་ཡོད་མེད་ཤེས་འདོད་བྱུང་།  མ་གཞི་ཡིག་རྙིང་དག་ཏུ་ལྷ་ས་ནི་དང་ཐོག་རྭ་ས་ཡིན་ཞིང་དེ་རྗེས་ལྷ་སར་གྱུར་པ་རེད་ཅེས་བཤད་སྲོལ་འདུག་པས།  རྭ་ས་ལྷ་སར་ཅིའི་ཕྱིར་གྱུར་པ་ནི་ཏག་ཏག་ངས་གླེང་བསམ་པའི་བརྗོད་གཞི་ཡིན།
   
  ལྟོས་ཚོད་དུ་ལྷ་ས་ནི་ལྷ་ཡུལ་གྱི་སའི་བསྡུས་གཟུགས་ལྟ་བུ་སོང་བས་ང་ལ་ལྷད་མེད་ཀྱི་སྣང་བ་སྩོལ་བྱུང་།   ཆུང་ཞིང་ཆུང་པའི་དུས་དེར་ཕ་ཡུལ་དང་རི་ལུང་ག་ཚོད་ཅིག་གིས་བར་དུ་ཆོད་པའི་ཉི་མ་ལྷ་ས།  རྣ་བས་ཉན་བྱར་ལས་མིག་གི་འཁྲིས་སུ་མེད་པས་ང་ཡིས་མཐོང་སྣང་ལས་ཡལ་ནའང་།  ཐོད་པ་འོད་དུ་འཚེར་བའི་ཨ་མྱེ་རྒས་འཁོགས་དེས་རྒྱུན་ཆགས་མེད་པར་ལྷ་ས་དང་འབྲེལ་བའི་གནའ་གཏམ་མོལ་ཡོང་བས། ངས་རང་ཉིད་ལྷ་སའི་འཁྲིས་ཀྱི་བྱིས་ཆུང་དེ་ཡིན་ན་བསམ།  གནའ་གཏམ་ཉན་ནས་ཉི་མ་ཤར་ནས་ནུབ་ལ་ཡོལ་རུང་། ད་དུང་གནའ་བའི་གཏམ་རྒྱུད་ལ་འཐམ་པའི་ཆུང་ཞིང་ཆུང་པའི་དུས་དེར་གནའ་གཏམ་ནི་རེ་སྒུག་ཙམ་དུ་མ་ལགས་ཏེ།  སྐབས་དེ་དུས་ཀྱི་འཚོ་བའི་མཛེས་སྡུག་དང་བྱིས་པ་ཞིག་འཚར་ལོངས་ཅི་འདྲ་བྱུང་མིན་རྒྱུ་རྐྱེན་ནོ། །ལར་བྱིས་པ་ཞིག་གིས་བློ་ལ་བབ་པ་ནས་བཟུང་།  ཡང་ན་ལག་པ་འཐམ་ཞིང་དེ་མིན་སེམས་ཀྱིས་འཇུ་ཡོང་བས།  མི་གཙང་བའི་ལག་པས་རེག་བྱ་མ་ཡིན་པའི་བྱིས་པའི་དུས་ཀྱི་ཉི་མ་ལྷ་ས་ནི་སེམས་ཀྱི་འཐམ་ས་དང་ངག་གིས་གླེང་གཞིའོ། ། 

   བྱིས་པའི་སེམས་སུ་ཕ་ཡུལ་མ་གཏོགས་གཞན་པ་ནི་ཁ་ཐག་རིང་ས་དང་།   ཆ་མེད་ཅིག་ཏུ་འཛིན་པས།   ངས་ཀྱང་དེ་དུས་ཤིག་ཏུ་ལྷ་ས་ཟེར་དུས་འཛུབ་མོ་རིང་ས་དང་ལག་པ་མཐོ་ས་ཞིག་ཏུ་ཡང་ཡང་བརྐྱངས།  འོན་ཀྱང་དེ་དག་ནི་བྱིས་པའི་དུས་ཀྱི་སེམས་ངོར་འཆར་བའི་རྨི་ལམ་ཞིག་ཡིན་ནའང་རྨི་ལམ་དེ་ནི་དོན་དངོས་ཤིག་སྟེ།   ལྷ་ས་ནི་མཐོ་སར་གནས་ཤིང་།   ཡངས་ས་ཞིག་ཏུ་ཡོད་པས་སོ།  །
 
དུས་ཀྱི་འགྱུར་བས་ང་ལ་དབྱར་ཁར་ཚེས་ཤིང་།  གློ་བུར་དུ་དགུན་ཁའང་གནང་།  བསིལ་རླུང་དང་ཉི་འོད་སོགས་ནི་རྟག་ཏུ་ང་ལ་དགོས་པ་ཞིག་མིན་ཏེ། ཚ་གདུང་ནང་དུ་ཉི་འོད་ནི་ཆེས་མི་འདོད་པ་དེའོ།  །ཡིན་ནའང་མི་ཞིག་ལ་ཕ་ཡུལ་དང་།  གནས་མལ་དགོས་ཤིང་། འཚོ་བའི་ནང་སྙིང་ལ་ཆ་རྐྱེན་ཕུན་སུམ་ཚོགས་པའི་ཁོར་ཡུག་ཅིག་ཀྱང་དགོས་སོ། ། ང་ལ་མཚོན་ན་ལྷ་ས་ནི་ནམ་མཁའ་དང་མཚུངས་པས་ཐོགས་པ་དང་རེག་པ་བྲལ་བའི་གུ་ཡངས་ཤིག་ཏུ་མཐོང་ཞིང་།  ལྷ་ཡུལ་དང་ཆེས་ཉེ་བའི་མི་ཡུལ་མ་ཡིན་པའི་དག་པའི་ཞིང་ཁམས་སུའང་རློམ་ཡོད།
  
 མ་གཞི་སྐྱེ་འཆི་ནི་ཞེན་ཆགས་ལ་རག་ལས་པས། དེ་ནི་སྡུག་བསྔལ་ཞིག་གོ ། ཞེན་ཆགས་དང་རྒྱང་དུ་བཀྱེད་ཀྱང་ཞེན་ཆགས་ཀྱིས་སེམས་པའི་སྒོ་མོ་ཡང་ཡང་རྡུང་ཡོང་བས་རང་དབང་བྲལ་བ་ཞིག་སྟེ།  ལྷ་ས་ནི་བྱིས་དུས་སུ་གཏམ་རྒྱུད་སྙན་མོ་ཞིག་ཏུ་གྱུར་ནས།  གཞོན་དུས་ན་ཚོད་དང་མཉམ་དུ་རུས་གསེབ་ཏུ་འཐིམ་བྱུང་།  ཡང་རྒས་ཤིང་ཁོག་པ་ན་སླར་ཡང་གནས་འདིར་སྐྱེ་བར་ཤོག་ཅེས་པའི་སྨོན་ཚིག་དུམ་བུ་ཞིག་ཏུ་འགྱུར། ཐང་དཀར་རྒོད་པོས་རང་གི་ཚང་ལ་ལྡིང་སྐོར་རྒྱག་ཅིང་།  མི་ཕ་ཡུལ་དང་འབྲལ་དུ་མེད་པ་ནི་ཞེན་ཆགས་ཤིག་ཡིན་པས།  ང་ཚོའང་དེ་ལྟ་བུའི་ཞེན་ཆགས་ཤིག་ལ་ཡོངས་སུ་ལོབ་ཡོད། 

   ཞེ་ལ་ཡུན་རིང་ཐོགས་པའི་ལྷ་ས་དེ་རིང་དངོས་སུ་མཇལ་ཞིང་།   ཉི་ཟེར་འཇམ་པོ་ཞིག་དང་མཉམ་དུ་བདག་གི་མིག་ལམ་དུ་འཚེར།  ཕོ་བྲང་དམར་པོ་དང་། ལྷ་སའི་ཇོ་བོ་རྣམ་གསུམ། ཡར་ཀླུངས་གཙང་པོའི་འབབ་རྒྱུན་སོགས་སྔར་ནས་སེམས་སུ་འཇགས་ནའང་།  དེ་རིང་དངོས་སུ་མཐོང་དུས་དེ་ནི་བྱིས་དུས་ཀྱི་རྨི་ལམ་ལས་ཀྱང་རྒྱ་ཆེ་བ་ཞིག་སྟེ།  གཏིང་ཟབ་ཅིང་།  གཞི་རྒྱ་ཆེ་བའོ། །  གནམ་ས་གཉིས་ཡོངས་སུ་འདྲེས་པ་ལྟ་བུའི་ལྷ་ས་མཚོ་མོ་ཞིག་དང་ཀུན་ཏུ་མཚུངས་བས་བརྗོད་ཐབས་བྲལ།   བརྗོད་ན་གླེགས་བམ་ཆེན་པོ་ཞིག་དང་འདྲ་བ་ཟད་དུ་མེད་པ་ཞིག་གོ ། 

 རི་བོ་གྲུ་འཛིན་གྱི་བརྗིད་ཉམས་དང་།  ཕྱི་ནང་གི་བཀོད་པ་མཐོང་དུས་ངས་རང་གི་མེས་པོ་ནི་བླ་ན་མེད་པ་དང་།  གོང་ན་མེད་པའོ་ཞེས་སྨྲ་བརྗོད་ལ་རང་དབང་མ་བྱུང་།  ལྷ་ས་ནི་ཕྱི་ཐག་ཅན་ཞིག་ཡིན་ཞིང་ཕྱི་ཐག་མེད་ན་ལྷ་ས་ཡོད་མི་སྲིད་དེ། ཕྱི་ཐག་གི་ལྡོག་ཕྱོགས་ནི་ཨ་གསར་ཡིན་པས་དེ་ནི་ལྷ་སའི་སྙིང་ལ་ཆེས་གཟེར་བའོ། །
 
  འཛམ་གླིང་ག་འདྲ་མཛེས་ནའང་མཚམས་མཚམས་སུ་འབུ་སྲིན་ཕྲ་མོ་ཞིག་འཕུར་ཆོག་པའི་ཁོར་ཡུག་མེད་ཅིང་།  ཚེ་སྲོག་ལ་ལ་ནི་ནམ་ཡིན་རུང་དམྱལ་བའི་སྡུག་བསྔལ་དང་བྲལ་དུ་མེད་དེ།  ཁོ་ཚོས་ནམ་མཁའ་མཐོང་ཆོག་པའི་རང་དབང་ཙམ་ཡང་མེད། འོན་ཀྱང་གནས་འདིར་མཁའ་དབྱིངས་ལྟ་བུའི་ས་གཞི་ཡངས་ཤིང་།  ཚེ་སྲོག་ཚང་མ་གཅིག་ཉིད་དེ།  དེ་ལ་དཀར་ནག་དང་།  མཐོ་དམན་གྱི་དབྱེ་བ་མེད་པའོ། །ང་ཡི་གོ་ཐོས་ནང་དུ་ལྷ་སར་ཀླུ་དང་མཉམ་པའི་ལོངས་སྤྱོད་ཡོད་ཅིང་།  ལྷ་དང་མཉམ་པའི་བདེ་སྐྱིད་ཀྱི་ཉི་མའང་མ་ནུབ་ཟེར།  དེའང་སྔོན་གྱི་གཏམ་དཔེ་ཞིག་ཏུ།  ས་མཐའ་མེད་མི་ལུས་ལེན་པ་ལས།  དབུས་ལྷ་ས་ཁྱི་ལུས་ལེན་པ་དགའ་, ཞེས་པའི་གཏམ་དཔེ་དེ་ཡིད་ལ་ཝ་ལེར་འཆར་བྱུང་སྟེ། གནས་མལ་འདི་ནས་ཉམས་ཆུང་ཁྱི་ཡིན་ནའང་ཁོ་རང་ལ་དབང་བའི་ཁོར་ཡུག་ཅིག་ཡོད་ཅིང་།  ཁོར་ཡུག་དེར་ཅི་དགའ་ལོངས་སུ་སྤྱོད་པ་ནི་བདེ་བ་ཞིག་གོ ། 

ང་རང་དལ་གྱིས་ལྷ་སར་བཅར་ཏེ་ནན་ཏན་གྱིས་ཉན་པ་ན། ཤར་གླིང་ཡོམ་ཡོམ་དུ་སྒུལ་མྱོང་བའི་བཙན་པོའི་རྒྱལ་བློན་དག་གི་ཀི་སྒྲ་དང་། རྡོག་སྒྲ་ཚོར་བྱུང་། ཆོས་སྲིད་གང་ལའང་མཁྱེན་རྒྱ་ཆེ་བའི་བཙན་པོའི་རྒྱལ་བློན་དག་ནི། འབངས་ལ་བྱམས་པ་མ་ཟད།  དཔའ་བ་དང་བརྟུལ་ཕོད་ཅན་ཏེ། ཐང་གི་ལོ་རྒྱུས་ཡིག་ཚང་ལས་ཀྱང་; བོད་ལྟ་བུ་དཔའ་བ་དང་རྟུལ་ཕོད་པ། རྒྱའི་རྒྱལ་པོ་ཧན་དང༌། གཡུ་དང༌། ཅེའུ་ལ་སོགས་པའི་དུས་སུའང་བྱུང་བ་མེད་ཅེས་གྲག་པས།  ; དེའི་དུས་ཀྱི་བོད་ནི་ཆོས་སྲིད་གང་ལའང་ཤེས་དཔལ་ལྡན་པར་མ་ཟད།  མངའ་འབངས་ཚང་མ་འདི་ཕྱི་གཉིས་ཀར་བདེ་ཞིང་སྐྱིད་པ་བྱུང༌བས་ལྷ་ཡུལ་ལྟ་བུར་གྱུར་ཏོ། །

ང་ཡིས་ལྷ་ས་གླེང་ཞོར་རྨི་ལམ་ཞིག་རྨིས་ཞིང་། ངས་རང་ཉིད་རྨི་ལམ་དེ་ལས་སད་པ་མེད་ན་སྙམ། ངའི་དྲན་པ་ནང་དུ་ཕྱི་དྲན་མང་པོར་འཚུབ་ཅིང་།  ཕྱི་དྲན་དེ་ནི་ངའི་མཛེས་སྡུག་གཅིག་པུར་གྱུར། གང་ལྟ་ང་ནི་འདས་ཟིན་ལ་ཕྱིར་མིག་འཕེན་མཁན་ཞིག་ཏུ་གྱུར། 

                                  རྩོམ་སྒྲིག་པ། མྱི་གསར་བ།

         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease