བཙུན་ཆུང་གི་སྣང་བའི་སྒྱུ་འཕྲུལ། ལྷུག་རྩོམ།
མྱི་གསར་བ། མི་ཉག
༡
ཉིན་རྒྱབ་འདིར། བཙུན་པ་ལགས་བཞུགས་ཤག་གི་ཕྱི་ལ་ཕེབས་ཤིང་། ལོ་ངོ་བརྒྱ་ཕྲག་གི་སྐྱེ་སྟོབས་ལྡན་པའི་ལྕང་ལྡོང་གི་བསིལ་གྲིབ་འོག་ནས་ཞི་གནས་ཀྱི་སྒོམ་ལ་བཞུགས། ཁོང་གི་གྲིམ་ལྷོད་རན་པའི་རྣམ་ཤེས་ཀྱིས། དུས་ཚོད་ཀྱི་སྐྱེ་འགག་ལ་དམིགས་ཤིང་། རླུང་གིས་ཁུར་བཞིན་པའི་ལོ་འདབ་ཀྱི་ངོ་མཚར་ལ་དམིགས། འཇིག་རྟེན་གྱི་དངོས་པོ་མཐའ་དག་ཕན་ཚུན་རྟེན་འབྱུང་དུ་གནས་ཤིང་། དངོས་པོ་རེ་རེའི་བཀའ་དྲིན་ལ་བརྟེན་ནས་སོ་སོའི་རླབས་ཆེ་བའི་ཚེ་སྲོག་ཀྱང་འཇིག་རྟེན་འདིར་གནས་ཐུབ་པར་རྟོགས། དབུགས་ཀྱི་གཏོང་ལེན་ལ་བརྟེན་ནས་འཇིག་རྟེན་འདིར་ཚེ་སྲོག་འཚོ་ཐུབ་པར་གྱུར་བ་ནི་གཡོ་ཞིང་སྐྱོམ་པའི་བསིལ་རླུང་གི་བཀའ་དྲིན་ལགས་ཤིང་། ཚེ་སྲོག་གི་རྟེན་གཞིར་གྱུར་བའི་ཕུང་པོ་འདི་ཡང་འཇིག་རྟེན་འདིར་འཚོ་ཞིང་གནས་པ་ནི་མེ་དྲོད་ཀྱིས་ཡུན་དུ་བསྐྱངས་པའི་བཀའ་དྲིན་ལགས། དེ་ལྟར་ཡོད་ཚད་ཀྱི་ཆོས་ཉིད་ལ་དམིགས་ཤིང་ཡོད་ཚད་ཀྱི་བཀའ་དྲིན་དྲན་པའི་སྒོམ་ཐུན་འདི་ལ། རྣམ་ཤེས་དེ་ཉིད་ཕྱོགས་ལྷུང་གིས་གོས་མེད་ལ། རེ་དོགས་དང་ཆགས་སྡང་གི་ཚོན་གྱིས་བསྒྱུར་མེད། སྒོམ་ཐུན་གཅིག་ལ་འཇིག་རྟེན་འདིའི་ཡོད་ཚད་ལྷིང་འཇགས་སུ་གྱུར་ཞིང་། སྟོང་ཁམས་ཀྱི་གོ་ལའི་འཁོར་བསྐྱོད་ཀྱང་དལ་གྱིས་བསྡད་སོང་། དུས་ཡུན་འདི་ལ། འཇིག་རྟེན་འདིར་འཚོ་བའི་མནར་གཅོད་ཀྱི་རྙི་ལ་ཚུད་པའི་མི་མེད་ལ། ཁ་ཕྱོགས་མ་ངེས་པའི་དོགས་འཚེར་གྱིས་ཁེངས་བའི་མི་མེད། དེ་བཞིན་ངལ་རྩོལ་གྱི་ལས་ཀའི་མཚམས་ཆད་ཅིང་། དམགས་འཁྲུག་དང་གཉའ་གནོན་ཀྱི་ཧམ་སེམས་ཞི་བར་གྱུར། རྫོགས་ལྡན་གྱི་སྒོམ་ཐུན་འདི་ནི་དུས་ཚོད་གཞན་པ་མ་ཡིན་པར་ཁྱེད་ལ་དབང་བའི་ད་ལྟ་བའི་དུས་ཚོད་ལགས། མཇུག་མཐར། བཙུན་པ་ལགས་ཀྱིས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བའི་སྨོན་ལམ་བཏབ་ཅིང་། ཚེ་སྲོག་ཡོད་ཚད་ཀྱིས་འགྱུར་བ་མེད་པའི་བདེ་སྐྱིད་ཀྱི་ལམ་བུ་རྙེད་ཐུབ་པའི་སྨོན་ལམ་བཏབ་སོང་།
༢
ཕྱི་རོལ་དུ་ཆར་འཇམ་གྱི་གཙེེས་པའི་ཉི་མ་འདི་ལ། བཙུན་ཆུང་གིས་གྲྭ་ཤག་གི་སྒེའུ་ཁུང་ལས་སྨུག་སྤྲིན་འདྲེས་པའི་ངང་ཚུལ་ལ་ཡུན་གྱིས་བལྟས་ཤིང་། ཤེར་ཕོར་ནང་གི་འོ་ཇ་ཧུབ་ཀྱིས་བཏུང་ཞོར་དུ་རྨི་ལམ་འདྲེས་མའི་འཇིག་རྟེན་གྱི་གནས་ཚུལ་ལ་བསམ་གཞིག་བྱས། ཐོག་མཐའ་མེད་ལ་གཏིང་མི་ཆོད་པའི་འཇིག་རྟེན་གྱི་གསང་བ་མཐའ་དག་འཇམ་པོ་རླུང་དང་འདྲེས་ནས་བཙུན་ཆུང་གི་གདོང་ལ་བྱིལ་བྱིལ་མཛད་ཀྱང་། བཙུན་ཆུང་གིས་སྔར་བཞིན་གཏིང་རིང་བའི་གནས་ལུགས་ཀྱི་རྗེས་འདེད་བྱས། བསོད་ནམས་ཀྱི་ཞིང་དུ་གྱུར་བའི་དགོན་པའི་རྒྱབ་ཕུབ་ལས་ལྡོག་འཕྲོ་བྱས་པའི་འོད་ཟེར་ཕྲ་མོས་བཙུན་ཆུང་གི་བསམ་པའི་བཞུར་རྒྱུན་མཚམས་བཅད་སོང་། འོན་ཀྱང་འདའ་བཞིན་པ་ནི་དུས་ཚོད་ཀྱི་བཞུར་རྒྱུན་ཙམ་མ་ཡིན་པར་དཔག་པར་དཀའ་བའི་ཚེ་སྲོག་གི་བཞུར་རྒྱུན་ཡང་རེད་ཨང་། རྒྱང་རིང་ནས་བྱེའུ་གཉིས་གཤོག་འགྱུར་རྩེན་གྱིན་གྲྭ་ཤག་གི་བྱ་སྐྱིབས་སུ་བབས་ནས"ཙིག་་་ཙིག་་་"གི་སྒྲ་ཡང་བསྒྲགས་ཤིང་། སླར་ཡང་དམིགས་ཡུལ་མེད་པར་མཐོངས་ཡངས་བའི་བར་སྣང་ཁམས་སུ་ཕྱིར་འཕུར་སོང་། བཙུན་ཆུང་གིས། བྱེའུས་མཐའ་ཡས་པའི་བར་སྣང་གི་ཕ་མཐའ་གཅོད་པར་དཀའ་ཡང་། རང་གི་གཤོག་རྩལ་དང་འཚམས་པའི་འཇིག་རྟེན་གྱི་ནམ་མཁའ་ཡང་ཡང་སྐོར་བཞིན་པ་མཐོང་། དེ་ནི་འཇིག་རྟེན་གྱི་མི་ཚོགས་དག་ཀྱང་ལོ་ནས་ཟླ་བ་མཐུད་དེ་རྒྱུ་མཚན་མེད་པར་བྲེལ་ཟངས་ཀྱིས་གཙེ་བཞིན་ཡོད་པ་དང་ཇི་འདྲའི་མཚུངས་ཨང་སྙམ། ང་ཚོ་བྲེལ་བྲེལ་བའི་མཐའ་མར། མཐོངས་ཡངས་བའི་ཚེ་སྲོག་གི་བར་སྣང་བརྒལ་མ་ནུས་པར་འཇིག་རྟེན་ལ་བདེ་མོ་འཇོག་དགོས་པ་ནི་ཅི་འདྲའི་འདྲ་མི་ཆག་པ་ལའང་བསམ། དེ་ལྟར་གཏིང་རིང་བའི་བསམ་གཞིག་གི་ཁྲོད་ནས་ཉི་མའི་འོད་མདང་རི་རྩེ་ནས་ཕྱིར་ལྡོག་སོང་། འོན་ཀྱང་བཙུན་ཆུང་གི་བསམ་པའི་བཞུར་རྒྱུན་སྐྱེ་རབས་དུ་མར་མཚམས་འཇོག་ཡེ་ནས་བྱེད་མ་མྱོང་ལ། རྗེས་སོར་ཡང་དེ་ལྟར་མཚམས་འཇོག་བྱེད་མི་སྲིད། ཤེས་རབས་ཀྱི་བསམ་པའི་བཞུར་རྒྱུན་ལས་ཡིན་མིན་གྱི་གནས་ཚུལ་འབྱེད་ནུས་ལ། བྱམས་བརྩེའི་བཞུར་རྒྱུན་ལས་མཉམ་གནས་དང་གཞན་ཕན་གྱི་སེམས་འདུན་སྐྱོང་ཐུབ། དེ་བས་བཙུན་ཆུང་སླར་ཡང་སྒོམ་གདན་ལ་ལྷོད་ཀྱིས་བཞུགས་སོང་ལགས།
༣
སློབ་དཔོན་ལགས། མི་རྣམས་འཇིག་རྟེན་འདིར་ཉིན་གཅིག་གི་མགྲོན་པོ་བཞིན་བྲེལ་འཚུབ་ངང་བསླེབས་རྗེས། ད་ལྟ་བའི་ཚེ་སྲོག་གི་སྐད་སྒྲ་ལ་མི་ཉན་པར། རྒྱང་རིང་བའི་སྟོང་བསམ་ཁྲོད་དུ་འགྲོ་བར་ཧ་ཅང་མོས། འདི་རུ་ལྗང་མདོག་གི་དབྱར་ཟླ་ཚེས་ཏེ། ངོ་མཚར་བའི་རང་བྱུང་སྐྱེ་དངོས་ཀུན་ལ་མཛེས་སྡུག་གི་གསོན་ཤུགས་རྒྱས་ཤིང་། ལྷིང་འཇགས་ཀྱི་ལྡུམ་རའི་ནང་དུ་རིགས་མི་འདྲ་བའི་མེ་ཏོག་སྣ་ཚོགས་ཀྱི་མྱུ་གུ་འབུས། ཁམ་སྡོང་གི་ཡལ་ག་མེ་ཏོག་གིས་ཁེངས་ཤིང་། མངར་བཅུད་ཀྱི་ཤིང་འབྲས་སྣ་ཚོགས་རེ་བའི་ངང་སྨིན། འཇིག་རྟེན་གྱི་གྲུ་ཟུར་འདིར་གློ་བུར་དུ་ཆར་འཇམ་གྱི་ཟེགས་མ་འཐོར་ཡང་། ཆར་རྗེས་སུ་འཇའ་ཚོན་བཀྲ་བ་སྙིང་དུ་སྡུག ལྟོས་དང་། ཉི་འོད་ལས་གཞན་མཚན་མོའི་རྒྱུ་སྐར་དག་ཀྱང་དུས་ཚིགས་འདིར་འོད་མདངས་ལྷག་པར་གསལ་བ་བདེན་ནམ། མཛེས་སྡུག་གི་ལྭ་བ་བརྗེ་བའི་རྩི་ཤིང་དག་ཀྱང་འཇིག་རྟེན་འདིར་ཡུན་དུ་འཚོ་བར་ཇི་འདྲའི་སྤོབས་སེམས་ལྡན། ང་ཚོས་སྣང་དོག་མི་བྱེད་པའི་འབུ་སྲིན་གང་མང་ཞིག་ཀྱང་དུས་ཚིགས་འདིར་ཚེ་སྲོག་འཕོས་ཏེ་རྣམ་ཤེས་ཀྱི་རེ་སྨོན་འཇིག་རྟེན་ལ་ཕུལ་སོང་། འདི་ནི་འཕྲུལ་སྣང་ཙམ་མ་ཡིན་པར་ཁྱེད་ཀྱི་མིག་མདུན་གྱི་མཛེས་སྡུག་རང་བྱུང་གི་སྤྲུལ་བསྒྱུར་ལགས། ལྷང་ལྷུང་དུ་བཞུར་བའི་གཙང་བོ་ཇི་འདྲའི་དྭངས་ཤིང་གཙང་བ་བཞིན། མི་རྣམས་ཀྱི་ཚེ་སྲོག་གི་བཞུར་རྒྱུན་ཡང་དེ་ལྟར་དྭངས་ཤིང་གཙང་ལ། སྤོབས་པ་དང་རེ་བའི་ཁེངས་ན་བསམ། ཕྱི་རོལ་གྱི་སྐྱེ་དངོས་མཐའ་དག་རྟེན་འབྱུང་དང་ཞི་དུལ་ངང་གནས་པ་བཞིན། ནང་སེམས་ཀྱི་སྐད་ཅིག་གི་རྣམ་རྟོག་དག་ཀྱང་ཡེ་ནས་ཞི་སྟེ་དགའ་སྡུག་གི་སྤྲོས་པ་དག་ལས་ཡེ་ནས་གྲོལ་ན་བསམ་ཨང་ཟེར། སློབ་དཔོན་གྱིས། གཅེས་ཕྲུག ལྷོད་ཙམ་གནོངས་དང་། སེམས་ཀྱི་ཞི་བདེའི་ཟླ་བ་མི་འགྱང་བར་འཆར་ལ་ཉེ་བས་ཁྱོད་རང་ཞི་འཇམ་གྱི་སྒོམ་གདན་ལས་ཨེན་ཙམ་བཞུགས་རོགས་མཛོད། ཁྱོད་ཀྱིས་རང་གི་དབུགས་རྒྱུན་ཚོར་ཐུབ་པ་བྱོས་དང་། ཁྱོད་རང་སྔ་མོ་ནས་ཞི་བའི་དབུགས་རྒྱུན་གཏོང་ལེན་ལ་དགའ་ཞིང་། རྣམ་རྟོག་གི་སྤྲོས་པ་གཡོ་བར་མི་དགའ་བའི་དྭངས་གཙང་ལྷོད་ཡངས་ཀྱི་སེམས་གཤིས་ཅན་ཞིག་ཡིན་པ་ཚོར་ཐུབ་ངེས་ཞེས་གསུངས་སོང་།
༤
སྣང་དོགས་མ་བྱེད། ཁྱོད་ཀྱི་མཚན་གཞུང་གི་སྐར་མདའ་རྒྱུ་བ་ལ་ལྟོས་དང་། ཡང་ན། མ་ངེས་པའི་མཛེས་སྡུག་གི་འཇའ་ཚོན་ལ་སོམ་དང་། སྐད་ཅིག་གིས་གཡོ་བའི་དུས་ཚོད་འདི་ལ་ཁྱོད་ནི་ངོ་མཚར་འཇིག་རྟེན་ལ་བལྟ་བའི་ལྟད་མོ་བ་ཡིན། མདངས་མི་འདྲ་བའི་ངོ་གདོང་རེ་རེ་རྣམ་སྨིན་གྱི་བདེན་དཔང་ལགས་ཀྱང་། འོད་སྣང་གི་ཁེངས་བའི་རྣམ་ཤེས་ཀྱི་ཁ་དོག བཟོ་བཅོས་མ་བརྒྱབ་པའི་དྭངས་གཙང་གི་རྣམ་པ་ཙམ། ཤེས་སམ། འཇིག་རྟེན་དུ་བཀྲ་མི་ཤིས་པའི་དོན་དག་གང་ཡང་བྱུང་མྱོང་མེད་ལ། འཚོ་བའི་གཏམ་རྒྱུད་ཀྱི་ཁྲོད་དུ་མ་ངེས་པའི་སྨག་རུམ་གྱིས་འཇབ་རྒོལ་ཡེ་ནས་བྱེད་མྱོང་མེད། འོན་ཀྱང་། མི་སྡུག་པའི་ཁ་དོག་དེ་དག་ཁྱོད་ཀྱི་གློ་བུར་བའི་འཁྲུལ་སྣང་གི་ཨུ་ཚིགས་ཙམ་དང་། ཉམས་རྒུད་དུ་བྱུང་བའི་རྣམ་ཤེས་ཀྱི་སྐྱོ་གར་ལས་བྱུང་བའི་ཉམས་སྣང་ཙམ། སྐད་ཅིག་སྐད་ཅིག་ལ་འགག་བཞིན་པ་ནི་དུས་ཚོད་ཀྱི་བཞུར་རྒྱུན་ཙམ་མ་ཡིན་པར། འཇིག་རྟེན་འདིའི་སྐྱེ་དངོས་མཐའ་དག་རེད་ལ། ཁྱེད་ཀྱི་སུན་སྣང་དང་རེ་བའི་སྟོང་བའི་དུས་ཚིགས་དག་ཀྱང་ཡིན། ད་ནི་ཁྱོད་ཀྱིས་དུས་ཚོད་ཀྱི་བཞུར་རྒྱུན་ཅི་འདྲའི་མགྱོག་ཅིང་། དབུགས་ཀྱི་རྒྱུ་བ་དེ་ལྟར་མྱུར་བའི་ངང་ཚུལ་དག་དྲན་པར་བྱོས་དང་། ཁྱོད་ཀྱིས་རྣམ་ཤེས་ཀྱི་གཟི་འོད་འབར་བའི་རྡོ་རྗེ་ཕ་ལམ་རྙེད་ཡོང་། དེ་ནས་བཟུང་ཁྱོད་ཀྱིས་འཛུམ་མདངས་ཀྱི་གཉེར་རིས་འཇིག་རྟེན་ལ་ཕུལ་ཞིང་། ནང་སེམས་ཀྱི་ནམ་མཁའ་ཚེ་སྲོག་ལ་ཕུལ་ངེས། འཇིག་རྟེན་འཇིག་རྟེན་དུ་ཤེས་པ་ནས་བཟུང་ཁྱེད་ཀྱིས་གང་ལའང་ཐལ་ཆེ་བའི་འཛིན་སྟངས་ཁྱད་བ་འཛིན་མི་སྲིད་ལ། འཁོར་བ་འཁོར་བ་རུ་ཤེས་པ་ནས་བཟུང་ཁྱེད་ཀྱིས་ཅེས་ཀྱང་རྒྱུ་འབྲས་གཙུགས་འཛིན་གྱི་དམ་ཚིགས་ཅེ་བརྟན་དུ་གཏོང་ངེས་པ་ལགས། སྐད་ཅིག་སྐད་ཅིག་ལ་འགག་བཞིན་པའི་བདེ་སྐྱིད་ཀྱི་སྣང་བ་རག་པ་དེ་དག སྐད་ཅིག་སྐད་ཅིག་ལ་འགྱུར་བཞིན་པའི་སྡུག་བསྔལ་གྱི་སྣང་བ་ལྟར་སྣང་བ་དེ་དག ཡོད་ཚད་ཀྱི་རྣམ་བཞག་ལེགས་པར་ཤེས་རྗེས་ཁྱོད་རང་འཆིང་རྒྱ་ལས་གྲོལ་ཞིང་། འཁྲུལ་སྣང་ལས་ཡོངས་སུ་རྒྱལ་བ་ཡིན་ཨང་།
༥
ཉིན་རེའི་དཔེ་ཁྲིད་ཀྱི་དབུ་བརྩམས་སོང་། ཤེས་རབ་ཀྱི་ལྷ་ལ་གསོལ་བ་བཏབས་ཤིང་སྐྱེ་འགྲོ་ཀུན་གྱི་དོན་དུ་གཞན་ཕན་གྱི་སེམས་བསྐྱེད་རྒྱ་ཆེན་མཛད། དཔེ་རའི་གླག་ཐག་གྲོལ་ནས་བསྟན་བཅོས་ཀྱི་ཁ་ཕྱེས་ཤིང་། དགེན་ལགས་ཀྱིས་སྨྲ་བརྗོད་བདེ་བའི་ངག་སྒོ་ནས་རྟེན་འབྱུང་གི་བརྡ་དོན་ཟབ་མོ་དཔེ་སྣ་ཚོགས་ཀྱིས་སྒོ་ནས་ལེགས་པར་བཀྲལ་སོང་། རྟེན་འབྱུང་གི་ཆོས་ཚུལ་གྱིས་གཏིང་ཟབ་པའི་ཆོས་རྣམས་ཀྱི་སྐྱེ་འགག་ལས་གཞན། བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཡོད་ཚད་ཀྱི་བཀའ་དྲིན་ཤེས་པར་བྱས་ལ། ཡོད་ཚད་ཀྱི་འདུ་འགོད་ནི་ཚེ་སྲོག་གནས་ཐུབ་པའི་རྒྱུ་དང་རྐྱེན་ཉིད་ཡིན་པ་ཧ་གོ་སོང་། ཉིན་གཅིག་གི་འཚོ་བའི་ཆ་རྐྱེན་ལ་བརྟེན་ནས་ཉིན་གཅིག་གི་ཚེ་སྲོག་བདེ་ལེགས་ངང་འཇིག་རྟེན་ནས་འཚོ་བཞུགས་ཐུབ་པའང་ཆོས་ཉིད་རྟེན་འབྱུང་གི་ངང་ཚུལ་ལས་འདའ་མི་འདུག་ཨང་། དགེན་ལགས་ཀྱིས་གསུངས་རྒྱུར། རྟེན་འབྱུང་གི་ངང་ཚུལ་ལེགས་པར་ཤེེས་ཚེ་གློ་བུར་བའི་རྒུད་པ་ཡོད་ཚད་དང་ལེན་ཐུབ་ཅིང་། རྒྱལ་ཕམ་རེས་མོས་ཀྱི་འཚོ་བའང་རྟེན་འབྱུང་གི་གནས་ཚུལ་ལས་འདའ་མེད་པ་རྟོགས་ཐུབ། དགའ་སྡུག་གི་རོལ་རྩེད་མཐའ་དག་རྟེན་འབྱུང་གི་ལག་ལེན་མི་འདྲ་བས་བསྐྱེད་འབྲས་ཡིན་ལ། རྟེན་འབྱུང་གི་ཆོས་ཚུལ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་འདའ་མེད་ཚུལ་གསུངས་སོང་། འཇིག་རྟེན་གྱི་ཞོགས་པ་མཐའ་དག་འདི་འདྲའི་དོན་སྙིང་ལྡན་པའི་ངང་བསུ་བར་དཀའ་ན་ཡང་། འཆད་ཉན་ཐོས་བསམ་གྱི་དུས་ཡུན་འདི་ནི་རིན་ཐང་གཞལ་མཐའ་བྲལ་བའི་དུས་ཚོད་ཅིག་ཡིན་པ་ལོས་རྟོགས་ཨང་།
༦
ཆོས་ཀྱི་དགའ་སྟོན་ལ་རོལ་བའི་བཙུན་ཆུང་གི་མི་ཚེ། གུ་ཡངས་བག་ཕེབས་པ། དགེ་ལེགས་བཀྲ་ཤིས་པ། བསོད་ནམས་དཔལ་དང་ལྡན་པ་ཞིག་ཡིན་ཏེ། འདོད་རྔམས་ཀྱི་མེ་ལྕེ་ལས་རྒྱང་དུ་གྱེས་ཏེ་བསིལ་ལྡན་ཚུལ་ཁྲིམས་ལ་གནས་ཤིང་། ཆོས་ཉིད་ཀྱི་བདེན་པ་འཚོལ་བའི་ཐོས་བསམ་གྱི་དཔལ་ལ་རོལ། སྐྱེ་འཆིའི་ཕ་རོལ་ཏུ་ཕྱིན་པའི་ཚེ་སྲོག་གི་གསང་བ་རྙེད་ཅིང་། གཞན་ཕན་སྙིང་རྗེ་ལས་འཁྲུངས་བའི་སེམས་བསྐྱེད་ཀྱི་གྲུ་ལ་ཞུགས། རྣམ་ཤེས་ཀྱི་ཁམས་གསོ་བའི་ཞི་བ་ཏིང་འཛིན་ལ་གནས་ཤིང་། སྡུག་བསྔལ་གྱི་རྒྱ་ལས་གྲོལ་བའི་ཤེས་རབས་ཀྱི་གཏིང་རྙེད་པའི་ཡོན་ཏན་དང་ལྡན་པ་ཡིན། བྲེལ་ཟིང་རྙོག་འཛིང་གི་འཚོ་བ་ལས་རྒྱང་དུ་གྱེས་ཏེ་ཚེ་གཅིག་གི་དུས་ཚོད་ཉམས་ལེན་ལ་ཕུལ་ཞིང་། ཕྱོགས་རིས་ཀྱི་མཐར་འཛིན་བཅད་ནས་སྐྱེ་འགྲོ་ཀུན་ལ་འདྲ་མཉམ་གྱིས་ཐུགས་བསྐྱེད་སྨོན་ལམ་ཞུའོ།། ཆོག་ཤེས་ཀྱི་སེམས་པ་སྤྲོ་དགའ་བག་ཕེབས་འབྱུང་བའི་རྒྱུ་ཉིད་དུ་རྟོགས་ཤིང་། གཞན་ཕན་གྱི་སེམས་པ་འཇིག་རྟེན་བདེ་ལེགས་འཕེལ་བའི་རྒྱུ་ཉིད་དུ་རྟོགས་ཡོད། འཕྲལ་རྐྱེན་ངན་པའི་བར་ཆད་མཐའ་དག་དཀྱེལ་ཡང་ངང་དང་ལེན་མཛད་ཅིང་། བཀྲ་ཤིས་དགེ་ལེགས་ཀྱི་བྱུང་བ་དག་ཀྱང་ཐལ་མི་ཆེ་བའི་འདུ་ཤེས་ཀྱིས་སྐྱེ་རབས་ཀྱི་བསོད་ནམས་སུ་བལྟའོ།། བག་མེད་ཀྱི་འདུ་ཤེས་མི་ལེགས་པ་དང་སྦྱོར་བ་ངན་པ་དག་ལ་ཐལ་ཆེ་བའི་སྡུག་བསྔལ་མི་བསྐྱེད་དེ། དེ་དག་ནི་ནང་སེམས་ཀྱི་རྟོགས་པ་དང་ཉམས་ལེན་གོང་མཐོར་གཏོང་བའི་གྲོགས་སུ་བལྟ་བར་བྱེད། ཡང་དེ་དག་ལ་སྣང་དོགས་མེད་པར་ཉོན་མོངས་རྒྱུད་ལུགས་ཀྱི་དབང་དུ་འགྲོ་བར་མི་བྱེད་དེ། རྨོངས་པ་མི་ཤེས་པའི་དབང་གིས་ཕྱིན་ཆད་མི་བགྱིད་པའི་དམ་བཅའ་དང་སྨོན་ལམ་ལེགས་པར་བྱེད་དོ།། བཙུན་ཆུང་གི་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ནི་འཇིག་རྟེན་འཆམ་མཐུན་བསྐྱེད་པའི་ཆེས་ལེགས་པའི་རྒྱུ་ཉིད་དུ་བསམ་དེ། འགྲོ་འོང་གི་ཁྲོད་ནས་ཀྱང་རྐང་འོག་དུ་གྲོག་མ་དང་འབུ་སྡོམ་གསོད་པའི་སེམས་ཁུར་བྱེད་པའི་གོམས་གཤིས་བཟང་པོ་ལྡན་ལ། གཞན་གྱི་ཚེ་སྲོག་འགྲོ་གྲོན་ཏུ་བཏང་ནས་ཤ་ཁྲག་ཁ་ཟས་བགྱི་བའི་སྲིན་པོ་དང་གདོལ་བའི་ལས་ཀྱང་ཡེ་ནས་མི་བགྱི་བའི་དམ་ཚིགས་བརྟན། འཁོར་བའི་མེ་འོབས་ཀྱི་ཁྲོད་ནས་བཙུན་ཆུང་གིས་རྨོངས་པའི་བག་ཆག་ཤིན་ཏུ་མཐུག་པའི་ཁོ་པ་དང་ཁོ་མོའི་ཆེད་དུ་གསོལ་འདེབས་བྱེད་ཅིང་། དྲིན་གཟོ་དང་ཁེ་ཕན་ལ་མི་རེ་བའི་སེམས་བསྐྱེད་རྒྱ་ཆེ་བའི་ཆོས་ཀྱི་སྦྱིན་པ་ཕྱོགས་མེད་དུ་གཏོང་བར་བྱེད་པ་ལགས། དེ་བས་བཙུན་ཆུང་གི་མི་ཚེ་བྱམས་བརྩེ་དང་རྟེན་འབྱུང་གི་ངང་རྒྱུད་ལས་ཡེ་ནས་མི་འདའ་ཞིང་། དཀྱེལ་དང་དགེ་ལེགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཡོད་པ་ལགས་སོ།།
༧
ངས་ད་ལྟ་ཁྱེད་ཀྱི་ཆེད་དུ་སྐྱབས་འཇུག་ཞུས་ཡོད། འཁོན་སེམས་དང་ཕྱོགས་ཞེན་ཡོད་ཚད་དོར་ཏེ་ཤིན་ཏུ་དྭངས་གཙང་གི་སེམས་པས་སྙིང་ཐག་པ་ནས་སྐྱབས་འཇུག་ཞུས་ཡོད། ཁྱེད་རང་འཆི་ལ་ཉེ་བའི་དུས་ཚོད་དུ་སླེབས་ཡོད་ན། ཤི་བའི་སྐད་ཅིག་ཕྱི་མ་ནས་རྣམ་ཤེས་ཀྱི་གནས་མལ་རྙེད་ཅིང་དབུགས་ཀྱི་རྒྱུ་བ་འཇམ་པོར་འཇོག་ཐུབ་པའི་སྨོན་ལམ་བཏབས་ཡོད། ཁྱེད་རང་རང་དབང་བོར་བའི་འཇིག་རྟེན་འདིའི་སྡུག་བསྔལ་བའི་མགྲོན་པོ་ཞིག་ཡིན་ན། ཁྱེད་ཀྱིས་ད་ལྟ་ནས་རྣམ་ཤེས་ཀྱི་གད་རྒྱངས་བསྒྲགས་ཏེ་སྐྱེ་བ་འདིའི་འཆིང་རྒྱ་གྲོལ་ཐུབ་པའི་སྨོན་ལམ་བཏབས་ཡོད། ཁྱེད་རང་དབུལ་ཕུངས་ཀྱི་ངལ་དུབ་ཁྲོད་ནས་རྣམ་ཤེས་ཀྱི་བདེ་སྐྱིད་བོར་ཡོད་ན། ཁྱེད་ཀྱིས་ད་ལྟ་ནས་ཤེས་རིག་གི་གཏེར་ཆེན་རྙེད་དེ་ཕུལ་དུ་བྱུང་བའི་ཕུག་བསམ་གྱི་རྒྱལ་ཁབ་རྙེད་པའི་སྨོན་ལམ་བཏབས་ཡོད། ཁྱེད་ཀྱི་ནང་སེམས་དོགས་འཚེར་གྱི་གཙེས་ཏེ་འཇིག་རྟེན་གྱི་ཡོད་ཚད་མ་དག་པའི་དུག་ཆུ་བཞིན་སྣང་ན། ཁྱེད་ཀྱིས་ད་ལྟ་ནས་རང་སེམས་ཀྱི་ནམ་མཁའ་རྙེད་ཅིང་། རྙིད་ཟིད་པའི་རང་སྟོན་དང་བྱམས་བརྩེ་བཅས་ཀྱི་སྟེང་དུ་ཤེས་རབ་ཀྱི་སྦྲང་ཆར་གཏོར་ཐུབ་པའི་སྨོན་ལམ་བཏབས་ཡོད། ཁྱེད་ལ་ནད་ཀྱི་སྡུག་བསྔལ་ཡོད་ན་ནད་ལས་གྲོལ་ཞིང་། འཐབས་རྩོད་ཀྱི་སྡུག་བསྔལ་ཡོད་ན་འཐབས་རྩོལ་གྲོལ་བའི་སྨོན་ལམ་སྙིང་ནས་བཏབས་ཡོད། སྨོན་ལམ་འདི་དག་སྐྱེས་བུ་ཁྱད་པར་ཅན་དག་གིས་སྔར་ནས་བཏབས་ཡོད་ངེས་མོད། སྨོན་ལམ་ནི་རེ་བ་དང་ཕུགས་བསམ་བཞིན་གནས་ཚུལ་མངོན་གྱུར་འོང་བྱེད་ཀྱི་རྟགས་དང་མཚན་མ་ཁྱད་པར་བ་ཡིན། དེ་བས་འཇིག་རྟེན་གྱི་ཞི་བདེ་དང་རང་དབང་སོགས་ཀྱང་སྨོན་ལམ་ནས་མགོ་བརྩམས་པ་ཤ་སྟག་ཡིན་ལ། ཁྱོད་ཀྱིས་རྙེད་ཡོད་པའི་སེམས་ཀྱི་གནས་མལ་དང་བདེ་སྐྱིད་བཅས་ཀྱང་སྨོན་ལམ་ནས་མགོ་བརྩམས་པ་ཤ་སྟག་ཡིན་ནོ།། མུ་འགོད།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease