བར་དོའི་མེ་ལོང་།

    ཆང་རྐྱལ་དུ་འབོད་པས་བྲིས་སོ།།


བར་དོའི་མེ་ལོང་།

               ཆང་རྐྱལ་དུ་འབོད་པས་བྲིས་སོ།།


དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །
 
འཛམ་གླིང་གི་སྐྱེ་འགྲོ་སུ་དང་གང་ལ་བསམས་ཀྱང་སྐྱེ་བའི་མཐར་འཆི་བ་ཡོད་པ་ནི་རྟེན་ཅིང་འབྲེལ་བ་འབྱུང་བའི་གནད་ཀྱིས་ཟློག་ཏུ་མེད་ལ།  མི་འདོད་ཀྱང་འཆི་བར་གདོང་གཏད་དགོས་པ་ནི་དེ་ལས་ཀྱང་ཡ་ང་བའི་འཕོ་འགྱུར་ཞིག་རེད་ཨང་།  
      མི་མང་པོ་ཞིག་ལ་མཚོན་ན་འཆི་བའི་སྐོར་ནས་མཉན་རྒྱུ་ལ་དགའ་པོ་མེད་ལ་མཐའ་ན་འཆི་ཞེས་པའི་ཚིག་འདི་གནའ་ལམ་དུ་ཐོས་དུས་ཐན་ལྟས་སམ་བཀྲ་མི་ཤིས་པའི་རྣམ་རྟོག་སྐྱེན་པོ་རེ་སྐྱེ་བ་ཡང་ཤེས་མོད།  འོན་ཀྱང་འཆི་བ་ནི་གཏན་ཁེལ་ལ།  ནམ་ཞིག་འཆི་མིན་ནི་ཆ་མ་མཆིས་པས་རང་མགོ་རང་གིས་བསྐོར་ཏེ་འཆི་ཞེས་པའི་ཚིག་འབྲུ་ཉིད་ལ་གཡོལ་བར་བྱས་ཀྱང་ཕན་འབྲས་དམན།  དུས་རབས་འདིའི་མི་རྣམས་ནི་བསམ་བློ་གཏང་རྒྱུར་དགའ་ཞིང་གནའ་བོའི་མི་དང་བསྡུར་ན་ཤེས་རབ་ཆེ་བ་རུ་བཤད་ན།  དཔྱོད་ཤེས་ཀྱི་མིག་ཟུང་གིས་རྒྱང་རིང་དུ་བལྟས་ནས་རང་ཉིད་སྔར་གང་ལས་བྱུང་བ།  ད་ལྟར་གང་དུ་གནས་པ།  མ་འོངས་པར་གང་དུ་འགྲོ་རྒྱུ་སོགས་ལ་གོ་མྱོང་རེ་བྱས་ན་ཅི་འདྲའི་མིང་དོན་མཚུངས་པ་ཞིག་རེད།  
      དེང་དུས་ཀྱི་མི་མང་པོ་ཞིག་གིས་འཆི་བ་ནི་མར་མེ་གཟིམས་པ་བཞིན་ཡོད་ཚད་མཇུག་རྫོགས་སོང་བའི་སྐྱོ་སྣང་རིང་ལུགས་ཀྱི་སྣང་བ་ཞིག་ལས་ལྟ་ཚུལ་གཞན་མེད་པས།  འཆི་ཞེས་པའི་ཐ་སྙད་ལ་དམིགས་ཀྱིས་ཚོར་བ་སྐྱེན་པོ་རེ་འབྱུང་བའི་གནད་ཀྱང་དེར་འདུས་སོ་སྙམ།
      ཕྱི་ལོ་༢༠༢༢ལོའི་ཟླ་བ་༡༡པའི་ཚེས་༡༥ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་འགྲོ་བ་མིའི་མི་གྲངས་བསྡོམས་འབོར་ལས།  དེང་སང་གི་སའི་གོ་ལ་ཟླུམ་པོའི་འདིའི་ཐོག་ཏུ་མི་གྲངས་དུང་ཕྱུར་བརྒྱད་བཅུ་ཡོད་པར་གསལ་བསྒྲགས་སྤེལ་བ་ལ་དཔགས་ན།  དེའི་ནང་དུ་ཆོས་ལུགས་ལ་དད་པ་བྱེད་མཁན་ནི་བརྒྱ་ཆ་དགུ་བཅུ་ཡན་མན་ཟིན་ཅིང་།  འཆི་བར་གྲ་སྒྲིག་དང་གདོང་ལེན་ནུས་མཁན་ནི་བརྒྱ་ཡི་ཆ་བཅུ་ཙམ་ཡང་ཟིན་དཀའ་བས་ཕྱོགས་གཞན་ཞིག་ནས་བསམས་ན་འདི་ནི་ཅི་འདྲའི་ཕངས་པ་ཆེ་བ་ཞིག་རེད།     
      དུས་རབས་ཉེར་གཅིག་པའི་འཛམ་བུ་གླིང་འདི་ལ་བསམས་ན།  ཤེས་རིག་སྣ་མང་།  དཔལ་འབྱོར་ཡར་ཐོན།  ཚན་རིག་གོང་འཕེལ་སོགས་ཡིན་ཡང་།  མི་སོ་སོའི་ཚེ་འདིའི་ཆེས་མཐའ་མཇུག་གི་བགྲོད་ལམ་ལ་བསམ་བློ་གཏོང་མཁན་ནི་ཆོས་ལུགས་པའི་ནང་ནས་འབྱུང་བ་ལས་གཞན་པའི་ཁྲོད་ནས་བྱུང་བ་ཉུང་ཤས་ཞིག་ལས་མི་སྣང་།  དེང་སང་ཡོངས་སུ་གྲགས་པར་ཡེ་ཤུ་ཆོས་ལུགས།  ཁ་ཆེའི་ཆོས་ལུགས།  ནང་བསྟན་ཆོས་ལུགས་ཞེས་ཆོས་ལུགས་ཆེན་པོ་གསུམ་དུ་གྲགས་མོད།  དེ་ལས་འཆི་བའི་སློབ་གསོ་ཆེས་ཡག་ཤོས་ནི་ནང་བསྟན་ཆོས་ལུགས་ཉིད་ཡིན་ལ།  དེ་ལས་ཀྱང་ཐེག་ཆེན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཆི་བར་གདོང་ལེན་བྱེད་ཚུལ་དང་སློབ་གསོ་ནི།  འཛམ་གླིང་གི་སྐྱེས་ཆེན་མང་པོས་མཐོང་ཆེན་བྱེད་བཞིན་ཡོད་ལ་ཤེས་རབ་ཅན་དུ་མས་མཐེ་བོང་བགྲེང་གིན་ཡོད།  དེ་ཡང་བོད་བརྒྱུད་ནང་བསྟན་སྤྱི་ཡོངས་ནས་བསམ་བློ་བཏང་ན།  འདི་ཉིད་ཀྱི་གཞི་ལམ་འབྲས་གསུམ་ཡོད་དགུའི་གནད་འགག་མང་དག་ཅིག  འཆི་བར་གདོང་ལེན་ཇི་ལྟར་བྱེད་ཚུལ་དང་།  གསོན་པར་སྤྲོ་བ་གང་འདྲ་འཚོལ་ཚུལ་གྱི་སྒྲོམ་གཞི་ལས་མ་འདས་མོད།  དེ་ལས་ཀྱང་ཡོངས་སུ་གྲགས་པར་《 བར་དོ་ཐོས་གྲོལ་ཆེན་མོ་》སོགས་ལས་དངོས་སུ་ཚེ་འདི་སྣང་གི་སྣང་བ་ནུབ་པ་ནས་རྒྱུད་རིམ་གང་འདྲ་བགྲོད་ཚུལ་དང་།  འགག་འཕྲང་དེ་དག་ལས་ཉེན་གཡོལ་ཇི་ལྟར་བྱེད་ཚུལ་སོགས་དངོས་སུ་གསལ་བོར་གསུངས་པས།  ནུབ་ཕྱོགས་ནས་དམིགས་ཀྱིས་འདི་ཉིད་ལ་འཆི་བའི་རིག་པ་ཞེས་པའི་བཤད་སྲོལ་ཞིག་ཀྱང་ཡོད་འདུག  དེ་ཡང་བོད་བརྒྱུད་ནང་བསྟན་ཆོས་གཞུང་གི་ཆ་ཤས་བར་དོ་ཐོས་གྲོལ་ཆེན་མོ་ནི་དུས་རབས་བརྒྱད་པའི་ནང་ནས་བསིལ་ལྡན་བོད་ཆེན་པོའི་ལྗོངས་འདིར།  སློབ་དཔོན་སངས་རྒྱས་གཉིས་པའི་ཐུགས་བརྩེ་ལས་འཁྲུངས་པ་ཡིན་ཞིང་།  བཤད་སྲོལ་དུ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་གང་ཉིད་གངས་ཅན་གྱི་ཡུལ་འདི་དང་གྱེས་པའི་ཚུལ་སྟོན་པའི་སྐབས་སུ་སྨོན་ལམ་གྱི་གཏེར་རྒྱ་མཛད་དེ་གུ་རུ་གང་ཉིད་ཀྱི་གཙོ་བོའི་སློབ་འབངས་སུ་གྱུར་པ་རྗེ་འབངས་ཉེར་ལྔ་ལ་ཆོས་འདི་དག་གི་བཀའ་གཏད་མཛད་ཚུལ་སོགས་ཀྱི་བཤད་སྲོལ་ཡོད་འདུག་ཀྱང་དེ་དག་ནི་རེ་ཞིག་མི་གླེང་ངོ་། ། 
       དུས་རབས་དགུ་པའི་སྐབས་སུ་བོད་བཙན་པོའི་རྒྱལ་ཁམས་གས་ཆག་བྱུང་བས་ཆོས་དཔལ་རིག་གསུམ་གང་ཐད་ནས་ཕམ་ཉེས་སྨྲ་བརྗོད་ལས་འདས་པ་བྱུང་མོད།  འོན་ཀྱང་ཕྱིས་སུ་ལོ་ཆེན་རིན་ཆེན་བཟང་པོ་སོགས་ནས་བསྟན་པའི་མེ་རོ་སླར་ཡང་སྦར་ཞིང་།  གངས་ཅན་དུ་ཐུབ་བསྟན་གྱི་ཉི་གཞོན་སླར་ཡང་འཆར་བའི་སྐབས་སུ།  མཚན་གྱི་སྙན་པ་ས་གསུམ་ན་འབར་བའི་དམ་པ་ཆེན་མོ་གཏེར་སྟོན་ཀརྨ་གླེང་པས་སྒོམ་པོ་གདར་(Gampodar)གྱི་རི་བོ་ནས།  ལས་སྨོན་རྟེན་འབྲེལ་གྱི་བགོ་སྐལ་ལས་ཟབ་ཆོས་ཞི་ཁྲོའི་ཆོས་སྐོར་གཏེར་ལས་སྟོན་པར་མཛད་ཅིང་།  དེ་ནས་རྗེ་གང་ཉིད་ཀྱི་སྲས་ཉི་ཟླ་ཆོས་རྗེ།  དེ་ནས་གུ་རུ་ཉི་མ་འོད་ཟེར་གྱི་བར་དུ་གཅིག་རྒྱུད་ཀྱི་ཚུལ་དུ་བརྒྱུད་ཅིང་།  དེ་ནས་ཕྱིས་སུ་གངས་ཅན་གྱི་ལྗོངས་སུ་རྒྱལ་ཆེར་བཀྲལ་བ་ནས་ད་ལྟའི་བར་དུ་གྲ་མ་ཉམས་གྲུ་མ་ཞིག་པར་གནས་པ་ཡིན་ནོ། །ཕྱི་ལོ་༡༩༢༧ལོར་བོད་ཀྱི་བླ་མ་མཁར་རྩེ་ཟླ་བ་བསམ་གྲུབ་ (Kazi Dawa-Samdup )ཀྱིས་འཛམ་གླིང་ཐོག་བཀོལ་སྤྱོད་ཆེ་བའི་དབྱིན་ཇིའི་ཡིག་གེ་རུ་བསྒྱུར་ནས།  འཛམ་གླིང་གི་སློབ་གྲྭ་རྩེ་གྲས་ཀྱི་ཁོངས་སུ་གཏོགས་པ་གླང་རབ་སློབ་གྲྭ་ཆེན་མོའི་(University of Oxford 牛津大學)མི་རིགས་རིག་པའི་སློབ་དཔོན་”ཡི་བྷན་སི་ཝིན་ཙི་”( Evans_Wentz1878-1965) < བོད་རིག་པའི་མཁས་པ་ཞིག་ཡིན་པར་ཡང་བཤད། > ཡིས་རྩོམ་སྒྲིག་སོགས་བཟོས་ནས།  ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་འགྲེམ་སྤེལ་བཟོས་པ་ན་ཤུགས་རྐྱེན་བསམ་ཡུལ་ལས་འདས་པ་བྱུང་།  ཡོ་རོབ་གླིང་གི་རྒྱལ་ཁབ་སི་ཝེས་ཙེར་(swiss)གྱི་སེམས་ཁམས་རིག་པ་གྲགས་ཅན།  རྒྱལ་སྤྱིའི་སེམས་ཁམས་དབྱེ་ཞིབ་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ།  ཁར་གྷེ་ཁྲི་ལྗིམ་(Carl Gustav Jung  1875—1961)ལགས་ཀྱིས་བར་དོ་ཐོས་གྲོལ་ཆེན་མོ་འདི་ཉིད་ཁོ་རང་གི་ཚེ་གང་གི་གཏན་གྲོགས་དང་གློ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་ཚུལ་སོགས་གསུངས་པ་ན།  དེ་ནས་འཛམ་གླིང་གི་རྒྱལ་ཁབས་མང་པོས་མཐོང་ཆེན་བཟོས་ཞིང་།  དབྱིན་ཡིག་ལས་གྲུབ་པའི་ཐོས་གྲོལ་ཆེན་མོ་དེ་ཉིད་འཇར་མན་དང་རྒྱ་ནག་སོགས་ཀྱི་ཡི་གེ་མང་པོའི་ཐོག་ཏུ་བསྒྱུར་ཡོད་འདུག  ཕྱིས་སུ་ཕྱི་ལོ་༡༩༧༥ལོར་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་ཧྥེ་མན་ཐོ་(Francesca Fremantle)གཉིས་ཀྱིས་སླར་ཡང་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་བར་ཡང་གྲགས་སོ། །མ་གཞི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནུབ་ཕྱོགས་ཨ་རི་རྒྱལ་ཁབ་སོགས་ལ་དར་བར་ཐོག་མའི་ཞབས་རྗེས་འཇོག་མཁན་ཡང་བར་དོ་ཐོས་གྲོལ་ཆེན་མོ་འདི་ཉིད་ཡིན་ཚུལ་དང་།  ཕྱིས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་དང་མཁས་པ་ཆེན་པོ་སོགས་ནུབ་ཕྱོགས་སུ་བསྐྱོད་པ་ན།  ཐོས་གྲོལ་ཆེན་མོ་འདི་ཉིད་སྔར་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་སྐད་གྲགས་མེ་བཞིན་འབར་བས་ན།  འདི་ཉིད་ནི་ཁོ་ཚོ་ངོ་སྤྲོད་དང་གསལ་བཤད་གནང་མཁན་ཡག་ཤོས་ལྟ་བུ་ཡང་ཆགས་ཡོད་པར་གྲགས་སོ། །
      ད་ནི་སྐབས་ཀྱི་གླེང་གཞི་དངོས་ལ་གཞུག་པར་བྱ་སྟེ།  དེ་ཡང་བར་དོ་ཞེས་པ་འཇིག་རྟེན་ཡོངས་སུ་གྲགས་པར་ཚེ་འདི་སྣང་གི་སྣང་བ་ནུབ་ནས་ཕྱི་མའི་ལུས་རྟེན་ལ་མ་ཞུགས་ཀྱི་བར་དེར་ངོ་བཟུང་བྱེད་མོད།  ཡིན་ཡང་སྐབས་འདིར་ངེས་པའི་རྒྱུད་སྡེ་དག་ལས་ཇི་ལྟར་གསུངས་པ་བཞིན་བཤད་པར་བྱ་སྟེ།  ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས།  ངེས་པའི་དོན་ལ་མི་གནས་པས། །རང་ས་མ་ཡིན་བར་དོ་ཡིན། །ཞེས་པས་མཚོན་ཏེ་རྒྱུད་ཆེན་ཁག་དང་མ་ཟད་མཁས་གྲུབ་གཉིས་ལྡན་གྱི་དམ་པ་ཆེན་མོ་ཀུན་མཁྱེན་ངག་གི་དབང་པོས་སྙིང་ཐིག་གི་ཁྲིད་ཡིག་སོགས་ལས་གསུངས་པ་བཞིན་ཏེ།  གཞི་ལས་གཞི་སྣང་ཤར་བ་ནས་གཞི་སྣང་རང་སྣང་དུ་ངོ་མ་ཤེས་ཀྱི་བར་དེར་བར་དོ་རུ་ངོས་བཟུང་བ་ཡིན་ནོ། །ཐེག་པ་ཐུན་མོང་དུ་འཕགས་བོད་ཀྱི་མཁས་པ་རྣམས་ཀྱིས་བར་དོ་ཉིད་ལ་རྣམ་གྲངས་གསུམ་དང་བཞི།  དེ་བཞིན་དུ་དྲུག་སོགས་སུ་བཤད་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་།  སྐབས་འདིར་ཡང་གསང་བླ་ན་མེད་པའི་ཐུན་མིན་གྱི་བཤད་སྟངས་ཏེ།  རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ།  ཆོས་ཉིད་ཀྱི་བར་དོ།  སྲིད་པ་བར་དོ་སྟེ་རྣམ་གྲངས་བཞི་རུ་མ་འདུས་པ་མེད་པས་དེ་བཞིན་དུ་བཤད་པར་བྱ་ལ།  དེ་ལྟར་སྨྲ་བའི་སེངྒེ་ཀུན་མཁྱེན་ཀློང་མཁྱེན་རབ་འབྱམས་ཀྱིས་བར་དོ་ལ་རྣམ་གྲངས་བཞི་རུ་བཤད་པ་འདི་ནི།  ཐུན་མོང་མ་ཡིན་པའི་ཐེག་པ་གསང་བ་རྒྱལ་པོའི་ལུགས་ཀྱི་བཤད་ཚུལ་ཡིན་པ་སྒྲ་ཐལ་འགྱུར་གྱི་རྒྱུད་དང་དགོངས་པ་སྦྲེལ་ཏེ་རྒྱ་ཆེར་གསུང་པ་བཞིན་ནོ། །
      ལར་གནས་དོན་འདིའི་སྐོར་ནས་རྩོམ་ཞིག་བྲི་བར་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན།  ཐོས་བསམ་བསྒོམ་པ་རྒྱ་ཆེན་པོ་མཐར་ཕྱིན་ནས་རང་མྱོང་དང་ཉམས་ལེན་གནད་དུ་སྨིན་མཁན་ཞིག་གམ།  ཡང་ན་ཚེ་སྔོན་གྱི་ལས་སད་ཅིང་སེམས་ཉིད་ཡེ་ཤེས་ཀྱི་གནད་ལ་རང་བྱན་ཚུད་ཅིང་།  ཚེ་འདིར་བླ་མ་མཚན་ལྡན་གྱི་དྲུང་ནས་མན་ངག་ཟབ་མོ་ལ་བསྟེན་ནས་སྤྲོས་པ་གཅིག་ཆར་དུ་ཆོད་པའི་སྐྱེས་བུ་ཞིག་མིན་ཚེ་སྒྲོམ་གཞི་འདི་འདྲ་ཞིག་གི་ཐོག་ནས་བྲིས་ཀྱང་།  ལན་ཚྭ་མེད་པའི་ཁ་ཟས་དང་རྣམ་ཤེས་མེད་པའི་བེམ་པོ་བཞིན་སྙིང་དོན་ཆུང་བ་ཤེས་མོད།  འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་སྙིགས་མ་ལྔ་བདོ་བའི་དུས་འདིར་ཆོས་ཀྱི་རྒྱལ་མཚན་ཆེན་པོ་མི་མངོན་པའི་དབྱིངས་སུ་ནུབ་པར་ཕྱོགས་དང་སྒོ་ཀུན་ནས་ཉེན་ཁ་དང་རྒྱུ་རྐྱེན་མི་ཉུང་བའི་སྐབས་འདིར།  སྔོན་བྱོན་དམ་པའི་མན་ངག་གི་ཆ་ཡི་ཆ་ཕྲན་ཙམ་ཞིག་གང་ནུས་ཀྱིས་སྟབས་བདེའི་རྣམ་པའི་ཐོག་ནས་འབྲི་ཤེས་མིན་ལ་བརྩོན་པ་བགྱིས་ན་དེ་ཡང་དོན་མི་ཆུང་བར་སེམས་པས་སྒྲོམ་འདི་འདྲ་ཞིག་གི་ཐོག་ནས་བྲི་རྒྱུའི་དབུ་ཁྱུད་བརྩམས་པ་ཡིན་ནོ། །

 


༡ རང་བཞིན་གྱི་བར་དོ།
      འདི་ནི་བར་དོ་དྲུག་ཁྲིད་སོགས་ཀྱི་སྐབས་ནས་ཤོད་ཀྱིན་པའི་སྐྱེ་གནས་ཀྱི་བར་དོ་དང་གཅིག་མཚུངས་ཡིན་ཞིང་།  མ་ཡི་མངལ་དུ་ཞུགས་པ་ནས་མཐར་འཆི་རྐྱེན་གྱི་ནད་ཀྱིས་མ་བཏབ་ཀྱི་བར་དུ་རང་བཞིན་གྱི་བར་དོ་ཞེས་ངོས་འཛིན་དགོས་པ་ཡིན་ལ།  དེ་ཡང་བར་དོའི་ཆོས་བཤད་ཐོས་པ་རྣམ་གྲོལ་ལས་མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆོད་ཅེས་གསུངས་པ་དང་།  དེ་བཞིན་རྒྱལ་དབང་ལྔ་པས་རིག་འཛིན་ཞལ་ལུང་ཞེས་པ་ལས་ཀྱང་འདི་ལྟར་དུ་གསུངས་པས་ན་འདི་དག་ནི་མཁས་པའི་གཏམ་རྨ་མེད་པ་ཡིན་པས་ན་མཐའ་གཅིག་ཏུ་ཡིད་འདྲིས་ཆོག་པ་ཡིན་ནོ། །འོ་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་འོད་གསལ་མཛོད་དང་ཐེག་མཆོག་མཛོད་གཉིས་ལས་ཀྱང་།  རང་བཞིན་བར་དོའི་ས་མཚམས་དེ་མའི་མངལ་སྒོ་ནས་ཐོན་པ་ནས་འཆི་རྐྱེན་གྱི་ནད་ཀྱིས་མ་བཏབ་ཚུན་ཆོད་ཅེས་གསུངས་པ་དང་འགལ་ལམ་སྙམ་ན།  དེ་འདྲའི་ཚིག་དག་ནི་ཀུན་མཁྱེན་གྱིས་ཁྱབ་པ་ཅན་གྱི་དོན་དུ་མིན་པར་གཙོ་ཆེར་གྱི་དབང་དུ་གསུངས་པ་ཡིན་ཏེ།  གལ་སྲིད་དེ་ལྟར་དུ་མ་ཡིན་ཚེ་སྐྱེས་བུ་གང་ཞིག་མའི་མངལ་དུ་ཟླ་དགུ་ངོ་བཅུ་ལ་གནས་པའི་བར་དེ་བར་དོ་གང་གི་ཁོངས་སུ་ཡང་མི་འདུ་བའི་སྐྱོན་ཡོད་པ་ཡིན་ཞིང་།  དེ་བཞིན་དུ་ཀུན་མཁྱེན་གྱིས་རང་བཞིན་གྱི་བར་དོ་ལ་མའི་མངལ་སྒོ་ནས་ཐོན་པ་ནས་འཆི་རྐྱེན་གྱི་ནད་ཀྱི་བཏབ་པ་ཚུན་ཆོད་ཅེས་པ་འདི་ཁྱབ་པ་ཅན་གྱི་དོན་དུ་མ་གསུངས་པ་ཇི་ལྟར་ཤེས་ཞེ་ན།  སྐྱེ་བ་གསུམ་ལས་རྫུས་སྐྱེས་དང་དྲོད་སྐྱེས་སོགས་ལ་ཡང་རང་བཞིན་གྱི་བར་དོ་ཡོད་ཀྱང་དེ་དག་ལ་མའི་མངལ་སྒོ་ནས་ཐོན་དུ་མེད་པའི་ཕྱིར་གཙོ་ཆེར་གྱི་དབང་དུ་མཛད་པ་ཡིན་པར་ཤེས་པར་བྱའོ། །མ་ཟད་ཀུན་མཁྱེན་ཉིད་ཀྱིས་ཀྱང་འོད་གསལ་མཛོད་དམ་ཚིག་དོན་མཛོད་ཆེན་གྱི་བར་དོ་བཞི་ལས་སྲིད་པ་བར་དོའི་ས་མཚམས་བཤད་པའི་མཇུག་ཏུ།  མའི་མངལ་དུ་ཚུད་པ་ནི་སྲིད་པ་ཕྱི་མ་འོ་ཞེས་གསུངས་པ་འདི་ཉིད་རྒྱུ་མཚན་དུ་བཟོས་ནས་མཐའ་གཞན་འགོག་པའི་རིགས་པས་ཀྱང་ཟླ་དགུ་ངོ་བཅུ་ཡི་དུས་དེ་རང་བཞིན་གྱི་བར་དོའི་ཁོངས་སུ་འདུས་པ་གྲུབ་པར་སེམས་སོ། །
      དེ་ཡང་རྣམ་འབྱོར་པ་ཚེ་སྔོན་གྱི་ལས་སད་ཅིང་མཚན་ལྡན་གྱི་བླ་མའི་དྲུང་ནས་གདམས་པ་ཚང་ལ་མ་ནོར་བ་ཐོབ་ནས་ཐོད་རྒལ་གྱི་ལམ་འབའ་ཞིག་ལ་ཉམས་ལེན་གྱི་མི་ཚེ་བསྐྱལ་ན།  བར་དོ་ཕྱི་མ་རྣམས་འཆར་མི་དགོས་པར་ཚེ་ཐོག་འདི་ནས་གྲོལ་བ་ཡིན་ཞིང་།  དེ་བཞིན་བརྩོན་འགྲུས་རབ་ཏུ་ཆེ་བའི་ལས་ཅན་གྱི་གང་ཟག་གིས་ཀྱང་བར་དོ་འདི་རང་ནས་གྲོལ་བ་རྙེད་པ་ཡིན་པས།  སྨྲ་བའི་སེང་གེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་རང་བཞིན་གྱི་བར་དོའི་སྐབས་སུ་ཅིས་ཀྱང་འབད་པ་ཚད་མེད་དང་བརྩོན་པ་ཤུགས་ཆེན་གཅེས་ཚུལ་འོད་གསལ་མཛོད་ལས་གསལ་བ་བཞིན་ནོ། །མ་ཟད་བར་དོ་ཕྱི་མ་རྣམས་ཀྱི་སྐབས་སུ་འཆར་བའི་དོན་རྣམས་ངོ་ཤེས་པའི་གནད་ཀྱང་རང་བཞིན་གྱི་བར་དོ་འདིའི་སྐབས་སུ་བརྩོན་པ་གལ་ཆེ་བས་ན།   འདི་ཉིད་ནི་བར་དོ་ཀུན་གྱི་གནད་འགག་གི་ས་མཚམས་ཤིག་ཡིན་པས་ཀུན་མཁྱེན་ཆེན་པོས་རང་བཞིན་གྱི་བར་དོ་ལ་ཤེས་བྱའི་སྒྲོ་འདོགས་གཅོད་པ་ཐིལ་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ཅེས་ཚིག་ཉུང་དོན་ཟབ་ཀྱི་མན་ངག་འདིས་ཀྱང་གསལ་བར་འདུག  འདི་ཉིད་ཀྱི་དོན་ནི།  དཔེར་ན།  ཐི་བྱས་ཚོང་འཆའ་དུས་མི་སོགས་སྲོག་ཆགས་གཞན་གྱིས་གནོད་པ་མེད་པའི་ས་ཆ་ཞིག་བདམས་ནས་ཚོང་བཅའ་ཞིང་།  ནམ་ཞིག་རང་ཉིད་ཚོང་དུ་ལོག་དུས་གཞན་གྱིས་འཇིགས་པ་སོགས་ཅི་ཡང་མེད་པར་ཐད་ཀར་འཇུག་པ་བཞིན།  གྲོལ་བ་དོན་གཉེར་གྱི་སྐྱེ་འགྲོ་སུ་དང་གང་ལ་བསམས་ན་ཡང་དང་པོ་རང་བཞིན་གྱི་བར་དོའི་སྐབས་སུ་རབ་ན་བར་དོའི་དེའི་སྐབས་སུ་ཐད་ཀར་འཚང་རྒྱ་བ་དང་།  དེ་ལྟར་མ་ནུས་ཀྱང་བར་དོ་ཕྱི་མ་རྣམས་ཀྱི་སྐབས་སུ་འཁྲུལ་བ་རང་སྣང་དུ་ཤེས་ཤིང་ཡོད་ཚད་རིག་པ་རང་བྱུང་གི་རྩལ་དང་རོལ་པ་རྒྱན་དུ་ཤེས་ནས་གྲོལ་བ་ཡིན་པར་གདའ་འོ། །དེ་བས་ན་རང་བཞིན་གྱི་བར་དོ་འདི་ནི་ཤིན་ཏུ་གནད་ཆེ་བ་ཞིག་སྟེ།  བླ་མ་མཚོ་སྐྱེས་རྡོ་རྗེས་ཀྱང་འདི་ལྟར་དུ་གསུངས་ལ།  ཀྱེ་མ་བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤང་བྱེད་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་སྦྱངས༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔  ཡེངས་མ་ལམ་ལ་སྡོད་པའི་དུས་མ་ཡིན༔ཞེས་གསུངས་པ་བཞིན་ནོ། །
 


༢ འཆི་ཁའི་བར་དོ།
      འཆི་ཁའི་བར་དོའི་ས་མཚམས་ནི་འདི་ལྟར་ཏེ།  འཆི་རྐྱེན་གྱི་ནད་ཀྱིས་ཐེབས་ནས་ནང་དབུགས་ཁྲོག་གིས་ཆད་པ་ཚུན་ཆོད་དུ་འཆི་ཁའི་བར་དོ་ཡིན་ཞིང་།  འདི་ཉིད་ནི་ཐུན་མོང་གི་རྒྱུད་སྡེ་དག་ལས་ཀྱང་བྱུང་ཞིང་ཁྱད་པར་དུ་ཐེག་དགུའི་ཡང་རྩེ་གསང་བ་རྒྱལ་པོའི་ལུགས་ཀྱི་རྒྱུད་སྡེ་ཁག་ལས་ཞིབ་ཏུ་གསུངས་ཡོད་པ་སྟེ།   དཔེར་ན།  སྐྱེ་བ་གྲུབ་ནས་འཆི་བ་རང་ཆས་སུ་གྲུབ་པ།  འཆི་ལ་ཉེ་བའི་སྐབས་སུ་རྟགས་གང་དག་འབྱུང་མིན།  རྟགས་དེ་ལྟར་བྱུང་ན་འཆི་བ་བསླུ་བའི་ཆོ་ག་སོགས་ལ་བརྟེན་ནས་འཆི་བ་ཇི་ལྟར་ཟློག་ཚུལ།  ཅིས་ཀྱང་ཐབས་མེད་པར་འདི་སྣང་གི་སྣང་བ་ནུབ་པའི་རྟགས་བྱུང་ཚེ་རྣམ་འབྱོར་པས་གདམས་ངག་ཇི་ལྟར་འདེབས་ཚུལ་སོགས་ཞིབ་ཏུ་གསུངས་ཡོད་པ་རེད།  འཆི་བ་བརྟག་པ་དང་དེ་ཟློག་ཚུལ་གྱི་ཆོ་ག་སོགས་ལ་ཇི་ལྟར་འབད་ཚུལ་ནི་ངེས་པའི་རྒྱུད་ཆེན་བཅུ་བདུན་སོགས་དང་ཀུན་ཁྱེན་ཀློང་ཆེན་རབ་འབྱམས་ཀྱི་མན་ངག་གི་ཁྲིད་ཡིག་སོགས་ལས་གསལ་བ་ལྟར་འདི་རེ་ཞིག་མི་འབྲིའོ། །
      འདིར་སྐྱེས་བུ་གང་ཞིག་འཆི་ཁའི་བར་དོ་ཤར་ནས་འཆི་བའི་སྣང་བ་སོགས་ཇི་ལྟར་འབྱུང་ཚུལ་བཅས་བྲིས་ན།   རྒྱུན་ལྡན་གྱི་སྐྱེས་བུ་ཞིག་ལ་བསམས་ན་རྩ་རླུང་ལུས་ཀྱི་ནུས་པ་ཟད་ནས་འཆི་ལ་ཉེ་བའི་སྐབས་སུ་འབྱུང་བའི་ཐིམ་ཚུལ་གྱི་བཤད་སྟངས་འདིར་ཤིན་ཏུ་རྙོག་གྲ་ཆེ་ཡང་སྟབས་བདེ་ཞིག་ཏུ་བསམ་བློ་བཏང་ན་འདིར་ལྟར་ཏེ།  སྐྱེས་བུ་ཞིག་ལ་མཚོན་ན་ཐོག་མར་མའི་མངལ་དུ་ཚུད་དུས་བདུན་ཕྲག་བདུན་ལ་སོ་སོའི་ལུས་ཀྱང་ཀུན་རྫོབ་དང་དོན་དམ་གྱི་འབྱུང་བ་ལ་བརྟེན་ནས་གྲུབ་པས་མཐར་འཆི་བའི་སྐབས་སུ་ཡང་འབྱུང་བའི་ནུས་པ་ཟད་ནས་ཚེ་འདིའི་སྣང་བ་ནུབ་དགོས་པ་ཡིན་པས།  ས་ས་ལ་ཐིམ།  ཆུ་ཆུ་ལ་ཐིམ།  མེ་མེ་ལ་ཐིམ།  རླུང་རླུང་ལ་ཐིམ་པ་ཡིན་ཞིང་།  རྒྱུད་ཉི་ཟླ་ཁ་སྦྱོར་རིན་པོ་ཆེ་ལས།  ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་ཆུ་དང་མེ་དང་རླུང་། །སོ་སོ་རང་ལ་ཐིམ་པ་ནི། །ཞེས་གསུངས་པ་ཡིན།  དེ་ཡང་ས་འབྱུང་ས་ལ་ཐིམ་པའི་རྟགས་སུ་ལུས་རབ་ཏུ་ལྕི་ཞིང་ཟས་སོགས་མི་ལེན་པ།  དེ་བཞིན་དུ་ཆུ་འབྱུང་ཆུ་ལ་ཐིམ་པའི་རྟགས་སུ་ཁ་ཆུ་དང་སྣ་ཆུ་མིག་ཆུ་སོགས་འཛག་པར་བྱེད་པ།  མེ་འབྱུང་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་དྲོད་འཆོར་བ་ཁ་སྣ་རབ་ཏུ་སྐམ་པ།  རླུང་འབྱུང་རླུང་ལ་ཐིམ་པའི་རྟགས་སུ་དབུགས་འབྱིན་རྔུབ་སོགས་ལ་དཀའ་ལས་ཡོད་པ་སོགས་དང་།  དེ་བཞིན་དུ་ཞི་ཁྲོའི་ཆོས་སྐོར་འགའ་ལས་ཀྱང་དང་པོ་སྒོ་ལྔའི་ཡུལ་རྣམས་ཐིམ་ནས་གཟོད་འབྱུང་བ་ཐིམ་ཚུལ་ཡང་གསུངས་ཡོད།  དེ་ཡང་སྒོ་ལྔའི་ཡུལ་ལས་གཟུགས་སྒྲ་ལ་ཐིམ་པས་མིག་རྟུལ་དུ་སོང་བས་ཡུལ་གསལ་བོར་མི་མཐོང་པ།  སྒྲ་དྲི་ལ་ཐིམ་པས་རྣ་བས་སྒྲ་འཛིན་གྱི་ནུས་པ་ཉམས་པ།  དྲི་རོ་ལ་ཐིམ་པས་སྣ་ཡིས་དྲི་ཚོར་བའི་སྟོབས་འཆོར་བ།  རོ་རེག་བྱ་ལ་ཐིམ་པས་ལྕེ་ཡི་ཟས་ཀྱི་རོ་མྱོང་བའི་བྱེད་ལས་རྫོགས་པ།  རེག་བྱ་འབྱུང་བ་ཆེན་པོ་བཞི་ལ་ཐིམ་པས་ལུས་ཀྱི་ཚོར་བ་ཤོར་སོང་བ་ཡིན་ཚུལ་སོགས་གསུངས་ཤིང་།  དེ་བཞིན་དུ་འབྱུང་བཞིའི་ཐིམ་ཚུལ་དེ་ཡང་ས་ཆུ་ལ་ཐིམ།  ཆུ་མེ་ལ་ཐིམ།  མེ་རླུང་ལ་ཐིམ།  རླུང་རྣམ་ཤེས་ལ་ཐིམ་ཚུལ་སོགས་གསུངས་ཀྱང་གང་ལྟར་འབྱུང་བའི་སྟོབས་ཟད་པ་ཡིན་པས་འགལ་བ་མེད་དོ། །དེ་ལྟར་འབྱུང་བ་ཀུན་ཐིམ་པའི་རྗེས་སུ་ཐོག་མའི་ས་བོན་ཕ་མའི་དྭངས་མ་གཉིས་སྙིང་ག་བདེ་ཆེན་གྱི་འཁོར་ལོ་ནས་ཁ་རྒྱབ་ནས་མིག་གྱེན་ལ་ཟློག་སྟེ་མིག་ཆུའི་ཐིག་པ་གཅིག་བྱུང་ནས་ནང་དབུགས་ཆད་པ་ན་འཆི་བ་ཡིན་པར་འདུག་གོ །
      འབྱུང་བ་ཐིམ་པའི་རྟགས་བྱུང་བའི་སྐབས་སུ་སྐྱེས་བུ་རང་ཉིད་ལ་བླ་མའི་གདམས་ངག་སོགས་གསལ་བོ་ཡོད་མཁན་དང་ཡང་ན་རྫོགས་པ་ཆེན་པོའི་ཆོས་ལ་གོ་མྱོང་ཅན་ཞིག་ཡིན་ཚེ།  འདིའི་སྐབས་སུ་བླ་མའི་མན་ངག་དང་དེ་བཞིན་རྒྱུད་ལས་བྱུང་བའི་ཡུལ་དང་གནས་ལ་འཇུག་པ་དང་།  སྐུ་དང་ཡེ་ཤེས་ལ་འཇུག་པ་བཅས་ལམ་འཁྱེར་དགོས་པ་ཡིན་འདུག  གལ་སྲིད་རང་ཉིད་ལ་གསལ་ཆ་དེ་ཙམ་མེད་ན།  སོ་སོ་རང་ཉིད་ཀྱིས་གང་ལ་དད་པའི་དམ་ཚིག་གཙང་མའི་བླ་མ་དང་མཆེད་གྲོགས་སོགས་ཀྱིས་ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་གནད་གསལ་འདེབས་དགོས་ཚུལ་དང་།  མན་ངག་བཏབ་མ་ཚར་བར་འཆི་བར་གྱུར་ན་ཕ་རོལ་པོའི་ཁ་སྣ་དང་།  འདེབས་མཁན་རང་ཉིད་ཀྱི་ཁ་སྣ་སྤྲད་ནས་དབུགས་འབྱིན་རྔུབ་སོགས་བཟོས་ནས་སླར་སོས་ཚེ།  ངོ་སྤྲོད་དགོས་ཚུལ་ཀུན་བཟང་དགོངས་པའི་གཏེར་འབྱེད་རྒྱལ་དབང་ཀློང་ཆེན་པས་གསུངས་པ་ལྟར་རོ། །
      ཕྱོགས་གཞན་ཞིག་ནས་བསམས་ན་འདི་ནི་དེང་སང་སྔོན་ཐོན་གྱི་མྱུར་སྐྱོབ་བྱེད་ཚུལ་གཞན་བྱེད་འབྱིན་རྔུབ་(人工呼吸)སོགས་དང་འདྲ་བོར་འདུག་པས་དེང་སང་གི་སྔོན་ཐོན་དུ་བཤད་པའི་གསོ་བ་རིག་པའི་གནད་མང་པོ་ཞིག་སྔར་ནས་བོད་ཀྱི་དམ་པ་དེ་དག་གིས་ལག་བསྟར་བཟོ་བཞིན་ཡོད་པ་ཡང་དཔོག་ནུས་སོ། །དེ་ལྟར་འཆི་ལ་ཉེ་བའི་སྐབས་ཀྱི་སྐྱེས་བུ་དེ་འགྲོ་དྲུག་གང་ལ་སྐྱེ་བའི་རྟགས་ཀྱང་བྱུང་བ་ཡིན་པར་འདུག་སྟེ།  དེ་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས་གསུངས་པ་ལྟར་གང་དུ་སྐྱེ་བའི་རྟགས་སུ་ཕྱི་ཡི་རྟགས་དང་ནང་གི་རྟགས་གཉིས་སུ་ཡོད་པར་འདུག་སྟེ།  ཕྱི་ཡི་རྟགས་ནི་མིག་དང་ཡན་ལག་གི་འགུལ་སྐྱོད་འདྲ་མིན་དང་ནང་གི་རྟགས་ནི་དྲོད་ལུས་ཀྱི་གནས་གང་དུ་འདུ་ཚུལ་བཅས་སོ། །
      དེ་ཡང་འཆི་ལ་ཉེ་བའི་སྐྱེས་བུ་དེ་རིགས་དྲུག་ལས་མཐོ་རིས་ལྷའི་གནས་སུ་སྐྱེ་མཁན་ཞིག་ལ་མཚོན་ན་དྲོད་སྤྱི་བོར་འདུ་ཞིང་ལག་པ་གཡས་གཡོ་བ་དང་།  དེ་བཞིན་དུ་མིའི་གནས་སུ་སྐྱེ་བ་ལེན་པའི་རྟགས་སུ་དྲོད་མིག་ལ་འདུ་ཞིང་ངག་གི་བརྗོད་པ་གསལ་བ་དྲན་པ་མ་ཉམས་པ་བཅས་བྱུང་བ་ཡིན་ཞིང་།  ལྷ་མ་ཡིན་ལ་སྐྱེ་བའི་རྟགས་སུ་དྲོད་མཆན་ཁུང་གཡས་སུ་འདུ་ཞིང་ཁ་ནས་ཚིག་འཆོལ་བའོ། །དམའ་རིས་དམྱལ་བར་སྐྱེ་བའི་རྟགས་ཀྱང་དེ་བཞིན་དུ་དྲོད་རྐང་མཐིལ་དུ་འདུ་ཞིང་རྐང་པ་གཡོན་འགུལ་བའམ་ས་ལ་རྡིབ་པ།  དེ་བཞིན་དུ་ཡི་དྭགས་ལ་སྐྱེ་བའི་རྟགས་སུ་ཡང་དྲོད་ཁ་ལ་འདུ་ཞིང་ལུས་ཀྱི་མདོག་སེར་པོར་གྱུར་པ་མིག་གིས་རབ་རིབ་བྱེད་པ་བཅས་སོ། །དུད་འགྲོའི་གནས་སུ་སྐྱེ་བའི་རྟགས་ཀྱང་དྲོད་མཚན་མར་འདུ་ཞིང་ངག་ནས་དུད་འགྲོའི་སྐད་ཤོར་བ།  ཁ་སྐུགས་སོ་ཐམ་པ་མིག་རབ་རིབ་བཅས་བྱུང་བ་ཡིན་འདུག  འདི་དག་ནི་སྤྱིར་བཏང་གི་མི་ཕལ་བ་དག་འཆི་བའི་རྟགས་ཡིན་པ་འདུག་གོ །
      འཆི་ལ་ཉེ་བའི་སྐབས་ཀྱི་གང་ཟག་དེ་དང་ཡང་ན་ནང་དབུགས་ཡོངས་སུ་ཆད་པའི་ཕུང་པོ།  ཡང་ན་ཕྱིས་སུ་ཞེ་དགུའི་སྐབས་སོགས་སུ་སྦྱང་བའི་ཆོ་ག་སོགས་ཇི་ལྟར་དགོས་ཚུལ་རྒྱ་ཆེར་ནི་ཀུན་མཁྱེན་གྱི་མན་ངག་དག་ལས་གསལ་བ་ཡིན་ནོ། །
      རྣམ་འབྱོར་པ་རྣམས་ནི་དེ་ལྟར་དུ་འཆི་ལ་ཉེ་བའི་སྐབས་སུ།  གདམས་ངག་སོགས་མི་དགོས་པར་གངས་ཁྲོད་དང་རི་ཕུག་སོགས་སུ་རི་དྭགས་སམ་སེང་གེ་ལྟ་བུར་འཇིགས་པ་དང་ཞེན་པ་མེད་པར་འཆི་བ་དང་།  དེ་བཞིན་དུ་སྤྲང་པོ་དང་བུ་ཆུང་ལྟར་འཆི་བ། མཁའ་འགྲོ་ལྟར་ལུས་རྡུལ་ཕྲན་དུ་དེངས་ནས་འཆི་བ།  རིག་འཛིན་ལྟར་ལུས་འོད་ལུས་སུ་ཡལ་ནས་འཆི་བ།  སྒེའུ་ཁུང་ནང་གི་ནམ་མཁའ་ཕྱི་རོལ་གྱི་ནམ་མཁའ་དང་འདྲེས་པ་བཞིན་ཕྱོགས་ལ་རིས་མེད་པའི་འཆི་ལུགས་ཞེས་དེ་དག་ནི་ཁྲེགས་ཆོད་དང་ཐོད་རྒལ་ཉམས་ལེན་མདུང་འདྲིལ་དུ་བཟོས་པའི་ལག་རྗེས་ལས་བྱུང་བ་ཡིན་པས་མི་ཕལ་ལ་མེད་དོ། །
      མདོར་ན་འཆི་ཁའི་བར་དོའི་སྐབས་ཀྱི་དོན་གནད་ཆེ་ཤོས་ནི།  འདི་སྣང་ལ་ཞེན་པ་སྤོང་ནས་སློབ་དཔོན་གྱི་ངོ་སྤྲོད་དང་ཡང་ན་རང་ཉིད་ལ་སྔར་བླ་མས་གནང་བའི་གདམས་ངག་སོགས་ཡོད་ཚེ།  དེ་ཉིད་བློ་ཡུལ་དུ་གསལ་བར་བྱེད་པ་ཆེས་གལ་ཆེ་བར་ཡིན་པར་འདུག་སྟེ།  དེ་ལྟར་དུ་བྱུང་ན་ད་ལྟའི་འོད་གསལ་གྱིས་གྲོགས་བྱས་ནས་སྐྱེལ་མ་བྱེད་ཅིང་ཆོས་ཉིད་ཀྱི་འོད་གསལ་གྱི་བསུ་མ་བཟོས་པ་ན།  ཚེས་པ་བཅོ་ལྔའི་དུས་སུ་ཉི་མ་ནུབ་པ་དང་ཟླ་བ་ཚེས་པ་དུས་མཉམ་པས་མུན་པ་མེད་པ་བཞིན་ཡིན་ཚུལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་རྒྱུད་ཉི་ཟླ་ཁ་སྦྱོར་དང་སྦྱར་ནས་རྒྱ་ཆེར་གསུངས།  མ་ཟད་ཀུན་མཁྱེན་གྱིས་འཆི་ཁའི་བར་དོའི་མན་ངག་ཏུ་ཡང་འཆི་ཁའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལྟ་བ་ལྟ་བུའི་གདམས་ངག་ཅེས་སུ་གསུངས།  དེ་བཞིན་དུ་བླ་མ་མཚོ་སྐྱེས་རྡོ་རྗེས་ཀྱང་།  ཀྱེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔  ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔  གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔  རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔  འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔  མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ཞེས་གསུངས།
 


 ༣ ཆོས་ཉིད་བར་དོ།
      ཆོས་ཉིད་བར་དོ་ཞེས་པ་ནི་ནང་དབུགས་ཡོངས་སུ་ཆད་པ་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆོད་དུ།  ཆོས་ཉིད་བར་དོ་ཞེས་ངོས་འཛིན་དགོས་པ་འདུག་ལ།  འདི་ཉིད་ཀྱི་སྐབས་སུ་རྒྱ་ཆེར་བཤད་ན་གཞི་ལས་གཞི་སྣང་ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་ཚུལ་དང་།  དེ་ཉིད་སླར་ཡང་རིག་པ་ཉིད་ཀྱི་ངང་དུ་ཐིམ་ཚུལ།  དེ་བཞིན་ཞི་དང་ཁྲོ་བོའི་སྐུ་དང་།  སྒྲ་འོད་ཟེར་གསུམ་འཆར་ཚུལ་སོགས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུ་ཡོད་དགུ་རྒྱ་ཆེར་སྤྲོས་ན་འདུག་ཀྱང་།  རེ་ཞིག་རག་པའི་རྣམ་གཞག་དག་ལས་ཤིན་ཏུ་གསང་བའི་གནས་རྣམས་གསང་སྒོ་འཆོར་བར་དོགས་པས་མི་སྨྲའོ། །
      དེ་ཡང་དང་པོ་རིག་པ་སྙིང་ག་ནས་ལམ་དར་ཀར་ལ་ཞུགས་ཏེ་སྒོ་རྒྱང་ཞག་ནས་ཐོན་དུས་ཆོས་ཉིད་བར་དོ་དང་པོ་འཆར་བའི་འགོ་འཛུགས་པར་ཡིན་པ་འདུག་ཅིང་།  དེ་དུས་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་ཡིན་པས་ཕྱིའི་སྣང་བ་སོགས་འགག་ནས་ཡོད་ཚད་འོད་དུ་འཆར་ཞིང་།  འདིའི་སྐབས་སུ་ལུས་རབ་ཏུ་ཡང་ལ་བདེ་ཞིང་ཉམས་དགའ་བའི་སྣང་བ་དང་བཅས་པ་ཡོད་པར་འདུག་སྟེ།  རྒྱུད་ཉི་ཟླ་ཁ་སྦྱོར་ལས།  ཕུང་པོ་མེད་ཅིང་ཟག་བཅས་བྲལ། །སྣང་བ་ཐམས་ཅད་བདེ་བའི་ཞིང་། །རང་སྣང་དག་པའི་སྐུར་སྣང་སྟེ། །ཆོས་ཉིད་ཞིང་ཁམས་སྣང་བ་ལ། །ཐུགས་རྗེའི་འོད་ཟེར་སྐུར་ཤར་ཏེ། །ཞེས་གསུངས།  དེ་བཞིན་ཏུ་སྒོ་ལྔའི་ཤེས་པ་དག་ཀྱང་ནུས་པ་ཆེ་རུ་ཕྱིན་ནས།  སྔར་གསོན་པོའི་སྐབས་ཀྱི་ནུས་པ་མེད་པ་མང་པོ་ཞིག་གསར་དུ་འབྱུང་གིན་འདུག་སྟེ།  དཔེར་ན།  སྔར་གསོན་པའི་སྐབས་སུ་མིག་གིས་ཕྱི་རོལ་གྱི་ཡུལ་མི་མཐོང་ཡང་འདིའི་སྐབས་སུ་མཐོང་བ།  སྒྲ་འཛིན་གྱི་ནུས་པ་ཉམས་མཁན་ཞིག་ཡིན་ཡང་འདིའི་སྐབས་སུ་ཧ་ཅང་རིག་པ་རྣོན་པོས་སྒྲ་ཐོས་པ་སོགས་དང་།  ཕྱི་རོལ་གྱི་དངོས་པོ་སོགས་ལ་ཐོགས་རེག་མེད་པར་ཟང་ཐལ་དུ་སྐྱོད་ནུས་པ་སོགས་འབྱུང་གིན་ཡོད་འདུག  དམིགས་ཀྱི་སྣང་ཚུལ་འདི་དག་སྲིད་པ་བར་དོའི་སྐབས་སུ་ཡང་ཡོད་པར་འདུག
      མདོར་ན་རྣམ་འབྱོར་པ་ཚེ་འདིར་ཉམས་ལེན་གནད་དུ་སྨིན་མཁན་དག་ལུས་རྟེན་འདི་ནས་ཐོད་རྒལ་གྱི་སྣང་བཞིའི་འོད་གསལ་ལ་འདྲིས་ཤིང་གོ་མྱོང་བཟོས་པའི་ལག་རྗེས་སུ།  ཆོས་ཉིད་བར་དོའི་སྐབས་སུ་ཧ་ཅང་རྒྱུས་མངའ་ཡོད་པའི་སྒོ་ནས་ཞི་ཁྲོ་སྐུ་གསུམ་གྱི་སྒྲ་འོད་ཟེར་གསུམ་སོགས་ལ་འཇིགས་སྣང་དང་ཡ་ང་མེད་པར་རང་སྣང་དུ་ངོ་ཤེས་ནས་གྲོལ་བ་ཡིན་པར་འདུག  ཕལ་བ་རྣམས་ནི་རིམ་བཞིན་འཁྲུལ་ནས་སྒྲ་འོད་ཟེར་གསུམ་ལ་དངངས་ཤིང་སྐྲག་ནས་བར་དོ་ཕྱི་མ་ཕྱི་མ་ལ་རིམ་པར་བརྒྱུད་ནས་ཟོ་ཆུ་བཞིན་དུ་འཁོར་བ་ཡིན་པར་འདུག་གོ །
      དེ་ཡང་གོང་དུ་སྨྲས་པའི་ཆོས་ཉིད་བར་དོ་ཐོག་མར་ཤར་བའི་སྐབས་ཀྱི་སྣང་ཚུལ་དེ་དག་ནི།  བར་དོའི་རྣམ་གཞག་རྒྱས་པར་འབྱུང་བའི་རྒྱུད་ཉི་ཟླ་ཁ་སྦྱོར་གཙོས་པའི་རྒྱུས་ཆེན་ཁག་མང་པོ་ལས་ཞིབ་ཏུ་གསུངས་ཤིང་།  དེ་བཞིན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མན་ངག་གི་ཡིག་ཆ་ཁག་དང་བར་དོ་ཐོས་གྲོལ་ཆེན་མོ་སོགས་ལས་ཀྱང་ཤིན་ཏུ་རྒྱས་པར་གསུངས་ཏེ།  དཔེར་ན།  ནམ་མཁའ་འོད་གསལ་ལ་ཐིམ་ཚུལ།  འོད་གསལ་ཟུང་འཇུག་ལ་ཐིམ་ཚུལ།  ཟུང་འཇུག་ཡེ་ཤེས་ལ་ཐིམ་ཚུལ།  ཡེ་ཤེས་ལྷུན་གྲུབ་ལ་ཐིམ་ཚུལ་སོགས་ཤིན་ཏུ་མང་ཡང་སྐབས་འདིར་རེ་ཞིག་མི་སྤྲོའོ། །
      དེ་ཡང་ཆོས་ཉིད་བར་དོ་ཐོག་མར་འཆར་སྐབས་ཀྱི་སྣང་ཚུལ་འགའ་ཞིག་གོང་དུ་རྒྱུད་ཀྱི་གནད་དང་སྦྲེལ་ནས་མདོར་མཚམ་པ་ཙམ་ཞིག་བཤད་ལ།  སྣང་ཚུལ་དེ་དག་དང་ཕྱོགས་མཚུངས་པ་དེང་སང་ཚན་རིག་ཞིབ་འཇུག་གིས་ཀྱང་ར་སྤྲོད་བཟོས་ཡོད་པར་འདུག་སྟེ།  ཕྱི་ལོ་༡༩༧༥ལོར་ནུབ་ཕྱོགས་ཨ་རི་རྒྱལ་ཁབ་ནས་བར་དོའི་སྐོར་གླེང་བའི་དཔེ་དེབ་འཆི་ཁའི་ཉམས་མྱོང་(Life After Life)ཞེས་པ་ཞིག་བྱུང་ཞིང་དེབ་དེ་ཉིད་ལ་ཤིན་ཏུ་དགའ་བསུ་ཚད་མེད་ཐོབ་ནས་གྲངས་འབོར་བྱེ་ཆེན་གཅིག་དང་ས་ཡ་གསུམ་ཙམ་བྲིན་འདུག་གོ །དཔེ་ཆ་དེ་ཉིད་ནི་ཨ་རིའི་ནེ་ཝ་ད་སློབ་ཆེན་གྱི་དགེ་རྒན་ཆེན་མོ།  མཚན་ཉིད་རིག་པ་དང་གསོ་རིག་ཟུང་གི་འབུམ་རམ་པ་འཛམ་གླིང་ཐོག་གྲགས་པ་ཆེ་བའི་དོན་གྱི་མཁས་དབང་མོས་ཏིས་ལགས་ཀྱིས་བརྩམས་ཤིང་།  དེབ་དེའི་ནང་དུ་ཤི་ནས་བསྐྱར་དུ་གསོན་པའི་མི་བརྒྱ་དང་ལྔ་བཅུ་ལ་ཞིབ་འཇུག་དང་རྒྱུས་ལོན་བཟོས་པའི་གནད་དོན་དག་བཀོད་ཡོད་པ་རེད།  ཁོང་གིས་ཞིབ་འཇུག་གི་མཐའ་བསྡོམས་ལ་མི་མི་འདྲ་བ་དེ་ཙམ་གྱི་འཆི་ཁའི་ཉམས་མྱོང་གི་ཁ་བརྡའི་ཁྲོད་དུ་མཚུངས་ཆོས་ཀྱི་སྣང་ཚུལ་བཅོ་ལྔ་ཙམ་འདུག་པར་བཤད་ཅིང་།  དེ་ཡང་བར་དོའི་མཐོང་ཐོས་མྱོང་གསུམ་སྒྲ་ཚིག་གི་ལམ་ནས་རྗོད་མི་ཤེས་པ།  གཞན་གྱི་ངག་ནས་སྨྲས་པའི་སྒྲ་ཐོས་པ།  བཀྲག་ལ་འཚེར་བའི་འོད་ཅིག་འཚེར་བ།  རང་ཉིད་ཧ་ཅང་མྱུར་པོས་རིང་ལ་དོག་པའི་ཕུག་ལམ་ཞིག་ནས་བགྲོན་ཀྱིན་ཡོད་པ་སོགས་གསུངས་ཡོད།  
      ཁོང་གིས་བཅར་འདྲི་བྱས་པའི་ཕ་རོལ་པོས་བཤད་པའི་སྐད་ཆ་རེ་ཟུང་ཞིག་འདིར་དཔེར་མཚོན་དུ་དགོད་ན།  ༼༡ གློ་བུར་དུ་སྨན་པས་ང་རང་ཤི་སོང་ཞེས་བསྒྲགས་པ་ཐོས།  དུས་དེར་རང་ཉིད་ནི་མུན་ནག་གི་ཕག་ནས་ཨ་ལོག་གམ་འགྲེ་ལྡོག་རྒྱག་བཞིན་ཡོད་པར་ཚོར།  དེ་ནི་ཕལ་ཆེར་སྨག་རུམ་འཐིབས་པའི་བར་སྣང་སྟོང་པ་ཞིག་ནས་འཕྱོ་ཞིང་ལྡིང་བ་དང་མཚུངས།  དངོས་གནས་བྱས་ན་དེ་ཉིད་ཇི་ལྟ་བར་མཚུངས་རྗོད་བྱེད་པར་འོས་འཚམས་ཀྱི་ཐ་སྙད་ཅིག་གཏན་ནས་རྙེད་ཀྱི་མི་འདུག  ངའི་མདུན་ཕྱོགས་ཀྱི་རྒྱང་རིང་དུ་འོད་ཟེར་ཞིག་མཆིས་པ་མ་གཏོགས།  དེ་མིན་གྱི་མཐའ་སྐོར་ནི་ཐམས་ཅད་ནི་ཧ་ཅང་སྨག་ནག་ལ་ཁ་ཁུ་སིམ།  མཐོང་ལམ་དུ་མངོན་པའི་འོད་ཟེར་དེས་ནི་ངའི་ཡིད་ཀྱི་བརྟན་པ་ཅིག་ཆར་དུ་ཕྲོགས་པར་བྱས།  དེ་ཉིད་ཐོག་མའི་སྐབས་སུ་དེ་འདྲ་གསལ་བོ་ཞིག་མ་རེད་མོད།  འོན་ཀྱང་ང་རང་དེའི་ཉེ་སར་བཅར་བའི་གོ་རིམ་གྱི་ཁྲོད་ནས།  རིམ་བཞིན་འོད་སྣང་ཇེ་གསལ་དང་བཀྲག་མདངས་ཆེ་རུ་གྱུར་སོང་ངོ་། །དེ་ནས་འོད་སྣང་དེའི་འགོ་ཁུངས་བཙལ་བར་བྱས་ལ།  དེའི་ཕྱོགས་སུ་སྲོག་སྡོས་ཀྱི་བརྒྱུགས་པར་བྱས།  དེའི་རྒྱུ་མཚན་ཡང་འོད་ཟེར་དེ་ཉིད་ཡེ་ཤུ་མིན་ནམ་སྙམ་གྱི་ཡོད་པས་ཡིན།  བདག་ལ་མཚོན་ན་མྱོང་བ་འདིས་རང་སེམས་ལ་དགའ་སྤྲོ་སྟེར་བ་མ་གཏོགས་འཇིགས་སྐྲག་དང་ཞེད་སྣང་སྤུ་ཙམ་ཡང་བསླངས་མ་སོང་།  དེའི་རྒྱུ་མཚན་ནི་ཡེ་ཤུ་ཁོང་གི་ཞལ་དྲོན་མོ་ནས་ང་ནི་འཇིག་རྟེན་གྱི་འོད་ཡིན་ཞེས་གསུངས་ཡོད་པས་ལགས།  ང་རང་ཡེ་ཤུའི་ཆོས་པ་ཞིག་ཡིན་པས་ད་གཟོད་ཁོང་གི་འོད་ཟེར་མཇལ་བའི་སྐལ་བ་དང་ལྡན་པ་རེད།   དེས་ན་སྐབས་དེར་ངས་ཆིག་ལབ་ཀྱི་ཚུལ་དུ།  གལ་སྲིད་འོད་ཟེར་འདི་འཇིག་རྟེན་གྱི་སྐྱབས་མགོན་ཡེ་ཤུ་ཡིན་ན།  ང་རང་ཤི་ཟིན་པའི་རྗེས་སུ་འོད་དེའི་འགོ་ཁུངས་གང་དུ་ཡོད་པ་དང་།  དེའི་སྣེ་མོ་ནས་སུ་ཞིག་གིས་བདག་ལ་སྒུག་ཡོད་པ་སོགས་གསལ་བོར་ཤེས་ངེས་རེད་ཅེས་རང་གིས་རང་ལ་སྨྲས་པ་ཡིན་ནོ། །
༼༢ ང་རང་མལ་ལས་ལྡང་སྟེ་བཏུང་བ་ལེན་ཕྱིར་མགྲོན་ཤག་གི་ཕྱོགས་སུ་བགྲོད་པར་བྱས།  སྐབས་དེར་གློ་བུར་དུ་རྒྱུ་ལྷག་གས་ཏེ་ཐང་དུ་འགྱེལ་བར་གྲགས་ཏེ།  འདི་ནི་ཕྱིས་སུ་གཞན་པའི་ངག་ནས་ཐོས་པ་ཡིན།  ཐང་དུ་འགྱེལ་བ་དང་མཉམ་དུ་གཟུགས་མེད་ཀྱི་དངོས་པོ་ཞིག་ངའི་ཤ་ཁྲག་གི་ཕུང་པོའི་ནང་དུ་འཛུལ་ཞིང་སླར་ཡང་ཕྱི་རུ་དོན།  དེ་ནས་གདོས་བཅས་ཀྱི་ལུས་དང་བྲལ་ཏེ་ནམ་མཁའ་རུ་ལྡིང་།  དེ་དང་དུས་མཚུངས་སུ་རྣ་བའི་ལམ་དུ་ཆེས་སྙན་འཇེབས་ལྡན་པའི་རོལ་དབྱངས་ཤིག་གྲགས་པར་གྱུར།  དེ་ནས་ས་ལ་མ་རེག་པར་མགྲོན་ཤག་དང་སྒེའུ་ཁུང་བརྒྱུད་དེ་བར་ཁྱམས་སུ་སླེབས།  གནས་དེ་ནས་ངའི་མཐའ་སྐོར་དུ་མཚམས་སྤྲིན་ལྟ་བུའི་སྨུག་ལོང་ཞིག་དཀྲིགས་པར་གྱུར།  དེ་ནས་བདག་དེ་ལྟའི་སྤྲིན་པ་དམར་པོ་དང་ལྷན་དུ་ཐོགས་བཅས་ཐམས་ཅད་ཟང་ཐལ་དུ་བརྒལ་ཏེ་ཐད་ཀར་ནམ་མཁའི་མཐོངས་སུ་འཕུར་བས།  ཆེས་བཀྲག་ལ་འཚེར་བའི་འོད་ཀྱི་གུར་ཁང་དུ་འབྱོར།  འོད་དེ་ནི་ཆུ་ཤེལ་བཞིན་དུ་ཧ་ཅང་དྭངས་ཤིང་གསལ་ལ་དཀར་ཞིང་གཙང་།  མ་ཟད་ཆེས་མཛེས་ཤིང་སྡུག་པས་མིག་དབང་ཅིག་ཆར་དུ་འཕྲོག་པར་བྱེད།  ཡིན་ཡང་མིག་གིས་བལྟ་མི་བཟོད་པ་དང་།  བལྟས་ན་མིག་ཟུང་ཚ་ཡོང་བ་དེ་འདྲ་ཡང་མ་རེད།  དེས་ན་དེ་ནི་ཁྱེད་ཀྱིས་ས་ལྒང་གི་ཐོག་ནས་མཐོང་ཐུབ་པའི་འོད་ཟེར་གང་ཡང་མིན།  ངས་དཀར་གསལ་གྱི་འོད་ཁྱིམ་གང་དེ་གང་ཟག་ཅིག་ཡིན་པར་མི་སེམས་མོད།  འོན་ཀྱང་དེ་ལ་མིའི་རིགས་ཀྱི་ཐུན་མིན་གྱི་རང་གཤིས་ཡོད་པ་ནི་དངོས་གནས་འཁྲུལ་མེད་དུ་ཚོར་གྱི་འདུག་ལ།  མ་ཟད་དེའི་ཆ་ཤས་ཀུན་ལ་བསམ་ཤེས་དང་བརྩེ་སེམས་ཀྱིས་ཡོངས་སུ་ཁྱབ་ནས་གདའ་འོ། །
༼ ༣ རང་ཉིད་འཆི་བཞིན་ཡོད་པར་ཚོར་ཡང་བྱེད་ཐབས་གང་ཡང་མི་འདུག་སྟེ།   རྒྱུ་མཚན་ནི་ངས་སྐད་བརྡ་བཏང་བ་རྣམས་ཉེ་འཁོར་གྱི་སྐྱེ་བོ་སུས་ཀྱང་ཐོས་ཀྱི་མི་འདུག་པས་སོ། །དེ་ནས་ང་རང་ཤ་ཁྲག་གི་ལུས་དང་གྱེས་ཏེ་ཕྱི་རོལ་དུ་ཐོན་སོང་། རྒྱུ་མཚན་ནི་རང་ཉིད་ཀྱི་ཕུང་པོ་དེ་གཤག་བཅོས་སྟེགས་བུའི་ཐོག་ཏུ་ཉལ་སྟབས་ཀྱིས་ཡོད་པ་མངོན་སུམ་དུ་མཐོང་སོང་བས་སོ། །བླ་སྲོག་ལུས་དང་བྲལ་བའི་ཐོག་མའི་སྐབས་སུ་ཧ་ཅང་སྡུག་བསྔལ་བར་གྱུར་ཀྱང་།  དེ་ནས་ཅུང་མ་འགོར་བར་འོད་ཟེར་ཞིག་སླེབས་པར་གྱུར་ཞིང་།  འོད་དེ་ཡང་ཐོག་མའི་དུས་སུ་དེ་འདྲ་གསལ་བོ་ཞིག་མིན་པར་རབ་རིབ་མག་མོག་ཅིག་རེད་མོད།  དེ་ནས་དུས་ཡུན་གང་འཚམ་ཞིག་འདས་པ་ན་དེ་ཉིད་ཧ་ཅང་བཀྲག་མདངས་ཆེ་བའི་འོད་ཆུན་ཞིག་ཏུ་གནས་གྱུར་སོང་ཞིང་།  འོད་ཀྱི་ཆུན་པོ་དེ་ཡང་གློག་འཁྱུག་པ་འི་གློག་འོད་བཞིན་དུ་ཧ་ཅང་གསལ་ལ་འཚེར་ཏེ།  ངས་འདི་ལྟ་བུའི་འོད་ཁུངས་ཆེན་པོ་ཞིག་གཏན་ནས་མཐོང་མྱོང་མེད།  མ་ཟད་འོད་ཟེར་དེས་ཚ་ངད་སྤྲོས་སོང་ལ།  ངས་ཀྱང་དེའི་དྲོད་ཚད་ཆེ་ཆུང་ཚོར་ཐུབ་པར་གདའ།  དེ་ནི་ཅུང་ཟད་དཀར་ཤས་ཆེ་བའི་འོད་སེར་སྐྱ་ཞིག་རེད་འདུག་ཅིང་།  དེའི་རང་མདངས་ཧ་ཅང་གསལ་དྲགས་པས་ངེད་ཀྱིས་འདི་ཙམ་ལས་འཆད་མི་ཤེས་པར་གདའ།  ཞེས་སུ་བཤད་དོ། །
      གོང་དུ་བཀོད་པའི་མི་འདི་པ་གསུམ་གྱི་སྐད་ཆ་ནི་མཚོན་ཙམ་ལས་མང་པོ་བཀོད་ན་ཉོག་པར་འདུག་གོ །འདི་གསུམ་གྱི་ཁ་བརྡ་ལས་ཐུན་མོང་དུ་མཐོང་ཆོས་སུ་གྲུབ་པའི་དོན་ནི་ཤིན་ཏུ་མང་བ་འདི་ག་རང་རེད།  མ་ཟད་འཆི་ཁའི་ཉམས་མྱོང་ཞེས་པའི་དཔེ་ཆ་དེ་ཉིད་ཀྱི་ནང་དུ་བཀོད་པའི་མི་གྲངས་བརྒྱ་དང་ལྔ་བཅུ་ཡི་སྐད་ཆ་དག་ཀྱང་གང་ཟག་རང་རང་གི་སྤྱོད་པའི་ཐ་སྙད་མི་འདྲ་བ་དང་།  རང་ཉིད་ཀྱི་བར་དོའི་སྐབས་སུ་མཐོང་ཐོས་ཀྱི་ཆོས་དེ་དག་ལ་རང་ཉིད་གང་ལ་གོམས་འདྲིས་སོང་བའི་ཆོས་ལུགས་སོགས་ཀྱི་རྐྱེན་པས་རང་ཉིད་ཀྱི་ལྟ་ཚུལ་མི་འདྲ་བ་དང་།  མཐའ་བསྡོམས་མི་འདྲ་བ་བྱུང་བ་སོགས་མ་གཏོགས་ཐུན་མོང་གི་འདྲ་ས་ཤིན་ཏུ་མང་པོ་འདུག་སྙམ།  འོན་ཀྱང་བར་དོ་ལས་སླར་གསོན་པའི་གང་ཟག་འདི་དག་གིས་བཤད་པའི་སྐད་ཆ་ཡོད་དགུ་དོན་ལ་གནས་པའི་ངེས་པ་ནི་མེད་དེ།  དཔེར་ན།    ཚ་རིམ་གྱིས་རྐྱེན་པས་འཁྲུལ་བ་འདྲ་མིན་འབྱུང་དུ་ཡོད་པ་བཞིན་ནོ། །འོན་ཀྱང་དེ་དག་ལ་མཐུན་སྣང་དུ་བྱུང་བའི་གནད་དག་ནི་བདེན་པའི་དཔང་པོ་རུ་ངོས་འཛིན་ཆོག་པར་སྙམ་གྱིན་ཡོད།  མ་ཟད་བོད་ཀྱི་བར་དོ་རིག་པའི་སྐབས་ཀུན་ཏུ་ཡང་འཆི་རྗེས་ཀྱི་བར་དོའི་སྐབས་སུ་སྒྲ་འོད་ཟེར་གསུམ་མཐོང་དུ་ཡོད་ཚུལ་དང་།  རང་ཉིད་ཀྱིས་སྔར་འདྲིས་ཀྱི་ཁྱིམ་མི་སོགས་མཐོང་ཡང་གཞན་གྱིས་རང་ཉིད་མི་མཐོང་ཚུལ་སོགས་བཤད་པ་དེ་དག་ནི།   ཞིབ་འཇུག་གི་འབྲས་བུ་འདི་དག་དང་བསྟུན་ན་ཤིན་ཏུ་ཡིད་ཆེས་བརྟན་དུ་འགྲོ་བར་འདུག་སྙམ།
      མདོར་ན་ཆོས་ཉིད་བར་དོའི་སྐབས་སུ་གང་སྣང་ཅི་ཐོས་རང་སྣང་དུ་ངོ་ཤེས་ན་དེ་ཉིད་དུ་གྲོལ་བ་ཡིན་པས།  ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་འདི་ཉིད་ཀྱི་མན་ངག་ཏུ་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ཅེས་གསུངས།  མ་ཟད་བླ་མ་མཚོ་སྐྱེས་རྡོ་རྗེའི་ཞལ་ནས་ཀྱང་།  ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་དངངས་སྐྲགས་འཇིགས་སྣང་སྤང་བྱས་ནས༔  གང་ཤར་རང་སྣང་རིག་པར་ངོ་ཤེས་བྱ༔  བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔  དོན་ཆེན་འགག་ལ་ཐུག་པའི་དུས་གཅིག་འོང༔  རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔  ཅེས་གསུངས།

 


༤ སྲིད་པ་བར་དོ།
      སྲིད་པ་བར་དོ་ནི་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ནས་མའི་མངལ་དུ་ཞུགས་པ་ཚུན་ཆོད་དུ་ངོས་འཛིན་གྱི་ཡོད་ཅིང་།  འཇིག་རྟེན་ཡོངས་སུ་གྲགས་པའི་བར་དོ་ཞེས་པ་ནི་གཙོ་བོ་འདི་ཉིད་ལ་གོ་བ་ལེན་པ་ཡིན།  དེ་ཡང་སྲིད་པ་བར་དོའི་གང་ཟག་ལ་མཚོན་ན་གཟུགས་རག་པའི་ལུས་མེད་ཀྱང་།  ཡིད་ཀྱི་ལུས་ཅན་དུ་གྲུབ་པ་ཡིན་པས་གང་དུ་འགྲོ་འདོད་པ་དེར་སྐད་ཅིག་ལ་སླེབས་པ་ཡིན་ཞིང་།  ལས་དང་རྟེན་འབྲེལ་གྱི་དབང་གིས་མའི་མངལ་དང་རྡོ་རྗེ་གདན་གཉིས་མ་གཏོགས་གཞན་གང་དུ་ཡང་ཐོགས་རེག་དང་གཟུང་བ་མེད་པ་བར་དོའི་ཆོས་སྐོར་ཀུན་ལས་ཡོངས་སུ་གྲགས།  རྡོ་རྗེ་གདན་ཞེས་པ་ནི་ཀ་དག་མི་འགྱུར་བའི་ནང་དབྱིངས་སངས་རྒྱས་ཐམས་ཅད་སངས་རྒྱས་པའི་གནས་མཆོག་དག་པ་མྱ་ངན་ལས་འདས་པའི་སྒོར་ཞུགས་པ་དེར་ངོས་འཛིན་པ་ལས།  རྒྱ་གར་རྡོ་རྗེ་གདན་ལ་མི་གོ་བ་ཐེག་མཆོག་མཛོད་ལས་གསལ་བོར་གསུངས།  སྲིད་པ་བར་དོའི་སེམས་ཅན་དེ་ཉིད་ལ་འབྱུང་བཞི་རག་པའི་ལུས་མེད་ཀྱང་ཀུན་གཞིའི་ཐོག་ཏུ་སྔ་མའི་བག་ཆགས་ཀྱི་རྐྱེན་པས་ལུས་ཡོད་པར་སྙམ་པའི་འདུ་ཤེས་ཡོད་པ་ཀུན་མཁྱེན་གྱིས་གསུངས་པ་ལྟར་ཡིན་ལ།  དེ་འདྲའི་བག་ཆགས་དང་འཛིན་པ་ཡང་ཡོད་དགོས་པར་འདུག་སྟེ།   དཔེར་ན།  ཤི་བའི་རོ་ལ་ངོ་སྤྲོད་སོགས་མ་བཏབ་པའི་སྔོན་དུ་དབང་སྐུར་བའི་ལུགས་ཤིག་ཡོད་པ་དེ་གཅིག་པུས་ཀྱང་གོ་ནུས་པར་འདུག་སྙམ།
      དེ་ཡང་དེའི་རྣམ་བཞག་མདོ་དྲིལ་ནས་བསམས་ན།  འཆི་བའི་སེམས་ཅན་གང་དེས་རང་གི་ཕུང་པོ་ལ་འཛིན་པ་ཡོད་པའི་གནད་ཀྱིས་དབང་སྐུར་ཡང་དབང་ཐོབ་པར་འདུག་ཅིང་།  སྨིན་བྱེད་ཀྱི་དབང་མ་ཐོབ་པའི་སྔོན་དུ་གྲོལ་བྱེད་ཀྱི་གདམས་པ་བཏབ་ན་སྔགས་ཀྱི་རྩ་ལྟུང་ཡིན་པས་ཤི་བའི་རོ་ལ་སྔོན་དུ་དབང་སྐུར་བ་ན་དབང་འཐོབ་རྒྱུ་ཡོད་པ་ཡང་དེས་གོ་ལ།  ཇི་ལྟར་དབང་འཐོབ་པའི་གནད་ནི་ལུས་ལ་འཛིན་པ་ཡོད་པའི་གནས་ཀྱིས་ཡིན་པར་སེམས་སོ། །མ་ཟད་སྲིད་པ་བར་དོའི་སེམས་ཅན་གང་དེའི་ཚེ་ཚད་རིང་མཐའ་ཞག་བཞི་བཅུ་རྩ་དགུ་དང་དང་ཐུང་མཐའ་ཞག་བདུན་ནས་ལུས་ལེན་པ་ན།  ཚེ་ཚད་རིང་ཐུང་གང་ཡིན་ཡང་ཚེ་སྟོད་དུ་སྔར་མའི་ལུས་ཀྱི་བག་ཆགས་ཀྱི་རྐྱེན་པས་སྔ་མའི་ལུས་ཀྱི་རྣམ་པ་ལྟར་གནས་ཤིང་།  བར་དོའི་སེམས་ཅན་གང་དེའི་ཚེ་སྨད་ནི་ཚེ་ཕྱི་མར་ལུས་རྟེན་གང་འདྲ་ཞིག་ལ་སྐྱེ་བའི་སྔ་རྟགས་སུ་ཕྱི་མའི་ལུས་ཀྱི་རྣམ་པ་རུ་གནས་ཀྱིན་ཡོད་འདུག་གོ །མ་ཟད་ཟག་བཅས་ཀྱི་མངོན་ཤེས་མངའ་བ་ཡིན་པས་གཞན་གྱིས་སེམས་ཤེས་པ།  སྟོང་གསུམ་གྱི་སྣོད་བཅུད་ཀུན་དུས་གཅིག་ལ་མཐོང་བ་སོགས་མདོར་ན་དབང་པོ་ཀུན་ཚང་ཐོགས་མེད་ལྡན་ཞེས་པ་ཡིན་པས་ན་ཤེས་པ་རབ་ཏུ་རྣོ་བ་ཡིན་པར་འདུག་གོ །དེ་འདྲའི་གཟུགས་མེད་ཁམས་ཀྱི་སྲིད་པ་བར་དོའི་སེམས་ཅན་དེ་ཉིད་ནམ་ཞིག་ན་ཚེ་ཡི་ཚད་རྫོགས་པ་ན་ལས་ཀྱི་རླུང་གིས་མའི་མངལ་དུ་འཕེན་ནས་རིགས་དྲུག་སོ་སོར་སྐྱེ་བ་ལེན་པ་ཡིན།  
      འདི་ལས་ཟུར་བཤད་ཉུང་ངུ་ཞིག་བགྱིས་ན།  སྲིད་པ་བར་དོའི་སེམས་ཅན་དེ་ཁམས་གསུམ་ལས་གཟུགས་མེད་ཁམས་སུ་གཏོགས་ན་དེ་ཉིད་དབང་པོ་ཀུན་ཚང་ཐོགས་མེད་རྒྱུ་ཞེས་པ་ཇི་ལྟར་འཐད།  དབང་པོ་ཀུན་ཚང་བར་དབང་པོ་གཟུགས་ཅན་རག་པ་ཡོད་དགོས་པ་མིན་ནམ་སྙམ་ན།  དེ་ལྟར་དུ་མིན་ཏེ་གཟུགས་རང་ཚན་པའམ་རག་པ་མེད་པའི་གནད་ཀྱིིས་འདི་ཉིད་གཟུགས་མེད་ཁམས་ཀྱི་སེམས་ཅན་གྱི་ཁོངས་སུ་གཏོགས་པ་ཡིན་པར་འདུག  དེ་ལྟར་ཡང་ཀུན་བཟང་དགོངས་པའི་གཏེར་འབྱེད་ཀུན་མཁྱེན་ངག་གི་དབང་པོས་སྲིད་པ་བར་དོ་གཟུགས་མེད་ཁམས་སུ་གཏོགས་པའི་གནད་དམ་གཏན་ཚིགས་སུ་གཟུགས་རང་མཚན་པ་མེད་པས་གཟུགས་མེད་ཁམས་སུ་གཏོགས་ཏེ་ཞེས་གསུངས།  འདི་ལྟ་བུའི་ལེགས་བཤད་ལ་གོ་མྱོང་རེ་སྐྱེ་ན་ནམ་རྒྱུན་ཆོས་རའི་ནང་གི་དཀའ་རྙོག་མང་པོ་ཞིག་རང་བཞིན་གྱིས་སེལ་བར་འདུག་པས་འདིར་དམིགས་ཀྱིས་བརྗོད་དོ། །
      སྐབས་ཀྱི་བརྗོད་གཞི་དངོས་ལ་གཞུག་པར་བྱ་སྟེ།  དེ་ལྟར་རིགས་དྲུག་སོ་སོ་ལ་སྐྱེ་བའི་རྟགས་སུ་འདི་ལྟར།  ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་པའི་རྟགས་སུ་ལྷ་ཁང་གི་ཡོང་ཐོག་གམ་ཁང་བུ་བརྩེགས་པའི་ནང་དུ་འདུག་པར་སྙམ་པ།  དེ་བཞིན་ལྷ་མིན་ལ་མཚོན་ན།  མགལ་མེའི་འཁོར་ལོའི་དབུས་སམ་འབབ་པའི་དཀྱིལ་ན་འདུག་པར་སྙམ་པ།   མི་ལ་མཚོན་ན།  ལུས་རབ་ཏུ་གྲང་བར་སྙམ་པ་དང་ནམ་རྨུག་པའི་དཀྱིལ་ན་འདུག་པར་སྙམ་པ།  དེ་བཞིན་ཏུ་སྐྱེ་བོ་དུ་མའི་ཁྲོད་ན་འདུག་པར་སྙམ་པ་བཅས་བྱུང་ན་མིའིི་མངལ་དུ་ཚུད་པའི་རྟགས་ཡིན་པར་འདུག  ངན་སོང་གསུམ་ལས་དུད་འགྲོ་ལ་མཚོན་ན།  ན་བུན་གྱི་ཁྲོད་སོགས་ལ་འདུག་པར་སྙམ་པ།  དེ་བཞིན་དུ་ཡི་དྭགས་ལ་མཚོན་ན།   བྲག་ཕུག་སོགས་ལ་འདུག་པར་སྙམ་པ།   རྡོ་རྗེའི་དམྱལ་བ་ལྟ་བུར་མཚོན་ན།  སྡིག་ཅན་གྱི་གང་ཟག་དེ་ཉིད་ནང་དབུགས་ཆད་པ་ནས་ཐད་ཀར་ལྟུང་འགྲོ་བ་ཡིན་ཚུལ་བཅས་རྟགས་འདི་དག་ཚིག་དོན་མཛོད་ལས་གསུངས་པ་ལྟར་འདིར་བཀོད་པའོ། །
      བར་དོའི་སེམས་ཅན་དེ་ཉིད་ལས་དང་རྟེན་འབྲེལ་སྨིན་སྐབས་མའི་མངལ་དུ་ཞུགས་ནས་ལུས་ལེན་པར་བྱེད་པའི་རླུང་སེམས་གཉིས་དང་།  ཕ་ཡི་རྒྱུ་དྭངས་མ་དཀར་པོ་དང་མ་ལས་བྱུང་བའི་རྐྱེན་དྭངས་མ་དམར་པོ་བཅས་རྣམ་པ་བཞི་པོ་དེ་ཁྲག་དང་འོ་མ་དཀྲུགས་པ་བཞིན་འདྲེས་ནས་ལུས་གྲུབ་པའི་འགོ་འཛིན་པའོ། །
      མདོར་ན་སྲིད་པ་བར་དོའི་སྐབས་སུ་རྫོགས་པ་ཆེན་པོའི་རྣམ་འབྱོར་པ་རྣམས་ནི་སྲིད་པ་བར་དོ་ཡོངས་སུ་འཆར་མི་དགོས་པར་རང་བཞིན་སྤྲུལ་པའི་སྐུའི་ཞིང་དུ་རྫུས་ཏེ་སྐྱེ་བ་ཡིན་པར་འདུག་ཅིང་།  ཐ་མལ་པ་རྣམས་ནི་གོང་དུ་བཤད་པ་བཞིན་རྒྱུད་རིམ་འདྲ་མིན་ཅི་རིགས་པ་བརྒྱུད་ནས་སྲིད་པ་ཕྱི་མར་འགྲོ་བ་ཡིན་པར་འདུག་པས།  སྲིད་པ་བར་དོའི་སྐབས་སུ་ཕྱི་མའི་ལམ་ཡང་དག་པ་ཞིག་རྙེད་པར་འབད་པ་ནི་ཆེས་གལ་ཆེ་བར་འདུག་སྟེ།  ཀུན་མཁྱེན་བླ་མས་འདི་ཉིད་ཀྱི་མན་ངག་ཏུ།  ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ཅེས་སུ་གསུངས།  བླ་མ་མཚོ་སྐྱེས་རྡོ་རྗེས་ཀྱང་འདི་ལྟར་དུ་གསུངས་ཏེ།  ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔  འདུན་པ་རྩེ་གཅིག་སེམས་ལ་གཟུང་བྱས་ནས༔  བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔  མངལ་སྒོ་འགགས་ནས་རུ་ལོག་དྲན་པར་བྱ༔    སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔  ཞེས་སུ་གསུངས།
      མདོར་ན་བར་དོ་རྣམ་པ་བཞིའམ་དྲུག་གང་གི་དབང་དུ་བྱས་ཀྱང་།  ཡར་འགྲོ་མར་འགྲོའི་ས་མཚམས་ཞེས་པའི་དཔེ་བཞིན་ཡོད་ཚད་ཀྱི་གཞི་མ་ཚེ་འདིའི་རང་བཞིན་བར་དོ་ལ་རག་ལས་པས་ན།  འདི་ཉིད་ཀྱི་སྐབས་སུ་བློ་འགྱོད་དང་ཕམ་ཁ་མེད་པ་ཞིག་བཟོ་རྒྱུ་ནི་འཆི་བའི་རིག་པའམ་བར་དོའི་ཆོས་སྐོར་གྱི་གདམས་ཚིག་ཡིན་ལ།  ནང་བསྟན་སྤྱིའི་མཐའ་བསྡོམས་ཀྱང་འདིར་འདུས་སོ་སྙམ།  
      རེ་ཞིག་དུས་ཚོད་དང་བྱ་བའི་དབང་གི་རྩོམ་ཡིག་འདི་ཉིད་ཀྱི་རྫོགས་ཚིག་འདི་ནས་བྲི་བར་བྱ་སྟེ།  དགེ་བའི་རྩ་བ་གང་ཇི་སྙེད་ཡོད་པ་འཕགས་པ་ས་བཅུའི་སེམས་པ་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བསྔོ་བར་བྱ་ལ།  སྙུག་ཐོགས་པ་ནི་སོ་སྐྱེ་ཐ་མའི་ཐ་མ་པ་ཞིག་ཡིན་པས་ཚིག་དང་དོན་ལ་འཁྲུལ་པ་བགྲང་གིས་མི་ལང་པ་མངའ་བ་སྨྲ་མི་དགོས་པ་ཡིན་པས།  ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་རིག་འཛིན་འཁོར་དང་བཅས་པའི་མདུན་དུ་ནོངས་འགྱོད་ཆེན་པོས་མཐོལ་ལོ་བཤགས་སོ། །ཨོཾ་བཛྲ་ས་ཏྭ་ཧཱུཾ།  ཨོཾ་བཛྲ་ས་ཏྭ་ཧཱུཾ།  ཨོཾ་བཛྲ་ས་ཏྭ་ཧཱུཾ།

                            རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease