ཆོས་མངོན་པ་མཛོད་ཀྱི་གནས་བརྒྱད་ཀྱི་དཀའ་བའི་གནས་ལ་དཔྱད་པ།

    དཔལ་ལྡན་གྱིས་བརྩམས།

༄༅།  །ཆོས་མངོན་པ་མཛོད་ཀྱི་གནས་བརྒྱད་ཀྱི་དཀའ་བའི་གནས་ལ་དཔྱད་པ་གངས་སེང་དཀར་མོའི་མཆོངས་སྟངས་ཞེས་བྱ་བ་བཞུགས་སོ། 
 
བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
 
སྲིད་པའི་མཚོ་ལས་སྒྲོལ་བ་ཐུགས་རྗེའི་གྲུ། །
འདོད་དགུ་འབྱུང་བ་མཁྱེན་རབ་ནོར་བུའི་གླིང་། །
མཐའ་ཡས་འགྲོ་བ་ཐར་པའི་གྲོང་ཁྱེར་དུ། །
སྐྱེལ་མཛད་དེད་དཔོན་ཐུབ་པ་མཆོག་ལ་གུས། །
 
གཞུང་ལུགས་འབུམ་སྡེ་གོ་དགུ་ཐུགས་སུ་ཆུད། །
སྟོན་མཆོག་གསུང་རབ་གསལ་བའི་མིག་གྱུར་པ།།
སངས་རྒྱས་གཉིས་པའི་མཚན་གྱིས་བསྔགས་པ་ཡིས།།
སློབ་དཔོན་དབྱིག་གཉེན་ཞབས་ལ་གུས་ཕྱག་འཚལ།།
 
བསྡུས་དང་རྒྱས་པའི་ཊཱི་ཀཱ་སྣ་ཚོགས་ཀྱིས། །
ཆོས་མངོན་བསྟན་པ་རབ་ཏུ་གསལ་མཛད་པའི། །
རྒྱལ་པོའི་སྲས་དང་གང་བ་སྤེལ་ལ་སོགས། །
འཕགས་བོད་མཁས་དབང་རིམ་བྱོན་ཕྱག་གི་ཡུལ། །
 
བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་ཞིང་། །
རྩེ་མོ་ལྷག་བསམ་འབྲས་བུའི་ཁུར་གྱིས་བརྗིད། །
གཞན༵་ཕན༵་ལོ་འདབ་རྒྱས་པའི་བསིལ་གྲིབ་ཀྱིས། །
ཉོན་མོངས་གདུང་སེལ་སྙིང༵་པོའི༵་ཞབས་ལ་འདུད། །
 
དམ་ཆོས་མངོན་པའི་གཞུང་ལུགས་རྒྱ་མཚོ་ལ། །
ལྟ་བའི་མིག་གི་ཤེས་རབ་དམན་ན་ཡང་། །
ཆོས་མཐུན་གྲོཊ་དང་བཤེས་གཉེན་བཀའ་དྲིན་གྱིས། །
ཅུང་ཟད་དཔྱད་པའི་སྤོབས་པ་བདག་ལ་ཐོབ། །
 
ཅེས་གཞུང་ལུགས་སྤྱིའི་འགྲོས་ལྟར་མཆོད་ཚིག་གི་མེ་ཏོག་དང་རྩོམ་པ་དམ་བཅའ་སྔོན་དུ་བཏང་ནས་གང་ཞིག་གླེང་བར་བྱ་བ་ནི། སྤྱིར་གཞུང་ལུགས་གང་ཞིག་ལ་མཁས་པར་བྱ་བ་ལ་སྤྲོ་བསྡུ་གཉིས་ཀྱི་དོན་ཚང་དགོས་ཏེ། སྤྲོ་བ་སྔོན་དུ་མ་སོང་བར་མཁས་པ་གཞན་གྱིས་བཤད་པའི་བསྡུས་དོན་རྣམས་བསྐྱར་དུ་བཀོད་པ་དང་། ཡང་ན་གཞུང་ལུགས་མང་པོར་བམ་ཀློག་ཙམ་རེ་བྱས་ཏེ་བརྗོད་བྱ་རགས་བསྡུས་བྱས་པ་ཙམ་གྱིས་ཡིད་ཚིམ་པ་ནི་སྲོག་དང་བྲལ་བའི་ལུས་དང་མཚུངས་ཤིང་། དཀའ་བའི་གནད་གཅིག་ལྟ་བུ་ལ་འགྲེལ་ཚུལ་སྣ་ཚོགས་སོགས་སྤྲོས་པ་ཤེས་ཀྱང་སྙིང་པོ་གྲུབ་དོན་བསྡུས་པ་མེད་ན་ངལ་བ་འབྲས་མེད་དུ་འགྱུར་ངེས་པས་སོ། །དེས་ན། འདིར་མཁས་པའི་བྱ་བ་ལ་འཇུག་ཤེས་པའི་རྟེན་འབྲེལ་ཙམ་དང་། བློ་དམན་བདག་འདྲ་བའི་སློབ་གཉེར་བ་རྣམས་ལ་དཔྱད་གཞི་ཙམ་དུ་འགྱུར་ཐུབ་པར་དམིགས་ནས། འཛམ་གླིང་མཁས་པའི་གཙུག་རྒྱན་མཁས་མཆོག་དབྱིག་གཉེན་གྱིས་མཛད་པའི་དམ་པའི་ཆོས་མངོན་པ་མཛོད་ཀྱི་གནས་བརྒྱད་ཀྱི་དཀའ་བའི་གནས་རྣམས། ངོ་མཚར་གསུམ་ལྡན་ལས་བྱུང་བའི་གངས་སེང་དཀའ་མོའི་མཆོངས་སྟངས་ཀྱི་འགྲོས་ལྟར་ཚན་པ་རེ་རེ་ནས་ཟུར་དུ་བཀར་ནས་ནང་མཚན་གྱི་དཀའ་གནས་ཚན་པ་༥༥ཙམ་ལ་དཔྱད་ཡོད། དེ་དག་གི་དཔྱད་གཞིའི་ཡིག་ཆ་ནི། སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བ་དང་། མཛོད་ཀྱི་བཤད་པ། སློབ་དཔོན་རྒྱལ་པོའི་སྲས་གྲཊ་པའི་བཤེས་གཉེན་གྱི་མཛོད་ཀྱི་འགྲེལ་བཤད། སློབ་དཔོན་གང་སྤེལ་གྱི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་། སློབ་དཔོན་ཕྱོགས་གླང་གི་མཛོད་འགྲེལ་གནད་ཀྱི་སྒྲོན་མ། མཆིམས་ནམ་མཁའ་གྲགས་ཀྱི་མཛོད་ཀྱི་རྣམ་བཤད་སྙིང་པོ་བསྡུས་པ། མཆིམས་སྟོན་བློ་བཟང་གྲགས་ཀྱི་ཆོས་མངོན་ལེགས་བཤད་རྒྱ་མཚོ། མཆིམས་འཇམ་དཔལ་དབྱངས་ཀྱི་འགྲེལ་པ་མངོན་པའི་རྒྱན། བོ་དོང་པཎ་ཆེན་གྱི་མཛོད་འགྲེལ། ཀུན་མཁྱེན་རོང་སྟོན་གྱི་མཛོད་འགྲེལ་ཤེས་བྱ་རབ་གསལ། ཀུན་མཁྱེན་གོ་རམས་པའི་ངོ་མཚར་གསུམ་ལྡན་དང་། སྙོམས་འཇུག་རབ་གསལ། པཎ་ཆེན་ཤཱཀ་མཆོག་གི་བྱེ་བྲག་བཤད་མཚོ་ཆེན་པོ། པཎ་ཆེན་ངག་ཆོས་ཀྱི་མཛོད་ཀྱི་སྤྱི་དོན་དང་། མངོན་པའི་འབེལ་གཏམ། མང་ཐོས་ཀླུ་སྒྲུབ་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ་དང་། རྒྱུ་འབྲས་རྐྱེན་གསུམ་གྱི་དཀའ་འགྲེལ་དང་། སྤང་བྱ་སྤོང་ཚུལ་གྱི་དཀའ་འགྲེལ། འཇམ་དབྱངས་བློ་གཏེར་དབང་པོའི་མཛོད་གྱི་མཆན་འགྲེལ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་གྲུབ་བདེའི་དཔྱིད་འཇོ། རྗེ་དགེ་འདུན་གྲུབ་ཀྱི་ཐར་ལམ་གསལ་བྱེད། རྒྱལ་དབང་བློ་བཟང་འཕྲིན་ལས་ཀྱི་མཛོད་འགྲེལ་ཉིན་བྱེད་དབང་པོའི་སྣང་བ། དགེ་སློང་རྣམ་རྒྱལ་དབང་ཆེན་གྱི་མཛོད་འགྲེལ་དོགས་གཅོད་བཅས། རྒྱ་བོད་མཁས་པའི་བསྟན་བཅོས་ཉི་ཤུ་རྩ་གཉིས་ཙམ་ལ་ལྟ་ཀློག་བྱས་ཏེ་བྲིས་ཡོད། དེ་ཡང་མཁས་པ་གཅིག་ཁོ་ནའི་དགོངས་པ་རང་ལུགས་སུ་བྱས་ཏེ་ཧྲིལ་གྱི་ལེན་པ་དང་། མཁས་པ་གཞན་རྣམས་ཧྲིལ་གྱི་དོར་བ་ལྟ་བུ་མ་ཡིན་པར་མཛོད་རྩ་བ་དང་གྲགས་ཆེན་འགྲེལ་བ་བཞིའི་དགོངས་པ་ལ་གང་འཐད་ཆེ་བ་དང་། རང་གིས་ལེགས་པར་དཔྱད་དེ་སྒྲུབ་བྱེད་ཆེ་ཞིང་གནད་ལ་འབྱོར་བར་སྙམ་པ་དག་རང་ལུགས་སུ་བྱས་ཡོད་དོ།   །སྐབས་སུ་བབས་པ་གཞུང་དོན་དངོས་ལ་འཇུག་པ་ལ། 
 

གནས་དང་པོའི་དཀའ་བའི་གནས་ལ་དཔྱད་པ། 
གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །ཞེས་སོགས་ཀྱི་སྐབས་སུ། བསྟོད་ཡུལ་གྱི་སངས་རྒྱས་ངོས་བཟུང་ཚུལ་ལ་དཔྱད་པ། སྤང་བྱའི་མུན་པ་ངོས་བཟུང་ཚུལ་ལ་དཔྱད་པ། གཉེན་པོས་སྒྲིབ་པ་སྤོང་ཚུལ་ལ་དཔྱད་པ་དང་གསུམ་ལས། དང་པོ་ནི། སྤྱིར་བྱེ་སྨྲ་བའི་ལུགས་ལ་དོན་གཉིས་མཐར་ཐུག་བརྙེས་པའི་སངས་རྒྱས་ལ་ཆོས་སྐུ་དང་གཟུགས་སྐུ་གཉིས་མ་གཏོགས་ལོངས་སྐུ་དང་དེ་སྤྲུལ་གཞི་བྱེད་པ་ལས་བྱུང་བའི་སྤྲུལ་སྐུ་ཞེས་པ་ཁས་མི་ལེན་ཏེ། སྡོམ་གསུམ་ཁ་སྐོང་ལས། བྱེ་སྨྲས་རྣམ་གྲོལ་ཆོས་སྐུ་དང་། །གཟུགས་སྐུ་གཉིས་འདོད་ལོངས་སྤྲུལ་གྱི། །དོན་དང་ཐ་སྙད་གཉིས་ཀ་མེད། །ཅེས་པ་ལྟར་རོ། །འོ་ན། འདི་བསྟན་ཕྱག་བྱ་ཡུལ་གྱི་སྟོན་པ་དེ་གང་ལ་ངོས་བཟུང་དགོས་སྙམ་ན། གྲགས་ཆེན་གྱི་འགྲེལ་པ་བཞི་སོགས་ལས་ཞིབ་ཆ་བཤད་མེད་ཀྱང་། པཎ་ཆེན་ཤཱཀ་མཆོག་གིས་བྱེ་བྲག་བཤད་མཚོ་ཆེན་པོར་༢༽མཆོད་པར་བརྗོད་པའི་ཡུལ་གྱི་གཙོ་བོ་ནི་ཆོས་ཀྱི་སྐུ་ཡིན་ཞིང་། གཟུགས་སྐུ་ནི་མཆོད་པར་བརྗོད་ཡུལ་གཙོ་བོ་མ་ཡིན་ཞེས་གསུངས། ཆོས་སྐུ་ནི་ཡེ་ཤེས་དང་། སྤངས་པ་དང་། མཐུ་ཕུན་སུམ་ཚོགས་པ་གསུམ་གྱི་བདག་ཉིད་དུ་གྱུར་པ་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ཞིག་དང་། གཟུགས་སྐུ་ནི་མཚན་དཔེས་སྤྲས་པའི་བདག་ཉིད་ཅན་དུ་འདོད་ལ། དེ་ཡང་སངས་རྒྱས་མཚན་ཉིད་པ་མ་ཡིན་པ་གསུངས་སོ། །འདི་ལ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛོད་ཀྱི་སྤྱིའི་དོན་ཤེས་བྱ་རབ་གསལ་དུ་༢༠༽དགག་པ་འདི་ལྟར་མཛད་དེ། འདི་སྐབས་ཀྱི་བསྟོད་ཡུལ་ཀྱི་སངས་རྒྱས་ནི། ཆོས་སྐུ་ཁོ་ན་ལ་བྱེད་ཀྱི་གཟུགས་སྐུ་ནི་རྣམ་སྨིན་གྱི་འབྲས་བུ་ཡིན་པས་མི་བྱེད་དོ་ཞེས་པ་ནི་མི་འཐད་དེ། རང་འགྲེལ་ལས་རང་གི་སྟོན་པའི་ཆེའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་ཞེས་སོགས་ཀྱི་བསྟན་པ་འདིའི་སྟོན་པ་དེ། འདིར་སྐབས་ཀྱི་བསྟོད་ཡུལ་བཤད་པ་ལས། སྟོན་པ་ངོས་མ་ཟིན་པ་སྣང་བའི་ཕྱིར་རོ། །ཞེས་དང་། པཎ་ཆེན་ངག་ཆོས་ཀྱིས་མངོན་པའི་འབེལ་གཏམ་དུ་༥༦༽ཡང་དེ་བཞིན་དུ་དགག་པ་མཛད་མོད། འོན་ཀྱང་། པཎ་ཆེན་ཤཱཀ་མཆོག་རང་གི་གཞུང་ལ་ཞིབ་ཏུ་མཇལ་ཚེ་པཎ་ཆེན་གྱིས་གཟུགས་སྐུ་དེ་སངས་རྒྱས་མཚན་ཉིད་པ་མིན་ཞེས་གསུངས་འདུག་ཀྱང་འདི་བསྟན་གྱི་མཆོད་པར་བརྗོད་ཡུལ་མིན་པར་མི་བཞེད་པ་མཐོང་སྟེ། དེ་ཉིད་ལས་༣༽བརྟེན་པ་ཆོས་ཀྱི་སྐུ་ལ་མཆོད་པར་བརྗོད་པས་རྟེན་གཟུགས་ཀྱི་སྐུ་ལ་ཡང་དེར་འགྱུར་བ་ཡིན་ཏེ། དཔེར་ན། རྟེན་ལ་གནོད་པ་བྱས་པས་བརྟེན་པ་ལ་ཡང་གནོད་པ་བྱས་པར་འཇོག་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། མཆོད་ཡུལ་ལ་གཙོ་ཕལ་གཉིས་སུ་ཕྱེ་ནས་ཆོས་སྐུ་གཙོ་བོ་དང་གཟུགས་སྐུ་ཕལ་བར་གསུངས་པ་ལས། ཆོས་སྐུ་ཁོ་ན་མཆོད་ཡུལ་ཡིན་ཞེས་ཚིག་ཟུར་ཙམ་ཡང་མི་སྣང་བའི་ཕྱིར་རོ། །
གཉིས་པ་ནི།  སྤྱིར་ལུགས་འདི་ལ་སྤང་བྱ་དང་ཟག་བཅས་གཉིས་ཁྱབ་མཉམ་ཡིན་ཡང་སྤང་བྱ་ལ་སྒྲིབ་པས་མ་ཁྱབ་པའི་གནད་ཤེས་དགོས། སྐབས་འདིའི་སྤང་བྱའི་མུན་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ལ་བཞག་ཅིང་། དེ་ཡང་མུན་པས་གཟུགས་མཐོང་བ་ལ་གེགས་བྱེད་པ་ལྟར་ཇི་ལྟ་ཇི་སྙེད་ཀྱི་དོན་མཐོང་བའི་གེགས་སུ་གྱུར་པའི་ཕྱིར་ན་མུན་པ་ཞེས་བྱ་སྟེ།  རང་འགྲེལ་༡ལས། མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། ཞེས་དང་། འགྲེལ་པ་རྒྱལ་སྲས་མ་ལས། མུན་པ་ཞེས་བྱ་བའི་སྒྲ་ནི་མཚན་མོའི་མུན་པ་ཡིན་པར་གྲགས་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་ཡོད་པ་མཐོང་བའི་གེགས་སུ་གྱུར་པའི་ཕྱིར་རོ། །སྐྱེ་བོ་ལོང་བ་དང་འདྲ་བར་བྱེད་པས་མུན་པ་ཡིན་ནོ། །ཞེས་དང་། སློབ་དཔོན་གང་སྤེལ་གྱི་ཊཱིཀ་ལས་ཀྱང་འདི་བཞིན་གསུངས་སོ། །དེ་ལ། རང་འགྲེལ་༡ལས། རང་སངས་རྒྱས་དང་ཉོན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པ་ནི་འདོད་མོད་ཀྱི་གཏན་ནས་ནི་མ་ཡིན་ཏེ་འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་ཉོན་མོངས་ཅན་གྱི་མུན་པ་དང་། ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཉིས་གསུངས།   མུན་པ་དང་པོའི་ངོས་འཛིན་ལ། མཆིམས་མཛོད་༥ལས། འདོད་ཆགས་སོགས་པའི་བདག་ཉིད་ཅན་ཡིན་ལ། ཞེས་དང་། མཆིམས་ཆུང་དང་། ཐར་ལམ་གསལ་བྱེད་དང་། བློ་གཏེར་མཆན་འགྲེལ་བཅས་ལས། བདག་ཏུ་འཛིན་པའི་རྩ་བ་ཅན་གྱི་ཕྲ་རྒྱས་བརྒྱད་ཅུ་འཁོར་དང་བཅས་པ་ཡིན་ལ། ཞེས་དང་། རྒྱལ་དབང་མཛོད་༣ལས། ཁམས་གསུམ་གྱི་ཉོན་མོངས་ཅན་ཐམས་ཅད་དང་། ཞེས་དང་། མོང་ཐོས་ཀླུ་སྒྲུབ་རྒྱ་༣༡མཚོས། རྩ་ཉོན་དྲུག་གི་ཟླས་དབྱེ་བའི་མ་རིག་པ་ཞེས་གྲགས་པ་དེ་ཡིན་ལ། དེ་ལ་ནི་ཉོན་སྒྲིབ་ཅེས་བྱ། ཞེས་གསུངས་སོ། །
མུན་པ་གཉིས་པའི་ངོས་འཛིན་ལ།  ཀརྨ་པ་མི་བསྐྱོད་རྡོ་རྗེས་༡༥༽ཡེ་ཤེས་ཀྱི་འགལ་ཟླའི་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་ལ་འཆད་དགོས་ཞེས་གསུངས། པཎ་ཆེན་ཤཱཀ་མཆོག་གིས་༥༽ཡུལ་རབ་ཏུ་བསྐལ་བ་སོགས་མི་ཤེས་པ་ཡིན་ཞིང་དེ་ཡང་ཤེས་པ་བཀག་ཙམ་མ་ཡིན་གྱི་དེ་དང་དེ་ཤེས་པའི་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་ཡིན་ཞེས་གསུངས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་༣༡༽དེ་བཀག་སྟེ་སངས་རྒྱས་ཀྱི་ཆོས་ཤིན་ཏུ་བསྐལ་བ་སོགས་མི་ཤེས་པའི་རིག་པ་ལ་འཇོག་ཅིང་། དེ་ལ་སེམས་སེམས་བྱུང་གཉིས་ཀ་ཡོད་ཅེས་བཤད། པཎ་ཆེན་ངག་ཆོས་ཀྱིས་རང་འགྲེལ་དུ་བཤད་པ་ལས་གཞན་ཞིབ་ཆ་བྱས་མེད་ཀྱང་མངོན་པའི་འབེལ་གཏམ་དུ་༥༧༽ཡུལ་གྱི་བསྐལ་བ་སོགས་བཞི་ནི་མ་སྒྲིབ་ལུང་མ་བསྟན་ཡིན་ཞེས་བཤད། མཛོད་ཀྱི་སྤྱི་དོན་༡༥༥ལས།  ངོ་བོའི་སྒོ་ནས་དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་གཉིས་ཡོད་ཅེས་བཤད། འགྲེལ་པ་མངོན་པའི་རྒྱན་གྱི་མཆན་བུ་༦ལས། ཉོན་མོངས་ཅན་མ་ཡིན་པ་དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་གྱི་བྱེ་བྲག་འོག་ནས་འབྱུང་བའི་མི་ཤེས་པའི་རྒྱུ་བཞི་ལྟ་བུ་ཡིན་ཏེ་ཞེས་བཤད། དགེ་བ་དེ་ཡང་རྒྱལ་དབང་མཛོད་༤ལས། བྱིང་བ་ཕྲ་མོའི་ངོ་བོར་གྱུར་པའི་དགེ་བ་ཟག་བཅས་སོགས་སྙོམས་འཇུག་གི་སྒྲིབ་པའི་ངོ་བོར་གྱུར་པའི་དགེ་བ་ཟག་བཅས་དེར་འཇོག་པའི་ཆོག་པའི་ཕྱིར། ཞེས་བཤད་ཀྱང་འདི་དག་སློབ་དཔོན་དབྱིག་གཉེན་གྱི་དགོངས་པར་སོང་མིན་དཀའ་བའི་གནས་སོ། །
གང་ལྟར་ཡང་མུན་དང་པོ་ནི་ཐར་བ་ཐོབ་པ་ལ་གེགས་བྱེད་དང་། གཉིས་པ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་བྱེད་ཡིན་ལ། དེས་ན་མུན་པ་དང་པོ་ནི་ཉན་རང་དགྲ་བཅོམ་གྱིས་ཀྱང་གཏན་ནས་བཅོམ་པ་སྲིད་པས་ཐུན་མོང་གི་སྤང་བྱ་ཙམ་དང་། ཕྱི་མ་ནི་སངས་རྒྱས་ཁོ་ནས་གཏན་ནས་བཅོམ་པས་སྐབས་འདིའི་ཐུན་མོང་མ་ཡིན་པའི་སྤང་བྱ་གཙོ་བོ་ཡིན་ནོ། །འདི་ལ་མཆིམས་འཇམ་དཔལ་དབྱངས་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ཀྱིས་ཤེས་སྒྲིབ་ཅེས་པའི་ཐ་སྙད་མཛད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཤེས་བྱའི་སྒྲིབ་པར་བཞག་ཀྱང་སྐྱོན་མེད་མོད། ལུགས་འདི་རང་རྐང་ལ་ཤེས་སྒྲིབ་ཀྱི་ཐ་སྙད་གསལ་པོ་མེད་པས་བདག་གི་ཡོངས་འཛིན་རྣམས་ཀྱང་མི་བཞེད་པ་སྣང་ངོ། །ཞེས་གསུངས་སོ། །
གསུམ་པ་ལ། སྤྱིའི་དོན་དང་། དངོས་ཀྱི་དོན་གཉིས་ལས། དང་པོ་ནི། སྤྱིར་སྤང་བྱ་སྤོང་ཚུལ་ལ། སྤང་བྱ་དེའི་ངོ་བོ་སྤོང་བ་དང་། སྤང་བྱ་དེ་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤོང་བ་གཉིས་ཡོད། དང་པོ་ནི་ཐོབ་པ་བཅད་པའི་ཚུལ་གྱིས་སྤོང་བ་སྟེ། སྤང་བྱ་སྒྲིབ་པ་དེ་སྤོང་བྱེད་ཀྱི་གཉེན་པོ་ཉིད་ཀྱིས་ཆེད་དུ་གཏད་ནས་སྤོང་བ་ལ་འཇོག་གོ །འདི་ལ་ཡང་ཕྱིས་མི་སྐྱེ་བའི་ཆོས་ཅན་བྱེད་པའི་སྒོ་ནས་སྤོང་བ་དང་། དེ་མི་ནུས་པའི་སྒོ་ནས་སྤོང་བ་གཉིས་ཡོད་ཅིང་།  སྔ་མ་ནི་གཏན་ནས་བཅོམ་ཞེས་པའི་དོན་ཡིན་ཏེ། རང་འགྲེལ་༡ལས། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམ་པ་སྟེ། དེའི་ཕྱིར་འདི་ནི་ཀུན་ལ་མུན་པ་གཏན་བཅོམ་པའོ། །ཞེས་དང་། འདིའི་དོན་སློབ་དཔོན་རྒྱལ་པོ་སྲས་ཀྱིས་༦༽གཏན་ནས་ཡེ་བཅོམ་པ་ཞེས་བྱ་ནི་ཀུན་ཏུ་མི་འབྱུང་བར་སྤང་བར་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་པའི་ཕྱིར། ཕྱི་མ་དེ་ལྟ་བུ་ཞིག་ཀྱང་ཁས་ལེན་དགོས་ཏེ། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཞིག་ཡོད་པ་གང་ཞིག དེས་རང་གི་སྤང་བྱ་ཐོབ་པ་བཅད་པའི་ཚུལ་གྱིས་སྤངས་ཀྱང་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་མི་ནུས་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར་རོ།  །གཉིས་པ་འདུན་པའི་འདོད་ཆགས་དང་བྲལ་བས་སྤོང་ཚུལ་ནི། སྤང་བྱ་སྒྲིབ་པ་དེ་ལ་ཆགས་པའི་ཟག་པ་དང་བྲལ་བ་ཙམ་གྱིས་དེ་སྤངས་བར་འདོད་ཅིང་། དེ་ཡང་གང་ཟག་གང་ཞིག་གིས་དེ་ལྟ་བུ་ཚུལ་གྱིས་སྤངས་ཀྱང་དེའི་རྒྱུད་ལ་དེ་ཡོད་ཆོག་པ་ཡིན་ཏེ། རང་འགྲེལ་ལས། རང་སངས་རྒྱས་དང་ཉོན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པ་ནི་འདོད་མོད་ཀྱི་གཏན་ནས་མ་ཡིན་ཏེ་འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་ཤིན་ཏུ་བསྐལ་བ་སོགས་ཉོན་མོངས་ཅན་མིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་དང་། རྒྱལ་སྲས་མ་༧ལས། དེ་ནི་སྤངས་ཀྱང་དེ་དག་ལ་མིག་ལ་སོགས་པ་བཞིན་དུ་ཀུན་ཏུ་འབྱུང་ལ་ཞེས་གསུངས་པའི་ཕྱིར་རོ། །  
གཉིས་པ་ནི། སྤང་བྱ་ཉོན་མོངས་ཅན་གྱི་མུན་པ་དང་ཉོན་མོངས་ཅན་མིན་པའི་མུན་པ་གཉིས་ཀྱི་སྤོང་ཚུལ་ཡོད་ཀྱང་སྐབས་དོན་ཕྱི་མ་འདི་ཉིད་དཔྱད་ན། གཏན་ནས་བཅོམ་པའི་གཉེན་པོ་ངོས་བཟུང་བ། གཉེན་པོས་དེ་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ནི། རང་འགྲེལ་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཞེས་བྱུང་། དེའི་དོན། སློབ་དཔོན་རྒྱལ་པོ་སྲས་ཀྱིས། གཉེན་པོ་བརྙེས་ནས་ཞེས་བྱ་བ་ནི་འཕགས་པའི་ལམ་བརྙེས་ནས་ཏེ་ཞེས་དང་། རྣམ་པ་གཅིག་ཏུ་ན་ཡེ་ཤེས་ཟག་པ་མེད་པ་ནི་མི་ཤེས་པའི་གཉེན་པོ་ཡིན་པས་དེ་བརྙེས་ནས་ཞེས་བཤད།  དེ་བཞིན་དུ། མཛོད་འགྲེལ་གནད་ཀྱི་སྒྲོན་མ།  འགྲེལ་པ་མངོན་པའི་རྒྱན། མཛོད་འགྲེལ་ལེགས་བཤད་རྒྱ་མཚོ། མཛོད་འགྲེལ་ཤེས་བྱ་རབ་གསལ། མཛོད་འགྲེལ་ཉིན་བྱེད་དབང་པོའི་སྣང་བ། ཐར་ལམ་གསལ་བྱེད། པཎ་ཆེན་ངག་ཆོས་ཀྱི་མཛོད་ཀྱི་སྤྱི་དོན་དང་། མངོན་པའི་འབེལ་གཏམ། བློ་གཏེར་མཆན་འགྲེལ། ཀུན་མཁྱེན་འཇམ་དབྱངས་བཞེད་པའི་མཛོད་འགྲེལ་རྣམས་ལས་རང་འགྲེལ་དང་རྒྱལ་སྲས་མར་བཤད་པ་ལས་གཞན་གསལ་ཁ་མི་འདུག  སློབ་དཔོན་གང་སྤེལ་གྱི་ཊཱིཀར་༡༠༽འདོད་ཚུལ་མི་འདྲ་བ་གཉིས་བཀོད་ཡོད་པ་སྟེ། ཁ་ཅིག་གིས། རྒྱུད་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞེད་པ་དང་། ཁ་ཅིག་གིས། རྡོ་རྗེ་ལྟ་བུ་ཁོ་ན་མ་ཡིན་གྱི། སྡུག་བསྔལ་ཆོས་བཟོད་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་སྤོང་ལམ་ཐམས་ཅད་དེའི་གཉེན་པོར་འདོད། ཅེས་པའོ། །མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཀྱང་མཛོད་ཀྱི་སྤང་བྱ་སྤོང་ཚུལ་གྱི་དཀའ་འགྲེལ་དུ་༣༧༢༽རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པར་བཤད་དོ། །ཀརྨ་པ་མི་བསྐྱོད་རྡོ་རྗེས། གྲུབ་བདེ་དཔྱིད་འཇོར་༢༣༽སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ཡིན་པར་བཤད། པཎ་ཆེན་ཤཱཀ་མཆོག་གིས། བྱེ་བྲག་བཤད་མཚོ་ཆེན་པོར་༧༽འདི་བསྟན་གྱི་གཉེན་པོ་ལ་མི་ཤེས་པའི་རྒྱུ་བཞི་པོ་མངོན་དུ་མི་འགྱུར་བའི་གཉེན་པོ་དངོས་དང་། དེ་བཞི་པོ་སེལ་བྱེད་ཀྱི་གཉེན་པོ་དངོས་ཏེ་གཉིས་ཡོད་ཅིང་། དང་པོ་ནི། སློབ་པའི་གནས་སྐབས་ཀྱི་ཡེ་ཤེས་ཀྱི་ཚོགས་དང་། མི་སློབ་པའི་གནས་སྐབས་ཀྱི་སྟོབས་བཅུའོ། །གཉིས་པ་ནི། སངས་རྒྱས་ཀྱི་སའི་སྟོབས་བཅུ་པོ་དེ་ཁོ་ན་ཡིན་པར་གསུངས་སོ། །དེ་ལྟར་འདོད་ཚུལ་མི་འདྲ་བ་བཞི་བྱུང་བ་ལས་འཐད་ཕྱོགས་གང་ཡིན་འོག་སྤང་བྱ་སྤོང་ཚུལ་སྐབས་ཀྱི་རྒྱུ་མཚན་དང་བསྒྲིགས་ཏེ་དཔྱད་པར་བྱའོ། །
གཉིས་པ་ཇི་ལྟར་སྤོང་བའི་ཚུལ་ནི། སྤོང་བྱེད་ཀྱི་གཉེན་པོ་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ནར་འདོད་པ་དག་གིས་ནི། གོང་དུ་དྲངས་པའི་རང་འགྲེལ་གྱི་ལུང་དོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་ནས་ཞེས་པའི་དོན་དུ་བཤད་ཅིང། དེའི་རྒྱུ་མཚན། སྟོན་པ་སངས་རྒྱས་ནི་མུན་པ་གཉིས་པོ་གཏན་བཅོམ་པའི་གང་ཟག་ཡིན་པ་དང་། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པའི་ཡེ་ཤེས་ལ་མངའ་བའི་གང་ཟག་ཡིན་པའི་ཕྱིར་ན་ཐོབ་པ་གཅོད་པའི་དངོས་ཀྱི་གཉེན་པོ་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འོས་མེད་དོ་སྙམ་དུ་དགོངས་པའི་ཕྱིར་ཏེ། སློབ་དཔོན་གང་སྤེལ་གྱིས་ཊཱིཀར་༡༠༽གཉེན་པོ་ནི་སྤོང་བར་བྱེད་པའི་ཕྱོགས་ཏེ། དེ་ཡང་ཁ་ཅིག་ན་རེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། འདི་ལྟར་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་བཅོམ་ལྡན་འདས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དང་། ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ནུས་པ་མངའ་བ་འགྱུར་རོ། །ཞེས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས། དེ་ཉིད་༣༧༢དུ། ཉན་རང་གི་རྒྱུད་ཀྱི་སྲིད་ཉོན་སྤོང་བའི་བར་ཆད་མེད་ལམ་དགུ་པ་དེས། སྲིད་རྩེའི་སས་བསྡུས་ཀྱི་ཉོན་མོངས་པ་མ་ཡིན་པའི་མི་ཤེས་པ་ངོ་བོའི་སྒོ་ནས་སྤོང་བར་མི་ནུས་ཀྱི། བྱང་སེམས་ཀྱི་རྒྱུད་ཀྱི་སྲིད་ཉོན་སྤོང་བའི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེས་དེ་ངོ་བོ་སྒོ་ནས་སྤོང་བར་ནུས་ཏེ། དེས་དེའི་ཐོབ་པ་གཅོད་ནུས་པའི་ཕྱིར་ཏེ། སངས་རྒྱས་འཕགས་པ་དེའི་ཐོབ་པ་བཅད་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་དེ་གཏན་ནས་བཅོམ་པའི་གང་ཟག་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་། འདི་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་ཅན་མིན་པའི་མི་ཤེས་པའི་རྒྱུ་བཞི་པོ་དེ་ངོ་བོ་སྒོ་ནས་སྤོང་ཚུལ་དཀའ་བའི་གནས་སུ་སྣང་སྟེ། གཉེན་པོ་དེས་སྤང་བྱ་དེའི་ཐོབ་པ་གཅོད་ཚུལ་མེད་པའི་ཕྱིར། དེ་ཡིན་ཏེ། སྤང་བྱ་དེ་དང་འཛིན་སྟངས་འགལ་བའི་ཡེ་ཤེས་མ་ཡིན་པའི་ཕྱིར་ཏེ། སློབ་ལམ་ཡིན་པའི་ཕྱིར། གལ་ཏེ་སྤང་བྱ་དེའི་ཐོབ་གཅོད་པ་ལ་སྤང་བྱ་དེ་དང་འཛིན་སྟངས་འགལ་བའི་གཉེན་པོ་ཞིག་དགོས་པའི་ངེས་པ་མེད་ཀྱི་སྤང་བྱ་དེ་སྤོང་པའི་ཆེད་དུ་ལམ་གྱི་གཉེན་པོ་སྒོམ་པས་ཆོག་གོ་ཞེ་ན། འོ་ན་སྡུག་བསྔལ་ཆོས་བཟོད་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་སྤོང་ལམ་ཐམས་ཅད་དེའི་གཉེན་པོར་ཅིའི་ཕྱིར་མི་འདོད་དེ་མཚུངས་སོ། །གཞན་ཡང་ཉན་རང་གི་རྒྱུད་ཀྱི་སྲིད་ཉོན་སྤོང་བའི་བར་ཆད་མེད་ལམ་དགུ་པ་དེས་ཀྱང་དེའི་ཐོབ་པ་གཅོད་མི་ནུས་པའི་རྒྱུ་མཚན་མེད་པའི་ཕྱིར། གལ་ཏེ་ཚོགས་གཉིས་རྫོགས་པའི་མ་མཐའ་གང་ཡིན་པ་དེ་ན་འཇོག་ཅིང་སྡུག་བསྔལ་ཆོས་བཟོད་སོགས་དང་ཉོན་རང་གི་རྒྱུད་ལ་ལམ་དེ་མེད་པས་སྐྱོན་མེད་དོ་ཞེ་ན། དེ་ལྟར་ཡིན་མོད། དེ་ལྟར་ན་པཎ་ཆེན་ཤཱཀ་མཆོག་གིས་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་དེ་མི་ཤེས་པའི་རྒྱུ་བཞི་པོ་སེལ་བྱེད་ཀྱི་གཉེན་པོ་དངོས་མ་ཡིན་གྱི། མི་ཤེས་པའི་རྒྱུ་བཞི་པོ་མངོན་དུ་མི་འགྱུར་བའི་གཉེན་པོ་དངོས་ཡིན་ཞེས་པ་ལྟར་ཁས་བླངས་ན་ལེགས་སྙམ། ལུགས་གཉིས་པ་ལའང་འདི་བཞིན་དཔྱད་དེ་འཐད་མིན་ཤེས་པར་བྱའོ། །
སངས་རྒྱས་ཀྱི་ཡེ་ཤེས་སུ་བཞེད་པ་དག་གིས་ནི། རང་འགྲེལ་སྒྲ་ཇི་བཞིན་དུ་བཤད་ནས། མི་ཤེས་པའི་རྒྱུ་བཞི་པོ་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་རྣམ་པ་ཅན་གྱི་ཉེན་པོ་སློབ་ལམ་ན་མེད་པའི་ཕྱིར་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་བཞག་པ་ཡིན་ཏེ། པཎ་ཆེན་ཤཱཀ་མཆོག་གིས། དེ་ཉིད་དུ་༨༽མི་ཤེས་པའི་རྒྱུ་བཞི་པོ་སེལ་བྱེད་ཀྱི་གཉེན་པོ་དངོས་ནི་སློབ་ལམ་ན་ཡོད་པ་མ་ཡིན་ཏེ། དེ་དང་འཛིན་སྟངས་འགལ་བའི་རྣམ་པ་ཅན་གྱི་ཤེས་རབ་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སངས་རྒྱས་ཀྱི་སའི་སྟོབས་བཅུ་པོ་དེ་ཉིད་དོ། །ཞེས་དང་། གྲུབ་བདེ་དཔྱིད་འཇོ་༢༣ལས། ཚོགས་གཉིས་རྫོགས་པའི་མཐར་མི་ཤེས་པའི་རྒྱུ་བཞི་སྤོང་བྱེད་ནི། མི་སློབ་པའི་སར་སྟོབས་བཅུའི་ཡེ་ཤེས་ཉིད་ལ་འཇོག་སྟེ། སྔར་སློབ་ལམ་ན་མི་ཤེས་པའི་རྒྱུ་བཞིའི་ངོ་བོ་དང་འགལ་བའི་འཛིན་སྟངས་ཅན་གྱི་ཐམས་ཅད་མཁྱེན་པའི་ཤེས་རབ་མེད་པའི་ཕྱིར། ཞེས་པའོ། །ལུགས་འདིར་སངས་རྒྱས་ཡེ་ཤེས་ཁོ་ན་བཞག་པ་དང་པཎ་ཆེན་གྱིས་གཉེན་པོ་ལ་གཉིས་བྱས་ནས་བཞག་ཡོད་པ་གཉིས་ལས་པཎ་ཆེན་གྱི་ལུགས་དེ་ལེགས་པར་སྣང་། འོན་ཀྱང་གཉིས་ཀའི་ལུགས་ལ་སྤང་བྱའི་ཐོབ་པ་གཅོད་ཚུལ་ལ་དཀའ་བར་སྣང་སྟེ། གཉེན་པོ་དངོས་དེ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ན་སངས་རྒྱས་ལ་ཉོན་མོངས་ཅན་མིན་པའི་མུན་པ་ལྡན་པར་ཐལ་ཏེ། དེའི་ཐོབ་པ་ལྡན་པའི་ཕྱིར། དེ་ཡིན་ཏེ། ཡེ་ཤེས་དེ་དེའི་ཐོབ་པ་གཅོད་པའི་སྤོང་གཉེན་ཡིན་པའི་ཕྱིར། ཞེས་པའོ། །འདིའི་ལན་ལ། སངས་རྒྱས་ཀྱི་ཡེ་ཤེས་ད་ལྟ་བས་སྤང་བྱ་ད་ལྟ་བ་སྤོང་བ་ནི་མ་ཡིན་ཏེ། དེའི་ཚེ་དེའི་ཐོབ་བཅད་ཟིན་པའི་ཕྱིར། ཞེས་དང་། སངས་རྒྱས་ཀྱི་ཡེ་ཤེས་མ་འོངས་པ་དེ་ཉིད་སྐྱེས་ཟིན་པ་དང་། དེའི་སྤང་བྱ་ད་ལྟ་བའི་ཐོབ་པ་འགགས་ཟིན་པ་དུས་མཉམ་དུ་འབྱུང་བ་ཡིན་ཏེ། དཔེར་ན། མར་མེ་མ་འོངས་པ་སྐྱེས་ཟིན་པ་དང་། དེའི་འགལ་ཟླ་མུན་པ་བསལ་ཟིན་པ་དུས་མཉམ་པ་བཞིན་ནོ། །ཞེས་ཁོང་རྣམ་པ་གཉིས་ཀས་གསུངས་སོ། །
 
ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་པའི་སྐབས་སུ་རྗེས་འབྲང་གི་དོན་ལ་དཔྱད་པ་ལ། མིང་གི་རྣམ་གྲངས། རྗེས་འབྲང་གི་ཚད། རྗེས་སུ་འབྲང་ཚུལ་དང་གསུམ་ལས། དང་པོ་ནི། འདིའི་སྐབས་ཀྱི་ཟག་མེད་ཀྱི་ཤེས་རབ་རྗེས་འབྲང་དང་། གནས་བཞི་པར་ཐ་མ་གཉིས་ནི་སེམས་རྗེས་འབྲང་། །ཞེས་དང་། གནས་གཉིས་པར་སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་པའི་སྐབས་ཀྱི་རྗེས་འཇུག་དང་རྗེས་འབྲང་དག་ནི་ཁྱད་གཞི་སེམས་སེམས་བྱུང་གི་ཁྱད་ཙམ་ལས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །
གཉིས་པ་སེམས་ཀྱི་རྗེས་འབྲང་གི་ཚད་ནི། ཁྱོད་ཡོད་པ་ངེས་པར་དུ་སེམས་ལ་ལྟོས་དགོས་པ་གང་ཞིག དུས་དང་འབྲས་བུ་དང་ངོ་བོ་དགེ་བ་སོགས་གཅིག་པ་ཡིན་དགོས་པའོ། །དུས་གཅིག་པ་ལ་གྲུབ་དུས་དང་། སྐྱེ་འགག་གནས་གསུམ་གཅིག་པ་སྟེ་བཞི་དང་། འབྲས་བུ་གཅིག་པ་ལ་སྐྱེས་བུ་བྱེད་འབྲས་དང་། བྲལ་འབྲས། རྣམ་སྨིན། རྒྱུ་མཐུན་ཏེ་ལྔ་དང་། ངོ་བོ་གཅིག་པ་ལ་དགེ་སོགས་གང་རུང་གཅིག་པ་སྟེ་དོན་བཅུ་བའི་སྒོ་ནས་འཇོག་ཅིང་། གཅིག་ཚུལ་དེ་དག་ཀྱང་ཅི་རིགས་པའི་དབང་དུ་བྱས་པ་ཡིན་གྱི་སྐབས་ཐམས་ཅད་དུ་མ་ཡིན་ཞེས་མཆིམས་མཛོད་སོགས་ལས་གསལ་བ་ལྟར་རོ། །ཟག་བཅས་དང་ཟག་མེད་ཀྱི་ཤེས་རབ་རྗེས་འབྲང་ལའང་འདི་བཞིན་འགྲེའོ། ། རང་འགྲེལ་༢ལས། རྗེས་འབྲང་བཅས་ཞེས་བྱ་བ་ནི་འཁོར་དང་བཅས་པ་སྟེ། ཞེས་གསུངས། སློབ་དཔོན་ཕྱོགས་གླང་གི་མཛོད་འགྲེལ་ལས་རང་འགྲེལ་གྱི་ཚིག་ཇི་བཞིན་བཞག་པ་ལས་གཞན་གསུངས་པ་མེད།  སློབ་དཔོན་རྒྱལ་པོའི་སྲས་ཀྱི་འགྲེལ་བཤད་༡༣ལས། རྗེས་འབྲང་བཅས་ཞེས་བྱ་བ་ནི་འཁོར་དང་བཅས་པའོ་ཞེས་བྱ་བ་ནི་རྒྱལ་པོ་དང་ལྷན་ཅིག་སྤྱོད་ཀྱང་དེ་དང་མཐུན་པར་བྱེད་པའི་ཕྱིར་རྒྱལ་པོའི་རྗེས་སུ་འབྲང་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དུས་མཉམ་པར་རྒྱུ་ཡང་རྗེས་སུ་འབྲང་བ་ཁོ་ནས་བརྗོད་དོ། །དེ་དག་ཀྱང་གང་ཞེ་ན་སེམས་དང་སེམས་ལས་བྱུང་བ་དང་ཟག་པ་མེད་པའི་སྡོམ་པ་དང་སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་ཅེས་བྱ་བ་དག་ཡིན་ནོ། །ཞེས་དང་། སློབ་དཔོན་གང་སྤེལ་གྱི་འགྲེལ་བཤད་༢༣ལས། རྗེས་སུ་འབྲང་བ་ནི་ཤེས་རབ་ཀྱི་འཁོར་ཏེ། དུས་དང་འབྲས་བུ་ལ་སོགས་པ་དག་དང་། དགེ་བ་ཉིད་ཀྱིས་ཤེས་རབ་ཀྱི་རྗེས་སུ་འཇུག་པའི་གཟུགས་དང་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་དང་། སེམས་དང་དེ་དག་གི་ཐོབ་པ་དང་སྐྱེ་བ་ལ་སོགས་པ་དག་གོ  །ཞེས་སོ། །
གསུམ་པ་རྗེས་སུ་འབྲང་ཚུལ་ནི། གཞི་དེ་ཆོས་དེའི་ངོ་བོ་སོང་སྟོབས་ཀྱིས་གཞི་དེའི་ཚོགས་པ་ན་ཡོད་པའི་ཆོས་རྣམས་ཆོས་དེའི་ངོ་བོར་བསྒྱུར་བ་ཡིན་ལ། དེ་ཡང་སྒྱུར་རྒྱུ་ཡོད་པ་གང་ཞིག་ལ་བྱ་དགོས་ཏེ། ཤེས་རབ་དེ་ཟག་མེད་ཀྱི་ངོ་བོར་སོང་སྟོབས་ཀྱིས་དེའི་ཚོགས་པ་ནང་ཡོད་པའི་སྡོམ་གཟུགས་དེ་ཟག་མེད་ཀྱི་ངོ་བོར་བསྒྱུར་བ་ཡིན་གྱི་ཤེས་རབ་ཀྱི་ངོ་བོ་ལ་བསྒྱུར་རྒྱུ་མེད་པའི་ཕྱིར། གཞན་ལའང་འགྲེ། ངོ་མཚར་གསུམ་ལྡན་༧ལས། དེ་དག་གི་ཐོབ་པ་དང་མཚན་ཉིད་སྐྱེ་སོགས་དང་། ཟག་མེད་ཀྱི་སྡོམ་གཟུགས་རྣམས་ཆོས་ཅན། དེ་ཡིན་ཏེ། ཟག་མེད་ཀྱི་ཤེས་རབ་དེའི་སྟོབས་ཀྱིས་ཆོས་མངོན་པར་སོང་བའི་ཕྱིར། ཞེས་པ་ལྟར་རོ། །འགྲེལ་པ་མངོན་པའི་རྒྱན་གྱི་མཆན་བུ་༡༢ལས། རྗེས་སུ་འབྲང་བ་ནི་ཚོགས་པ་གཅིག་ཏུ་མི་འབྲལ་བར་སྐྱེས་པ་ཡིན་པས། ཞེས་སོ། །
 
ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་སོགས་ཀྱི་སྐབས་སུ། ཟག་པ་རྒྱས་ཚུལ་གྱི་དོན་ལ་དཔྱད་པ་ནི། སྤྱིར་ཆོས་ཐམས་ཅད་ཟག་བཅས་ཟག་མེད་གཉིས་ཀྱི་ཁོངས་སུ་འདུས་ཤིང་། ཟག་བཅས་ཀྱི་ཆོས་ནི། ལམ་མ་གཏོགས་པའི་འདུས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་སོ། །  ཟག་མེད་ཀྱི་ཆོས་ནི། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་པས་སྟོན། བྱེ་སྨྲ་བའི་ལུགས་འདིར་ཆོས་དང་། དངོས་པོ། རྫས་གྲུབ། ཡོད་པ་རྣམས་ཡིན་ཁྱབ་མཉམ་དང་། དངོས་མེད་དང་རྫས་སུ་མ་གྲུབ་པ་དང་མེད་པ་རྣམས་དོན་གཅིག་ཡིན་ཁྱབ་མཉམ་ཡིན་ཞིང་། རྟག་པའི་དངོས་པོ་ཁས་བླངས་པས་དངོས་པོ་ལ་དོན་བྱེད་ནུས་པས་མ་ཁྱབ་པ་དང་། ཀུན་རྫོབ་བཏགས་ཡོད་དུ་འདོད་དགོས་པས་དངོས་པོ་ལ་བདེན་གྲུབ་དང་རང་མཚན་གྱིས་མ་ཁྱབ་ཅེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་གསུངས་པ་ལྟར་ལེགས་སྙམ། ཟག་བཅས་ཟག་མེད་གཉིས་ཀྱི་འཇོག་བྱེད་ནི། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བ་དེ་ཟག་བཅས་ཀྱི་དང་། མི་འགྱུར་བ་དེ་ཟག་མེད་ཀྱི་ཡིན་ནོ། །སྐབས་དོན་དཔྱད་གཞི་ནི་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་ཚུལ་དེ་ཡིན་ལ། དེ་ཡང་ཟག་པ་ནི་ཉོན་མོངས་པ་སྟེ་རྩ་བ་དང་ཉེ་བའི་ཉོན་མོངས་རྣམས་སོ། །རྒྱས་ཞེས་པ་ནི་སྐྱེ་བར་ཙམ་གྱི་དོན་མ་ཡིན་པར་དམིགས་མཚུངས་གང་རུང་གི་སྟོབས་གྱིས་ཟག་པ་སྐད་ཅིག་རྒྱུན་ཆགས་སུ་སྐྱེད་ནུས་ཤིང་གནས་ཐོབ་པའི་དོན་དུ་འགྲེལ་བཤད་དག་ལས་གསུངས། དེ་དག་ངེས་བདེ་བའི་དབང་དུ་བྱས་ན་དམིགས་པའི་སྒོ་ནས་ཟག་པ་རྒྱས་ཚུལ་ནི།   ཆགས་ལྡན་གྱི་སྐྱེས་པ་ཞིག་གིས་བུད་མེད་མཛེས་མའི་གཟུགས་ལ་དམིགས་པས་ན་མཛེས་མའི་གཟུགས་ཀྱི་སྟོབས་ཀྱིས་དེའི་རྒྱུད་ལ་འདོད་ཆགས་སྐད་ཅིག་རྒྱུན་ཆགས་སུ་སྐྱེད་ནུས་ཤིང་གནས་ཐོབ་པ་ལྟ་བུའོ། ། ཇི་སྐད་དུ། ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཞེས་སོ། །
མཚུངས་ལྡན་གྱིས་རྒྱས་ཚུལ་ནི། འགོག་ལམ་ལ་དམིགས་ནས་ཐར་བ་མེད་པར་ལྟ་བའི་ལོག་ལྟ་བུ་སྟེ། དེ་ཡང་འགོག་ལམ་ལ་དམིགས་སྟོབས་ཀྱིས་རྒྱས་པ་མ་ཡིན་པར་གྲུབ་མཐའ་ངན་པའི་ཐད་པ་སོགས་ལ་བརྟེན་པའི་ཉོན་མོངས་པའི་སེམས་དང་སེམས་བྱུང་གི་གྲོགས་གང་དང་མཚུངས་པར་ལྡན་པའི་སྟོབས་ཀྱིས་ཉོན་མོངས་དེ་རྒྱུན་ཆགས་སུ་སྐྱེ་བའོ། །མཆིམས་མཛོད་༤༣ལས། ཕྲ་རྒྱས་གང་ཞིག་སེམས་དང་སེམས་བྱུང་གི་ས་མང་པོ་བ་ལ་སོགས་པ་གང་དང་མཚུངས་པར་ལྡན་པའི་ཕྲ་རྒྱས་དེ་དག་ནི་གྲོགས་དེར་ཏེ་དེ་དག་ལ་མ་སྤངས་ཀྱི་བར་དུ་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ཏེ། དེ་ལྟར་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་ཟག་མེད་ལ་དམིགས་པ་བཅུ་གཉིས་ནི་མཚུངས་ལྡན་ཁོ་ནས་རྒྱས་པར་འགྱུར་ཞེས་དང་། འདིའི་དཔེ་ལ་མཆན་བུ་ལས་དུག་དང་འདྲེས་པའི་ཆང་གིས་དུག་གི་ནུས་པ་འཕེལ་བ་བཞིན་ཞེས་གསུངས། ཇི་སྐད་དུ། གང་ཞིག་གང་དང་མཚུངས་པ། །དེ་དང་དེ་མཚུངས་ལྡན་སྒོ་ནས། །ཞེས་སོ། །པཎ་ཆེན་ཤཱཀ་མཆོག་གིས་འདིར་མཚངས་ལྡན་གྱི་དོན་འཛིན་སྟངས་མཚུངས་པ་ལ་འཆད་པའི་ངེས་པ་མེད་ཅེས་གསུངས། 
རྒྱས་ཚུལ་གཉིས་པོ་དེ་འགལ་བ་མ་ཡིན་ཏེ། མཚུངས་ལྡན་གྱི་རྒྱས་འགྱུར་ལ་དམིགས་པས་རྒྱས་འགྱུར་གྱིས་མ་ཁྱབ་ཀྱང་། དམིགས་པས་རྒྱས་འགྱུར་ལ་མཚུངས་ལྡན་གྱི་རྒྱས་འགྱུར་གྱིས་ཁྱབ་པ་ཡིན་ཏེ། ཆགས་བྲལ་གྱི་སྐྱེ་བུ་ཞིག་གིས་མཛེས་མའི་གཟུགས་ལ་དམིགས་ཀྱང་འདོད་ཆགས་མི་རྒྱས་པའི་གནད་ཀྱིས་དང་། དམིགས་པས་རྒྱས་ལ་མཚུངས་ལྡན་གྱིས་མི་རྒྱས་པའི་སེམས་སེམས་བྱུང་གི་ཟག་པ་མི་རྙེད་པའི་ཕྱིར། རྒྱལ་སྲས་མ་༤༤༠ལས། གང་དག་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་དེ་དག་ནི་གདོན་མི་ཟ་བར་མཚུངས་པར་ལྡན་པའི་སྒོ་ནས་ཀྱང་རྒྱས་པར་འགྱུར་རོ། །ཞེས་སོ། །མཆིམས་མཛོད་༤༣ལས། འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་དང་། ཁམས་འོག་མ་གཉིས་ཀྱི་ཀུན་འགྲོ་བཅོ་བརྒྱད་དེ་ཉི་ཤུ་རྩ་བཞི་ནི་དམིགས་ཡུལ་ཟག་བཅས་ཟག་མེད་དང་རང་ས་དང་གོང་ས་ལ་ལྟོས་ནས་ཅི་རིགས་དམིགས་པ་དང་མཚུངས་ལྡན་གྱིས་རྒྱས་འགྱུར་གཉིས་ཀ་ཅི་རིགས་པ་དང་། ལྷག་མ་དྲུག་ཅུ་རྩ་གཉིས་ནི་རྒྱས་འགྱུར་གཉིས་ཀ་ངེས་ལ། དམིགས་པས་རྒྱས་པ་ལ་མཚུངས་ལྡན་གྱི་རྒྱས་པས་ཁྱབ་པས་དམིགས་པས་རྒྱས་པ་ཁོ་ན་ཡིན་པ་ནི་མེད་དོ། །ཞེས་སོ། །
དེ་ཡང་ཟག་བཅས་ལ་དམིགས་པའི་ཉོན་མོངས་ཡུལ་ཅན་གྱི་དབང་དུ་བྱས་པའི་དོན་ཡིན་གྱི། ཟག་པའི་ཡུལ་གྱི་དབང་དུ་བྱས་ན་དམིགས་པས་རྒྱས་འགྱུར་ཁོ་ན་ཡིན་པ་ཡོད་དེ། དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་ལ་སོགས་པའོ། །འདི་ལ་དགོངས་ནས་གནས་ལྔ་པར། ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཞེས་དང་། རང་འགྲེལ་༤༤༠ལས། སེམས་ཉོན་མོངས་ཅན་མ་ཡིན་པ་ནི་དེ་ལ་དམིགས་པ་མ་སྤངས་པ་རྒྱས་པར་འགྱུར་བ་དག་ཁོ་ནས་ཕྲ་རྒྱས་དང་བཅས་པ་ཡིན་ནོ་ཞེས་གསུངས་སོ། །འོ་ན། ཟག་པ་ཡིན་ན་ཡུལ་ཅན་གྱི་དབང་དུ་བྱས་ནས་རྒྱས་འགྱུར་གཉིས་པོ་གང་རུང་གིས་རྒྱས་པའི་ཁྱབ་བམ་ཞེ་ན། དེ་ཡང་མ་ཁྱབ་ཏེ། ཉོན་མོངས་ཕྲ་རྒྱས་དང་བཅས་པ་ལ་ཟག་པ་རྒྱས་པ་དང་མི་རྒྱས་པ་གཉིས་ཡོད་པའི་ཕྱིར་ཏེ། སོ་སོའི་སྐྱེ་བོའི་རྒྱུད་ཀྱི་འདོད་ཆགས་ལ་སོགས་པ་ནི་དམིགས་མཚུངས་གཉིས་ཀས་རྒྱས་པ་ཡིན་ལ། དགྲ་བཅོམ་པ་རྣམས་ཀྱི་སྤངས་ཟིན་འདས་པའི་ཉོན་མོངས་དང་། མ་འོངས་མི་སྐྱེ་བའི་ཆོས་ཅན་གྱི་ཉོན་མོངས་རྣམས་ལྷན་ཅིག་པ་ཙམ་ལས་མི་རྒྱས་པའི་ཕྱིར། མཛོད་ལས། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཞེས་དང་། རང་འགྲེལ་༤༣༩ལས། སེམས་དེ་དང་མཚུངས་པ་ལྡན་པ་ཡང་མ་སྤངས་ལ་དེ་ལ་དམིགས་པ་ཡང་མ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །རྒྱས་པར་མི་འགྱུར་བ་དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་པར་ལྡན་པ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །ཞེས་སོ། །འོ་ན། མི་རྒྱས་པའི་ཕྲ་རྒྱས་འདི་ཟག་བཅས་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ཟག་བཅས་ལ་དམིགས་པའི་ཡུལ་ཅན་དུ་སོང་ནས་མི་རྒྱས་ཞེས་པའི་དོན་ཡིན་གྱི་ཕྲ་རྒྱས་ཀྱི་སེམས་གཞན་གྱི་དམིགས་པ་སོང་ནས་རྒྱས་སུ་རུང་བས་སྐྱོན་མེད་དོ། །ངོ་མཚར་གསུམ་ལྡན་༤༡ལས། སྣོད་ཀྱི་འཇིག་རྟེན་དང་། དགྲ་བཅོམ་པའི་ཕུང་པོ་ཟག་བཅས་ཅི་ལྟར་ཡིན་ཅེ་ན། སེམས་ཅན་གཞན་གྱི་ཟག་པ་དམིགས་པའི་སྒོ་ནས་རྒྱས་སུ་རུང་བས་ཟག་བཅས་སུ་འདོད་དོ། །ཞེས་པ་ལྟར་རོ། །འདིར་རྒྱས་པའི་དོན་ཟག་པ་རྒྱུན་ཆགས་སུ་སྐྱེ་བ་ལ་བྱས་པས་སྦྱོར་ལམ་ཆོས་མཆོག་པའི་རྒྱུད་ཀྱི་མཐོང་སྤོང་དང་དགྲ་བཅོམ་པ་ཐོབ་ཁ་མའི་རྒྱུད་ཀྱི་ཉོན་མོངས་སོགས་ལ་དོན་དེ་མ་ཚང་བས་དེ་བཞིན་དུ་ཤེས་པར་བྱའོ། །
 
སོ་སོར་བརྟགས་པའི་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ཡིན། །ཞེས་པའི་སྐབས་སུ།    འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས་འགོག་ཡོད་མེད་ལ་དཔྱད་པ།    སོ་སོར་བརྟགས་འགོག་གི་ངོ་བོ་ལ་དཔྱད་པ།    ཞར་ལ་ཟད་བསྡོམས་ཐོབ་ཚུལ་ལ་དཔྱད་པ་དང་གསུམ་ལས།   དང་པོ་ནི།   རང་འགྲེལ་༤ལས། གང་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་དེ་ནི་སོ་སོར་བརྟགས་པས་འགོག་པའོ། །སྡུག་བསྔལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ་ཤེས་རབ་ཀྱི་བྱེ་བྲག་གོ །དེས་ཐོབ་པར་བྱ་བའི་འགོག་པ་ནི་སོ་སོར་བརྟགས་པའི་འགོག་པའོ། །ཞེས་གསུངས། དེའི་དོན། ཕྱོགས་གླང་གི་མཛོད་འགྲེལ་དུ་རང་འགྲེལ་ཇི་བཞིན་བཞག་པ་ལས་འགྲེལ་བཤད་གཞན་མི་འདུག  སློབ་དཔོན་རྒྱལ་པོའི་སྲས་གྱིས་རང་འགྲེལ་དུ་སྡུག་བསྔལ་ལ་སོགས་འཕགས་པའི་བདེན་པ་རྣམས་ལ་ཞེས་ཁྱད་པར་སྨོས་པའི་རྒྱུ་མཚན་ལ་བརྟེན་ནས། ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པར་བྱ་བའི་འགོག་པ་ཞེས་སོ་སོར་བརྟགས་འགོག་གི་མཚན་ཉིད་དུ་བྱས་ནས། འོ་ན་འཇིག་རྟེན་པས་ཐོབ་པ་ལ་མ་ཁྱབ་བོ་ཞེ་ན། འཇིག་རྟེན་པའི་ལམ་ཁམས་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ནས་ཐོབ་པའི་བརྟགས་འགོག་ནི་མེད་ཅེས་པའི་དོན་དུ་བཤད། དེ་བཞིན་དུ། མཆིམས་ནམ་མཁའ་གྲགས་གྱི་མཛོད་ཀྱི་རྣམ་བཤད་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེའི་གྲུབ་བདེའི་དཔྱིད་འཇོ་བཅས་ལས་དེ་བཞིན་དུ་གསུངས། ཀུན་མཁྱེན་བླ་མས་ཀྱང་ངོ་མཚར་གསུམ་ལྡན་དུ་སོ་སོར་བརྟགས་འགོག་གི་མཚན་ཉིད་ཀྱི་ཟུར་དུ་ཟག་མེད་ཅེས་སྦྱར་ནས་གསུངས། མཁས་པ་འདི་དག་གི་ལུགས་ལྟར་ན། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤངས་པའི་ཚེ་གཉེན་པོ་དེས་སྟོབས་ཀྱིས་སྤང་བྱ་ཉོན་མོངས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་ཙམ་ཡིན་གྱི་བྲལ་བ་སོ་སོར་བརྟགས་འགོག་མངོན་དུ་བྱས་མི་ནུས་ཞེས་འདོད་དགོས་ལ། དེ་ཡང་བྲལ་བ་སོ་སོར་བརྟགས་འགོག་གི་རང་བཞིན་ཟག་མེད་དགེ་བའི་རྟག་རྫས་ཡིན་པས་ཟག་མེད་བར་ཆད་ལམ་གྱི་སྟོབས་ཀྱིས་ཐོབ་དགོས་ཀྱི་ལམ་ཟག་བཅས་ཀྱི་སྟོབས་ཀྱིས་འཐོབ་མི་ནུས་པའི་རྒྱུ་མཚན་གྱིས་ཡིན་ནོ། །གྲུབ་བདེ་དཔྱིད་འཇོ་ལས། བར་ཆད་མེད་ལམ་སྐྱེ་བཞིན་པའི་ཆོས་མཆོག་སྟན་གཅིག་པ་དེ་དང་མཐོང་སྤང་སྤངས་པའི་འཕགས་པ་རྒྱུད་ཐ་དད་ཀྱང་འགོག་པ་ཐ་དད་པ་མེད་པས་འཇིག་རྟེན་པ་ཁོ་ནས་ཐོབ་པ་མེད་ཀྱང་འཇིག་པའི་གཉེན་པོའི་སྟོབས་ཀྱིས་ཉོན་མོངས་པ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་ཡོད་དོ། །ཞེས་པ་ལྟར་རོ། །དེས་ན་དེང་སང་ལུགས་འདི་དག་ལའང་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས་འགོག་ཡོད་པ་བྱས་ནས་ཟག་མེད་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པར་བྱ་བའི་འགོག་པ་ཡིན་ན་ཟག་མེད་བར་ཆད་མེད་ལམ་གྱིས་འཐོབ་མི་དགོས་ཞེས་པ་ནི་གཞུང་ལུགས་ལ་ཞིབ་ཏུ་མ་བལྟས་པའི་སྐྱོན་ཡིན་པས་ཅ་ཅོར་དུ་ཤེས་པར་མཛོད་ཅིག 
སློབ་དཔོན་གང་སྤེལ་གྱིས་འཇིག་རྟེན་པའི་ལམ་གྱི་ཐོབ་པའི་སོ་སོར་བརྟགས་འགོག་ཡོད་པར་བཞེད་དེ། ཊཱིཀ་༤༠ལས། འཕགས་པའི་བདེན་པ་སྨྲོས་པ་ནི། ཚོར་བ་རྣམ་པར་གཅོད་པའི་ཕྱིར་རོ། །བསྟན་པ་ནི་ཕལ་ཆེའམ་གཙོ་བོ་ཡིན་ཏེ། གཞན་དུ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པའི་འགོག་པ་མི་འགྱུར་རོ། །ཞེས་སོ། །དེས་ན་མཆིམས་མཛོད་༣༦ལས། བརྟགས་འགོག་གི་མཚན་ཉིད་ལ་གཉེན་པོའི་རྟོབས་ཀྱིས་ཟག་བཅས་དང་བྲལ་བའོ་ཞེས་བྱ་བ་ནི་ལེགས་པ་ཡིན་ནོ། །ཞེས་གསུངས། དེ་བཞིན་དུ། མཆིམས་བློ་བཟང་གྲགས། བོ་དོང་པཎ་ཆེན། པཎ་ཆེན་ཤཱཀྱ་མཆོག རྗེ་དགེ་འདུན་གྲུབ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། པཎ་ཆེན་ངག་ཆོས་བཅས་ཀྱི་གཞུང་ལས་མཚན་ཉིད་ཀྱི་ཟུར་དུ་ཟག་མེད་ཅེས་བྱ་བ་སྦྱར་མེད་དོ། །ལུགས་འདི་ལྟར་ན། འགོག་བདེན་དང་སོ་སོར་བརྟགས་འགོག་གཉིས་དོན་གཅིག་ཏུ་བཤད་ན་མི་འགྲིག་པ་སྣང་སྟེ། སོ་སྐྱེའི་རྒྱུད་ལ་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་ཀྱི་ཉོན་མོངས་སྤངས་པའི་བྲལ་འབྲས་ཐོབ་ཀྱང་། འགོག་བདེན་ཐོབ་པ་མི་སྲིད་དེ། དེའི་རྒྱུད་ལ་ལམ་བདེན་མེད་པའི་ཕྱིར། མ་ཁྱབ་ན་རྒྱུ་ལམ་བདེན་མེད་པར་འབྲས་བུ་འགོག་བདེན་ཐོབ་པ་ནི་ཤིན་ཏུ་ངོ་མཚར་ཆེའོ། །དེས་ན་འགོག་བདེན་ལ་བརྟགས་འགོག་གིས་མ་ཁྱབ་པར་པཎ་ཆེན་ངག་ཆོས་ཀྱིས་གསུངས་ལྟར་ལེགས་སྙམ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས། སོ་སོར་བརྟགས་འགོག་ལ་ཟག་བཅས་ཟག་མེད་གཉིས་སུ་ཕྱེས་ནས་སོ་སྐྱེའི་རྒྱུད་ཀྱི་བརྟགས་འགོག་དེ་ཟག་བཅས་ཡིན་པར་གསུངས་ཀྱང་། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ཞེས་པའི་གཞུང་དང་འགྲིག་དཀའ་བས་དཔྱོད། 
གཉིས་པ་ནི། གཉེན་པོ་ལམ་བདེན་གྱིས་སྤང་བྱ་ཉོན་མོངས་སྤངས་པ་ན། སྤང་བྱ་དེ་དང་བྲལ་བ་ལ་སྡེ་པ་གཞན་གྱིས་དངོས་པོའི་ངོ་བོ་ཉིད་མེད་པར་འདོད་མོད། བྱེ་སྨྲ་བའི་ལུགས་འདི་ལ་དངོས་མེད་དང་། རྫས་སུ་མ་གྲུབ་པ་དང་། མེད་པ་རྣམས་དོན་གཅིག་ཡིན་ཞིང་། དེ་ཡིན་ན། མ་ནིང་གཟུགས་བཟང་མི་བཟང་ལ། །འདོད་ལྡན་རྣམས་བརྟག་ཅི་ཕན། །ཞེས་པ་ལྟར་དོན་གང་ཡང་བྱེད་མི་ནུས་པའི་ཕྱིར་དང་། མདོ་ལས་འཕགས་པའི་བདེན་པ་བཞི་ཞེས་འགོག་བདེན་བདེན་པར་བཤད་པའི་ཕྱིར་ན། སྤང་བྱ་བྲལ་ཙམ་མ་ཡིན་པར་བྲལ་འབྲས་རྟག་ཅིང་དགེ་བའི་རྫས་སུ་གྲུབ་པར་འདོད་དོ། །གལ་ཏེ་ལམ་གྱིས་མངོན་པར་འདུས་བྱས་པ་མ་ཡིན་ནམ་ཅི་ཕྱིར་རྟག་པར་བརྗོད་ཅེ་ན། ལམ་གྱིས་སྤང་བྱ་ཟག་བཅས་སྤངས་པ་ལ་བྲལ་བའི་འབྲས་བུ་ཞེས་བརྗོད་ཀྱི་ངོ་བོ་གསར་དུ་བྱས་པ་མིན་ཞེས་འགྲེལ་བཤད་དག་ལས་གསུངས་སོ། །
འོན་ཀྱང་འདི་ལྟར་དོགས་ཏེ། གང་ཟག་གི་རྒྱུད་ལ་ལམ་གྱི་བདེན་པས་རྒྱུ་བྱས་ནས་འགོག་བདེན་ཐོབ་པ་དང་། མཛོད་ལས། འབྲས་བུ་ཐོབ་བྱུང་ཉམས་པ་ལས། །ཞེས་དགྲ་བཅོམ་པ་འབྲས་བུ་ལས་ཉམས་པ་བཤད་པ་མི་འཐད་པར་ཐལ། དེའི་རྒྱུད་ལ་བྲལ་འབྲས་དེ་ཡོད་ན་རྟག་ཏུ་ཡོད་དགོས་པ་དང་མེད་ན་རྟག་ཏུ་མེད་དགོས་པའི་ཕྱིར། མ་གྲུབ་ན། རྟག་པ་མ་ཡིན་པར་ཐལ། རེ་འགའ་བའི་དངོས་པོར་ཡིན་པའི་ཕྱིར། མ་ཁྱབ་ན། གནས་གཉིས་པར། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་དངོས་པོ་རྣམས་རིམ་གྱིས་སྐྱེ་བ་དང་། རེ་འགའ་སྐྱེ་བ་ཡིན་པའི་ཕྱིར་ན་དབང་ཕྱུག་རྟག་པས་བསྐྱེད་པ་མི་འཐད་པར་བཤད་པ་དང་འགལ་ཏེ། དེའི་ཁྱབ་འབྲེལ་སྒྲུབ་ཚུལ་ཡོད་ཕྱིར་ཞེ་ན། ཇི་ལྟར་སྨྲ་དགོས་མ་ངེས་པས་དཔྱད་པར་འཚལ། 
གསུམ་པ་ནི། གལ་ཏེ་སྤང་བྱ་སྤངས་པའི་བྲལ་བ་རྣམས་རྫས་གཅིག་ཡིན་ན། སྤང་བྱ་གང་རུང་གཅིག་སྤངས་པའི་འགོག་པ་མངོན་དུ་བྱས་པའི་ཚེ། སྤང་བྱ་ཐམས་ཅད་སྤངས་པའི་འགོག་པ་མངོན་དུ་བྱས་པར་འགྱུར་ལ། དེ་ལྟར་ན་སྤང་བྱ་ལྷག་མ་སྤོང་པའི་ཆེད་ལམ་ལ་འབད་པ་དོན་མེད་དུ་འགྱུར་བས། བྲལ་འབྲས་རྣམས་རྫས་སོ་སོ་ཡིན་ནོ། །འོ་ན། གནས་ལྔ་པར། ཁམས་ལས་འདོད་ཆགས་བྲལ་བ་དང། །འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཞེས་ཉོན་མོངས་སྤངས་པའི་བྲལ་ཐོབ་མཐའ་དག་གཅིག་ཏུ་སྡོམ་པར་གསུངས་པ་དང་འགལ་ལོ་ཞེ་ན། རྫས་སོ་སོ་བ་དེ་དག་གི་ཐོབ་པ་ཐུན་མོང་བ་གཅིག་ཏུ་རྙེད་པའི་དོན་ཡིན་གྱི་རྫས་སོ་སོ་བ་རྣམས་འདྲེས་ནས་གཅིག་ཏུ་སོང་བར་འཆད་པ་མ་ཡིན་ཞེས་པཎ་ཆེན་ཤཱཀ་མཆོག་གིས་གསུངས་པ་ལྟར་རོ། །
 
གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་སོགས་གྱི་སྐབས་སུ། གཟུགས་ཀྱི་མཚན་ཉིད་རྡུལ་ཕྲ་རབ་ལ་ཚང་མིན་དཔྱད། འདས་མ་འོངས་ཀྱི་གཟུགས་ལ་ཚང་མིན་དཔྱད། རྣམ་པ་རིག་བྱེད་མིན་པའི་གཟུགས་ལ་ཚང་མིན་དཔྱད་པ་གསུམ་ལས། དང་པོ་ནི། གཟུགས་རུང་གཟུགས་ཀྱི་མཚན་ཉིད་ཡིན་ཞིང་། དེའི་དོན་ཡང་གནོད་པ་བྱ་རུང་བ་ཡིན་ལ། དེ་ཡང་ལག་པ་ལ་སོགས་པས་འདུས་ཏེ་རེག་ན་ཡོངས་སུ་འགྱུར་བ་བསྐྱེད་པའོ།  །ཁ་ཅིག་གཟུངས་རུང་གི་དོན་ཐོགས་པའོ་ཞེས་བཤད། འདི་གཉིས་ལ་དོན་གྱི་ཁྱད་པར་མེད་ཅེས་མང་ཐོས་ཀླུ་སྒྲུབ་ཀྱིས་གསུངས།  འོ་ན་རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་ཤས་མེད་པས་གཟུགས་རུང་གི་དོན་གང་ཡང་མེད་པས་གཟུགས་མ་ཡིན་པར་ཐལ་ལོ་ཞེ་ན། འདིའི་ལན་ལ་ལུགས་མི་འདྲ་བ་གཉིས་བྱུང་སྟེ། མང་ཐོས་ཀླུ་སྒྲུབ་སོགས་ཀྱིས་རྡུལ་ཕྲ་རབ་ལ་རྫས་རྡུལ་རབ་དང་། བསགས་རྡུལ་ཕྲ་རབ་གཉིས་ཡོད་ཀྱི། དང་པོ་ལྟར་ན། གཟུགས་རུང་གཉིས་པོ་གང་ཡང་མིན་པས་གཟུགས་མ་ཡིན་པའི་ཐལ་བར་འདོད་དོ། །ཕྱི་མ་ལྟར་ན། ཆ་ཤས་དང་བཅས་པ་བཞེད་པས་གནོད་པ་བྱ་རུང་དང་ཐོགས་བཅས་ཀྱང་ཡིན་པས། གཟུགས་མ་ཡིན་པར་མི་གྲུབ་བོ། །དེ་ཡང་ཡིན་ཏེ། རང་འགྲེལ་ལས། འོ་ན་ནི་རྡུལ་ཕྲ་རབ་གཟུགས་མ་ཡིན་པར་འགྱུར་ཏེ་གཟུགས་སུ་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་གཅིག་བུ་ལོགས་ཤིག་ཏུ་འགྱུར་བ་ནི་མེད་པ་ཉིད་དོ། །འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བ་ཉིད་དོ། །ཞེས་དང་། དེ་ཡང་སློབ་དཔོན་གང་སྤེལ་གྱི་ཊཱི་ཀ་ལས། འདི་ནི་རྫས་རྡུལ་ཕྲ་རབ་ལ་མངོན་པར་འདོད་ཀྱི། འདུས་པའི་རྡུལ་ཕྲ་རབ་ལ་ནི་མིན་ཏེ། དེ་ནི་རྡུལ་རྫས་བརྒྱད་ཡིན་པས་གཟུགས་སུ་མི་རུང་བར་འགལ་ལོ། །དེ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་བུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་དོ་ཞེས་སྨྲ་སྟེ། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ལ་སོགས་ངེས་པའི་ཕྱིར་རོ། །འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བ་ཉིད་དེ་ཡོངས་སུ་འགྱུར་བའི་ཐོགས་པ་ཡིན་ནོ། །ཞེས་རྫས་རྡུལ་ཕྲ་རབ་གཟུགས་མིན་པ་དང་ཅིག་ཤོས་གཟུགས་ཡིན་པར་གསལ་བར་གསུངས་ཕྱིར་རོ། །ཞེས་རྫས་རྡུལ་ཕྲ་རབ་གཟུགས་མིན་པར་གསུངས་པའི་ཕྱིར་རོ། །ཞེས་སོ། །
ལུགས་གཉིས་པ་ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་ཀྱིས་རྫས་རྡུལ་ཕྲ་རབ་ཀྱང་གཟུགས་ཡིན་པར་བཞེད་དེ། རྫས་རྡུལ་ཕྲ་རབ་འདི་ལ་རྡུལ་རྫས་བརྒྱད་ལྷན་ཅིག་པར་མ་ཚོགས་ཀྱང་ཚོགས་ན་གཟུགས་སུ་རུང་བས་ཉིད་ཀྱིས་གནོད་པ་བྱར་ཡོད་པས་དེ་གཟུགས་སུ་མ་འདུས་པའི་སྐྱོན་མེད་ཅེས་གསུངས་སོ། །   
གཉིས་པ་ནི། འདས་མ་འོངས་ཀྱི་གཟུགས་དེ་རེག་པས་གནོད་པ་བྱ་རུང་དང་ཐོགས་བཅས་གཉིས་གང་ཡང་མིན་པས་གཟུགས་སུ་རུང་བའི་དོན་མི་ཚང་ལ། དེས་ན་གཟུགས་མ་ཡིན་པར་འགྱུར་རོ་ཞེ་ན། ལན་ནི། འདས་པའི་གཟུགས་ནི་ད་ལྟ་གནོད་པ་བྱ་རུང་མིན་ཡང་ཁོ་རང་གི་དུས་སུ་གནོད་པ་བྱས་ཟིན་པས་དང་། མ་འོངས་པའི་གཟུགས་ལ་སྐྱེ་བའི་ཆོས་ཅན་གྱི་གཟུགས་དང་མི་སྐྱེ་བའི་ཆོས་ཅན་གྱི་གཟུགས་གཉིས་ཡོད་ལ། དང་པོ་ནི་ཁོ་རང་གི་དུས་སུ་གནོད་པ་བྱེད་པར་འགྱུར་བས་དང་། གཉིས་པ་ནི་བུད་ཤིང་བཞིན་དུ་གཟུངས་རུང་གཞན་དང་རིགས་མཐུན་པ་དེའི་རིགས་སུ་གནས་པས་ན་སྐྱོན་མེད་དེ། རང་འགྲེལ་༡༣ལས། འོ་ན་ནི་འདས་པ་དང་མ་འོངས་པ་གཟུགས་མིན་པར་འགྱུར་རོ། །དེ་ཡང་གཟུགས་སུ་ཡོད་ཟིན་པ་དང་། གཟུགས་སུ་ཡོད་པར་འགྱུར་བ་དང་དེ་དང་རིགས་མཐུན་པའི་ཕྱིར་གཟུགས་ཡིན་ཏེ་བུད་ཤིང་བཞིན་ནོ། །ཞེས་སོ། །
གསུམ་པ་ནི།  རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ལ་གནོད་པ་བྱ་རུང་གི་དོན་གང་ཡང་མ་ཚང་བས་གཟུགས་མིན་པར་འགྱུར་རོ་ཞེ་ན། ལན་ནི་རང་འགྲེལ་༡༣ལས། དེ་ཡང་རྣམ་པར་རིག་བྱེད་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་ཡོད་པ་འགྱུར་ཏེ་ཞེས་པ་ནས་ལན་འདེབས་སོ་ཞེས་པའི་བར་དུ་གསུངས་སོ། །འདིའི་དོན་གཏན་ལ་དབབ་པ་ལ། ལན་དངོས་དང་། དེ་ལ་རྒོལ་བ་གཉིས་སོ། །དང་པོ་ལ་ལུགས་གཉིས་ལས། དང་པོ་ནི། རིག་བྱེད་མིན་པའི་གཟུགས་ཁོ་རང་ཀུན་ནས་སློང་བྱེད་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ལ་གནོད་པ་བྱས་པས་ཁོ་ལ་ཡང་གནོད་པ་བྱ་རུང་དུ་འགྱུར་བའི་ཕྱིར། ཤིང་ལྗོན་པར་རླུང་གིས་གནོད་པ་བྱས་ཏེ་གཡོ་བ་ན་དེའི་གྲིབ་མའང་གཡོ་བ་བཞིན་ཞེས་པའོ། །འདི་བྱེ་སྨྲ་སྤྱིའི་ལན་ཡིན་པར་མང་ཐོས་ཀླུ་སྒྲུབ་ཀྱིས་བཤད། ལུགས་གཉིས་པ་ནི། རྟེན་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་དེ་ཡང་གཟུགས་སུ་ཡོད་དོ། །ཞེས་པའོ། །ལན་འདི་བཙུན་པ་དབྱིག་བཤེས་ཀྱི་ཡིན་པར་བཤད། གཉིས་པ་ལ་རྒོལ་བ་དངོས་དང་། དེ་ལ་སྐྱོན་སྤོང་བ་གཉིས་ལས། དང་པོ་ནི། དེ་ལྟར་ན་མིག་གི་རྣམ་ཤེས་དང་རྣ་བའི་རྣམ་ཤེས་སོགས་ཀྱང་གཟུགས་སུ་ཐལ་བར་འགྱུར་ཏེ། དེ་དག་གི་རྟེན་དབང་པོ་གཟུགས་སུ་ཡོད་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ལ་གཞན་ལུགས་དང་། རང་ལུགས་གཉིས་སོ། །དང་པོ་ལ་སྐྱོན་སྤོང་དངོས་དང་། དེ་མི་འཐད་པར་བསྟན་པ་གཉིས་ལས། དང་པོ་ནི། དེ་གཉིས་མི་མཚུངས་ཏེ། རྣམ་པ་རིག་བྱེད་མིན་པའི་གཟུགས་ནི། རང་གི་རྟེན་འབྱུང་བ་ལ་ལྗོན་ཤིང་གི་གྲིབ་མ་ལྗོན་ཤིང་ལ་དངོས་སུ་བརྟེན་པའམ། ནོར་བུའི་འོད་ནོར་བུ་ལ་དངོས་སུ་བརྟེན་ལྟར། རྟེན་དང་བརྟེན་པ་གྲུབ་སྡེ་རྫས་གཅིག་པའི་ཚུལ་གྱིས་བརྟེན་ལ། མིག་དབང་སོགས་ནས་མིག་ཤེས་སོགས་འབྱུང་བའི་རྒྱུ་ཙམ་ཡིན་གྱི་སྔ་མ་དེ་ལྟར་མ་ཡིན་པའི་ཕྱིར། ཞེས་པའོ། །འདི་བྱེ་སྨྲའི་ལུགས་འཛིན་པ་སྔ་རབས་པ་དག་གི་བཞེད་པ་ཡིན་ཞེས་པཎ་ཆེན་ཤཱཀྱ་མཆོག་གིས་གསུངས། །འདི་མི་འཐད་པར་སྟོན་པ་ནི། ཤིང་ལྗོན་པ་ལས་གྲིབ་མ་འབྱུང་བ་དང་། མར་མེ་ལས་འོད་དང་། རིག་བྱེད་ལས་རིག་བྱེད་མིན་འབྱུང་བ་ཞེས་བྱ་གསུམ་པོ་འདི་དཔེ་དོན་དུ་འབྱོར་བ་མ་ཡིན་ཏེ། བྱེ་སྨྲ་བའི་ལུགས་ལ་གྲིབ་མ་དང་འོད་སོགས་རང་རང་གི་འབྱུང་བ་བཞི་ཚན་རེ་རེ་ལ་བརྟེན་ནས་འབྱུང་བ་བཤད་ཀྱི། ནོར་བུ་དང་ལྗོན་པ་དག་ནི་དེ་དག་གི་གཞིའི་རྒྱུ་ཡིན་གྱི་རྟེན་གྱི་རྒྱུ་མ་ཡིན་པའི་ཕྱིར་ན་ནོར་བུ་འགགས་ན་དེའི་འོད་འགགས་པའི་ཁྱབ་ལ། རིག་བྱེད་མ་ཡིན་པ་ནི་རང་གི་རྟེན་འབྱུང་ཆེན་པོ་འགགས་ཟིན་ཀྱང་འགགས་པས་མ་ཁྱབ་བོ། །དེས་ན་ལན་དེ་མི་འཐད་ཅེས་བཤད་དོ། །གཉིས་པ་རང་ལུགས་ནི། མིག་ཤེས་སོགས་ཀྱི་རྟེན་ནི་ཐ་དད་དུ་ཡོད་དེ། ཁ་ཅིག་ནི་གཟུགས་ཡིན་པ་སྟེ་མིག་སོགས་དང་། ལ་ལ་ནི་གཟུགས་མིན་པ་སྟེ་ཡིད་དོ། །རིག་བྱེད་མིན་པ་ནི་དེ་ལྟར་མ་ཡིན་པས་འདྲ་བའི་ཐལ་བ་མེད་དོ། །ཞེས་སོ། །གལ་ཏེ་འདི་རང་ལུགས་མ་ཡིན་ཏེ། འདིའི་སྐབས་རང་འགྲེལ་ལས་གཞན་དག་ནི་ཞེས་པའི་ཚིག་འབྱུང་བའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ་འདི་མཁས་པ་གཞན་གྱིས་བཞེད་ཚུལ་ཡིན་མོད་རང་ལུགས་སུའང་བཞེད་པ་སྣང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་བཤད་ཚུལ་གཞན་དག་ལ་དགག་པ་མཛད་ནས་ལུགས་འདི་དགག་མེད་པ་ལ་བལྟས་ན་ཤེས་སོ། །པཎ་ཆེན་ཤཱཀ་མཆོག་གིས་འདིའི་སྐྱོན་སྤོང་མཛད་པ་ན། རྣམ་པར་རིག་བྱེད་མིན་པའི་གཟུགས་དེ་རང་གི་ཉེར་ལེན་འབྱུང་བ་ལ་བརྟེན་ནས་གཟུགས་སུ་ཡོད་ཅིང་མིག་ཤེས་ཀྱི་ཉེར་ལེན་མིག་དབང་མིན་པས་མི་མཚུངས་ཞེས་གསུངས་སོ། །འདི་ལ་མང་ཐོས་ཀླུ་སྒྲུབ་ཀྱིས་དགག་པ་འདི་ལྟར་མཛད་དེ། སྤྱིར་མཛོད་རྩ་འགྲེལ་འགྲེལ་བཤད་གང་ལས་ཀྱང་ཉེར་རྒྱུ་ཞེས་པའི་ཐ་སྙད་གསལ་བར་བཤད་པ་མེད་ཅིང་། གལ་ཏེ་ཡོད་དུ་ཆུག་ན་ཡང་འབྱུང་བས་འབྱུང་འགྱུར་གྱི་ཉེར་ལེན་བྱེད་པའི་བཤད་པ་དཀའ་བའི་ཕྱིར་རོ། །ཉེར་ལེན་རྒྱུའི་ཐ་སྙད་ཁས་ལེན་ན། རྐྱེན་བཞིའི་ནང་ནས་རྒྱུའི་རྐྱེན་དང་རྒྱུ་དྲུག་གི་ནང་ནས་རྒྱུ་ཕྱི་མ་ལྔ་གང་རུང་གི་སྟེང་ནས་འཇོག་དགོས་ལ། འབྱུང་བས་འབྱུང་འགྱུར་ལ་རྐྱེན་བཞིའི་ནང་ནས་བདག་རྐྱེན་དང་། རྒྱུ་དྲུག་གི་ནང་ནས་བྱེད་རྒྱུ་ཁོ་ན་ལས་གཞན་བྱེད་པ་མ་བཤད་པའི་ཕྱིར་ཏེ། དེ་རྒྱུ་འབྱུང་བ་རྣམ་པ་ལྔ། །རྩ་འགྲེལ་ལས་གསལ་བའི་ཕྱིར། ཞེས་སོ། །
མདོར་ན་འགྲེལ་བཤད་དག་གི་གོང་འོག་བསྒྲིགས་ན་བྱེ་སྨྲའི་ལུགས་ཀྱི་གཟུགས་ཀྱི་མཚན་ཉིད་ལ་གཟུགས་སུ་རུང་བ་དང་དེའི་རིགས་སུ་གནས་པ་དང་། ཡང་ན་གཟུགས་རུང་གཟུགས་ཀྱི་མཚན་ཉིད་དུ་ཐད་ཀར་བཞག་ནས། རེག་པས་གནད་པ་བྱ་རུང་དང་ཐོགས་བཅས་གཉིས་ལ་རིགས་སུ་གནས་པ་དགོས་སོ་ཞེས་འཆད་ན་འགྲིག་མོད། འོན་ཀྱང་རྫས་རྡུལ་ཕྲ་རབ་དང་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ལ་གཟུགས་ཀྱི་མཚན་ཉིད་ཚང་ཚུལ་ཕུག་ཐག་ཆོད་པ་ཞིག་བཤད་དཀའ་བར་སྣང་། མངོན་པ་གོང་མའི་ལུགས་གྱི་གཟུགས་ཀྱི་མཚན་ཉིད་ནི་རེག་པས་གནོད་པ་བྱ་རུང་དང་། ཡུལ་དཔྱད་པས་གཟུགས་རུང་གཉིས་ལ་བཞག་གོ ། 
 

གནས་གཉིས་པའི་དཀའ་བའི་གནས་ལ་དཔྱད་པ། 
ལྔ་པོ་རྣམས་ནི་དོན་བཞི་ལ། །དབང་བྱེད་བཞི་རྣམས་གཉིས་ལ་ལོ། །ཞེས་སོགས་ཀྱི་སྐབས་སུ་དབང་པོའི་དཀའ་གནས་ལ་དཔྱད་པ་ལ།  རྒྱ་བོད་མཁས་པའི་བཞེད་ཚུལ་ལ་དཔྱད་པ། རང་ལུགས་ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་དགོངས་པ་བཤད་པ་གཉིས་ལས། ། དང་པོ་ལ་ལྔ་སྟེ།    རྒྱ་གར་མཁས་པའི་གཞུང་ལས་བྱུང་ཚུལ།  དེ་ལས་དཔྱད་དེ་གཞུང་དོན་བཤད་པ།  གངས་ཅན་མཁས་པའི་བཤད་ཚུལ།  དེ་ལ་དགག་པ་ཇི་ལྟར་བྱུང་ཚུལ།  དེ་ཉིད་ལ་འཐད་མིན་བརྟག་པའོ།  །
དང་པོ་ནི། སྟོན་པ་སངས་རྒྱས་ཀྱིས་མདོར་དབང་པོ་ཉི་ཤུ་རྩ་གཉིས་གསུངས་ཤིང་། དེ་སློབ་དཔོན་དབྱིག་གཉེན་གྱིས་གནས་གཉིས་པ་འདིར་བརྗོད་བྱ་གཙོ་བོར་བྱས་ཏེ་གཏན་ལ་ཕབ་ཡོད། འོ་ན་དབང་པོ་ཞེས་པའི་དོན་ཇི་ལྟ་བུ་ཞེས་ལ་འཇོག་ཅེ་ན། ཆོས་གང་ལ་དབང་བྱེད་པ་ཞེས་པའི་དོན་ཡིན་པ་སྟེ། རང་འགྲེལ་༥༥ལས། དབང་ནི་དབང་ཕྱུག་དམ་པའོ། །དེ་དབང་བྱེད་པས་ན་དབང་པོ་རྣམས་ཏེ། དེའི་ཕྱིར་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །ཞེས་སོ། །དབང་བྱེད་ཚུལ་ལ། བྱེ་བྲག་སྨྲ་བས་དང་། མདོ་སྡེ་པས་བཤད་ཚུལ་གཉིས་ལས། དང་པོ་ནི། མིག་སོགས་དབང་པོ་ལྔས་ནི་དོན་བཞི་ལ་དབང་བྱེད་དེ། ལུས་མཛེས་པ་དང་། ལུས་བསྲུང་བ་དང་། རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་སྐྱེད་པ་དང་། ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་པའི་ཕྱིར། ཕོ་དབང་མོ་དབང་གཉིས་ཀྱིས་ནི་དོན་གཉིས་དབང་བྱེད་དེ། སེམས་ཅན་གྱི་བྱེ་བྲག་ཕོ་མོ་སོ་སོར་འབྱེད་པ་དང་། སེམས་ཅན་གྱི་ཁྱད་པར་སྐད་གསང་མཐོ་དམན་སོགས་སོ་སོར་འབྱེད་པའི་ཕྱིར། སྲོག་གི་དབང་པོས་ནི་དོན་གཉིས་ལ་དབང་བྱེད་དེ། རིས་མཐུན་གནས་པ་དང་། རིས་མཐུན་མཚམས་སྦྱོར་བ་ལ་དབང་བྱེད་པའི་ཕྱིར། ཡིད་དབང་གིས་ཀྱང་དོན་གཉིས་ལ་དབང་བྱེད་དེ། ཡང་སྲིད་པར་ཉིད་མཚམས་སྦྱོར་བ་དང་། དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་པའི་ཕྱིར། ཚོར་བའི་དབང་པོ་ལྔས་ནི་ཀུན་ནས་ཉོན་མོངས་པའི་ཆོས་ལ་དབང་བྱེད་དེ། ཚོར་བ་བདེ་བ་དང་ཡིད་བདེ་ལས་འདོད་ཆགས་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ལས་ཞེ་སྡང་དང་། བཏང་སྙོམས་ལས་གཏི་མུག་རྒྱས་པར་འགྱུར་བའི་ཕྱིར། དད་སོགས་ལྔ་དང་། ཀུན་ཤེས་བྱེད་པའི་དང་། ཀུན་ཤེས་པའི་དང་། ཀུན་ཤེས་ལྡན་པའི་དབང་པོ་སྟེ་བརྒྱད་ཀྱིས་ནི་རྣམ་པར་བྱང་བ་ལ་དབང་བྱེད་དེ། ཟག་བཅས་རྣམས་ཀྱིས་ཉོན་མོངས་མངོན་འགྱུར་བ་མགོ་གནོན། ཟག་མེད་རྣམས་ཀྱིས་ཉོན་མོངས་པའི་ས་བོན་གཅོད་པའི་ཕྱིར་རོ།   །གཉིས་པ་ནི།    མིག་སོགས་དབང་པོ་དྲུག་གིས་ནི། རང་འབྲས་རྣམ་ཤེས་སྐྱེད་པའི་བདག་རྐྱེན་ལ་དབང་བྱེད་པ་དང་། ཕོ་མོའི་དབང་པོ་གཉིས་ཀྱིས། ཕོ་མོ་སོ་སོའི་ཆོས་ལ་དབང་བྱེད་པ་དང་། སྲོག་དབང་གིས། རིས་མཐུན་གནས་པ་ལ་དབང་བྱེད་ཅིང་། ཚོར་བའི་དབང་པོ་ལྔ་དང་། དབང་པོ་ཐ་མ་བརྒྱད་ཀྱི་དབང་བྱེད་ཚུལ་བྱེ་སྨྲའི་ལུགས་དང་འདྲའོ། །སློབ་དཔོན་རྒྱལ་པོའི་སྲས། སློབ་དཔོན་གང་སྤེལ། སློབ་དཔོན་ཕྱོགས་གླང་།  བོང་དོང་པཎ་ཆེན་གྱི་ཊཱིཀ་བཅས་ལས་དབང་པོའི་དོན་རང་འགྲེལ་ཇི་བཞིན་བཞག་པ་ལས་ཐུན་མོང་མ་ཡིན་པ་སོགས་ཚིག་ཁ་སྐང་གང་ཡང་བཟོས་མེད་ལ། བོང་དོང་པཎ་ཆེན་བགྲང་བ་ནི་བཤད་པའི་སྐབས་བདེ་བའི་དབང་དུ་བྱེད་པའོ། །   
གཉིས་པ་ནི།  དེ་དག་སྒྲ་ཇི་བཞིན་པ་ལ་འདི་ལྟར་དོགས་ཏེ། ཟག་བཅས་ཐམས་ཅད་ཆོས་ཅན། དབང་པོ་ཡིན་པར་ཐལ། ཀུན་ནས་ཉོན་མོངས་པ་ལ་དབང་བར་བྱེད་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ལ་དམིགས་པའི་ཉོན་མོངས་རྒྱས་པར་བྱེད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཟག་བཅས་ཀྱི་དབང་པོ་ལ་གཟུགས་ཅན་གྱི་དབང་པོ་བདུན་དང་། ཚོར་བའི་དབང་པོ་ལྔ། སྲོག་གི་དབང་པོ། ཡིད་ཀྱི་དབང་པོ། དད་སོགས་དབང་པོ་ལྔ་སྟེ་བཅུ་དགུ་ལས་མ་བཤད་པའི་ཕྱིར། གཞན་ཡང་། དགེ་བའི་ས་མང་བཅུ་ཆོས་ཅན། དབང་པོ་ཡིན་པར་ཐལ། རྣམ་བྱང་ལ་དབང་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་བྱང་གི་དབང་པོ་བརྒྱད་ལས་མ་བཤད་པའི་ཕྱིར། གཞན་ཡང་། རྒྱུ་ཡིན་ན་དབང་པོ་ཡིན་པས་ཁྱབ་པར་ཐལ། རང་འབྲས་ལ་དབང་བྱེད་པའི་ཁྱབ་པའི་ཕྱིར།  ཞེས་པའོ། །སྐྱོན་འདི་དག་མི་འཇུག་པའི་ཚུལ་དང་། གཞུང་གི་དགོངས་དོན་འོག་རང་ལུགས་སྐབས་སུ་འཆད་པར་འགྱུར་རོ། །
 གསུམ་པ་ལ། དབང་པོའི་མཚན་ཉིད་ལ་ཐུན་མོང་མ་ཡིན་པ་དང་། ལྷག་པ་སྦྱར་བའི་ལུགས་གཉིས་བྱུང་ཞིང་། དང་པོ་ནི། མཆིམས་མཛོད་༡༥༤ལས། དབང་པོའི་མཚན་ཉིད་ནི་དོན་གང་ཞིག་གང་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པ་ཡིན་ནོ། །ཞེས་དང་། བློ་གཏེར་མཆན་འགྲེལ་༤༦ལས། འདི་བཞིན་བཤད། པཎ་ཆེན་ཤཱཀ་མཆོག་གིས་ཀྱང་རང་གི་དབང་བསྒྱུར་བྱ་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པའོ། །ཞེས་སོ། ། གཉིས་པ་ནི། མཆིམས་ཆུང་༧༦ལས།  ལྷག་པར་དབང་བྱེད་པ་ནི་དབང་པོའི་དོན་ཞེས་གསུངས། ཀུན་མཁྱེན་རོང་སྟོན་ཆེན་པོ་དང་། རྒྱལ་དབང་དགེ་འདུན་གྲུབ་གཉིས་ཀྱིས་ཀྱང་འདི་བཞིན་དུ་གསུངས། ཀུན་མཁྱེན་འཇམ་དབྱངས་བཞེད་པའི་མཛོད་འགྲེལ་༡༦༣ལས། རང་གི་དོན་ལ་ལྷག་པར་དབང་བྱེད་པའི་ཆ་ནས་བཞག་པའི་འདུས་བྱས་དེ་དབང་པོའི་མཚན་ཉིད་དོ། །ཞེས་བཤད་ནས་རང་འགྲེལ་དུ་དབང་ནི་ཕྱུག་དམ་པའོ་ཞེས་གསུངས་པ་ནི་སྒྲ་བཤད་ཡིན་གྱི་ངེས་ཚིག་མ་ཡིན་ཞེས་བཤད། 
བཞི་པ་ལ། ལུགས་དང་པོ་དགག་པ་ནི།  པཎ་ཆེན་ངག་ཆོས་ཀྱིས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། རང་གི་དབང་བསྒྱུར་བྱའི་མངའ་འབངས་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པའི་ཕྱིར་ཏེ། དེ་ལ་དབང་བྱེད་པ་གང་ཞིག །དེ་ལས་གཞན་དང་ཐུན་མོང་དུ་དབང་བྱེད་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་རང་གི་མངའ་འབངས་ལ་དབང་བྱེད་པ་ལ་གཞན་དང་འགྲན་ཟླ་མེད་པའི་ལས་བསགས་པའི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེ་ཡིན་པར་ཐལ། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་གསུངས་པ་འཐད་པའི་ཕྱིར། ཞེས་པའོ། ། 
ལུགས་ཕྱི་མ་དགག་པ་ནི། ཡང་པཎ་ཆེན་ངག་ཆོས་ཀྱིས། གཉིད་འཐུག་པོ་ལོག་བཞིན་པའི་སྐྱེས་བུའི་མིག་དབང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་གི་དབང་བསྒྱར་བྱ་མིག་གི་རྣམ་ཤེས་སྐྱེད་པ་ལ་ལྷག་པར་དབང་བྱེད་པར་ཐལ། འདོད་པ་གང་ཞིག །མིག་དབང་ཡིན་པའི་ཕྱིར། འདོད་ན་དེ་མི་བྱེད་པར་ཐལ། ཁྱོད་ཀྱིས་མིག་གི་རྣམ་ཤེས་མི་སྐྱེད་པའི་ཕྱིར་ཏེ། དེ་མཚུངས་ཀྱི་དབང་པོ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། ཞེས་དགག་པ་མཛད་ནས། རང་ལུགས་དབང་པོའི་མཚན་ཉིད་ལ། རང་གི་དབང་སྒྱུར་བྱ་ལ་ལྷག་པར་དབང་བྱེད་པའམ་དེའི་རིགས་སུ་གནས་པ་ཞེས་གསུངས་སོ། ། 
ལྔ་པ་ནི། མཚན་ཉིད་ཀྱི་ཟུར་དུ་རིགས་གནས་སྦྱར་བ་ནི་དེ་མཚུངས་ཀྱི་དབང་པོ་དང་ལྷག་མེད་མྱ་ངན་ལས་འདས་ཁ་མའི་དབང་པོ་རྣམས་བསྡུས་པས་ཤིན་ཏུ་འཐད་ཀྱང་། ལྷག་པ་ཞེས་སྦྱར་ཡང་། གཞན་དག་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆོས་ཅན་ཞེས་སོགས་ཀྱིས་སྐྱོན་བཏང་བ་ཐམས་ཅད་རང་ལ་འཇུག་སྟེ། མཚན་ཉིད་ཀྱི་ཟུར་དུ་ཐུན་མོང་མ་ཡིན་པ་སྦྱར་བ་དང་ལྷག་པ་སྦྱར་བ་གཉིས་དོན་གཅིག་ཏུ་སོང་འདུག་པའི་ཕྱིར།  དེའི་རྒྱུ་མཚན་ནི། ཐུན་མོང་མ་ཡིན་པ་ཞེས་སྦྱར་བའི་ལུགས་དེ། རང་འགྲེལ་༥༥ལས། བྱེ་སྨྲ་བའི་ལུགས་བརྗོད་པའི་ཚེ་གཟུགས་ལ་ལྟ་བ་དང་སྒྲ་མཉན་པ་དག་གི་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་དབང་བྱེད་པའོ་ཞེས་པའི་གཞུང་དང་། ལྷག་པར་སྦྱར་བ་དག་གི་ལུགས་དེ། རང་འགྲེལ་༥༧ལས། མདོ་སྡེ་པའི་ལུགས་བརྗོད་པའི་སྐབས་སུ་ལྷག་པར་དབང་བྱེད་པ་ཉིད་ནི་དབང་བྱེད་པ་ཉིད་ཡིན་ལ་ཞེས་པའི་གཞུང་ལ་གཞིར་བྱས་ནས་བཤད་པ་ཡིན་ནམ་མིན།   ཡིན་ན་མི་འཐད་དེ།  རང་འགྲེལ་གྱི་དགོངས་པ་ནི་བྱེ་སྨྲའི་ལུགས་ལྟར་ན་མིག་ནས་ལུས་ཀྱི་བར་དབང་པོ་ལྔས་ནི་མིག་གིས་གཟུགས་མཐོང་ཞེས་པ་ནི་ལུས་ཀྱིས་རེག་བྱ་རེག་ཅེས་པའི་བར་ཐ་སྙད་ལ་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པའི་སྒོ་ནས་དབང་བྱེད་ཅེས་པའི་དོན་ཡིན་གྱི། དབང་པོའི་སྤྱིའི་མཚན་ཉིད་ཀྱི་ཚུར་དུ་སྦྱར་རུང་བ་ཞིག་གཏན་ནས་མིན་ཏེ། ལྔ་པོ་རྣམས་ནི་དོན་བཞི་ལ། །དབང་བྱེད་ཅེས་པའི་རྩ་འགྲེལ་ལས་གསལ་བའི་ཕྱིར་དང་། ཚོར་བ་བདེ་བའི་དབང་པོས་འདོད་ཆགས་རྒྱས་པ་ལ་དབང་བྱེད་པ་གསུངས་པ་དེ་ལ་ཡང་མ་ཁྱབ་པའི་སྐྱོན་ཡོད་དེ། དེས་འདོད་ཆགས་རྒྱས་པ་ལ་ཐུན་མོང་མ་ཡིན་པས་དབང་མི་བྱེད་པའི་ཕྱིར་ཏེ། ཡིད་བདེ་དབང་པོས་ཀྱང་དེ་ལ་དབང་བྱེད་པས་ཐུན་མོང་དུ་དབང་བྱེད་པར་སོང་བའི་ཕྱིར། གཞན་ཡང་མ་ཁྱབ་པ་མང་དུ་ཡོད་དོ། །ལྷག་པར་དབང་བྱེད་པ་དེ་ཡང་མིག་ནས་ཡིད་བར་གྱི་དབང་པོ་དྲུག་ལ་སྦྱར་དགོས་པ་ཡིན་གྱི་དབང་པོ་སྤྱིའི་མཚན་ཉིད་དུ་བསྟན་པ་མ་ཡིན་ཏེ། མཛོད་ལས། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག །ཅེས་དང་། རང་འགྲེལ་ལས། མིག་ནི་གཟུགས་ཐམས་ཅད་ལ་དམིགས་པར་བྱ་བ་ལ་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་དང་། དམིགས་པ་དེ་གསལ་བ་དང་མི་གསལ་བ་ཉིད་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར་གཟུགས་ལ་དམིགས་པ་བྱ་བ་ལ་ལྷག་པར་དབང་བྱེད་ཀྱི། དེ་ལས་བཟློག་པ་ཡིན་པའི་ཕྱིར་གཟུགས་ཀྱི་ནི་མ་ཡིན་ཏེ། ཡིད་ཆོས་རྣམས་ལ་དབང་བྱེད་པའི་བར་དུ་ཡང་སྦྱར་རོ་ཞེས་གསལ་ཁ་དང་བཅས་པ་གསུངས་པའི་ཕྱིར། གཞན་དུ་ན་མཚན་ཉིད་ལ་མ་ཁྱབ་པའི་སྐྱོན་ཡོད་པ་སྟེ་བཤད་ཟིན་པ་ལྟར་རོ། །དེས་ན་འདི་བསྟན་ལྷག་པ་ཞེས་པ་ནི། མཛོད་ལས། དེའི་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གི་ནི་རྣམ་ཤེས་བསྟན། །ཞེས་པའི་སྐབས་ཀྱི་ཐུན་མོང་མ་ཡིན་ཞེས་པ་དང་ཡང་དོན་གཅིག་ཏུ་གསུངས་འདུག་གོ །དེས་ན་འདིར་ལྷག་པ་ཞེས་པའི་ཚིག་དེ་དང་ཐུན་མོང་མ་ཡིན་པ་ཞེས་པའི་ཚིག་གཉིས་ཀྱི་དོན་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པ་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་ཡིན་པར་ཁོ་བོས་འདོད་དོ། །གལ་ཏེ་ཅུང་ཟད་དབང་བྱེད་པ་ནི་དབང་པོ་མ་ཡིན་ཏེ། རང་འགྲེལ་༥༩ལས། ངག་གི་ཚིག་སྨྲ་བར་བྱ་བ་ལ་དབང་པོ་ཉིད་མ་ཡིན་ཏེ། སློབ་པའི་ཁྱད་པར་ལྟོས་པའི་ཕྱིར་རོ། །ཞེས་པ་ལས་ཤེས་སོ། །དེ་བཅད་པའི་ཕྱིར་དུ་གཙོ་བོའམ་ཤིན་ཏུ་དབང་བྱེད་པ་ཞེས་སྦྱོར་དགོས་ཀྱི། དོན་དེ་རང་ལ་ལྷག་པའམ་ཐུན་མོང་མ་ཡིན་པ་ཞེས་པའི་སྒྲ་སྦྱར་བ་ཡིན་ནོ་ཞེ་ན། མིང་ཙམ་ཡིན་པས་རྩོད་པར་དོན་མེད་དོ། །འདི་ལ་དགོངས་ནས་ཀུན་མཁྱེན་བླ་མའི་༼ངོ་མཚར་གསུམ་ལྡན་དང་། ༥༦༽ ཀརྨ་པ་མི་བསྐྱོད་རྡོ་རྗེའི་༼གྲུབ་བདེའི་དཔྱིད་འཇོ། ༢༦༣༽ བྱམས་པ་ཐུགས་རྗེ་དཔལ་བཟང་གི་༼གཞུང་དོན་རབ་གསལ་༥༢༽བཅས་ལས་ཤིན་ཏུའམ་ལྷག་པར་དབང་བྱེད་པས་དབང་པོའོ། །ཞེས་གསུངས་སོ། །འོན་ཀྱང་སྤྱིར་དབང་པོ་ལ་ཉེར་གཉིས་སུ་གྲངས་ངེས་འདོད་ན་ནི། ལྷག་པར་དབང་བྱེད་པ་དང་། ཐུན་མོང་མ་ཡིན་པའི་དབང་བྱེད་པ་ཞེས་པའི་དོན། མཚན་གཞི་བྱེ་བྲག་པ་ཞིག་ལ་སྦྱར་ཏེ་མ་རིག་པས་འདུ་བྱེད་བསྐྱེད་པ་ལྟ་བུ་སོགས་དང་མ་འདྲེས་པའི་སྒོ་ནས་བཤད་དགོས་ཀྱི། དེ་ནི་མཁས་པ་སུས་ཀྱང་གསལ་ཁར་བཤད་ཐུབ་པ་མི་སྣང་ལ། བཤད་རྒྱུར་ཡང་མེད་པ་ངེས་སོ། །
གཉིས་པ་རང་ལུགས་ལ། དངོས་དང་། རྩོད་པ་སྤོང་བ་གཉིས་ལས། དང་པོ་ནི། དགོས་པ་ཁྱད་པར་ཅན་ལ་བལྟོས་ནས་བཞག་པའི་རང་གི་དབང་བསྒྱུར་བྱ་ལ་གཙོ་བོར་དབང་བྱེད་པའམ་དེའི་རིགས་སུ་གནས་པ་ནི་འདི་བསྟན་གྱི་དབང་པོའི་མཚན་ཉིད་དུ་འདོད་ལ། འདིར་བསྟན་གྱི་དབང་པོ་ཉེར་གཉིས་པོ་ནི་དགོས་པ་ཁྱད་པར་ཅན་ལ་བལྟོས་ནས་བཞག་པ་ཡིན་ཏེ། བྱེ་སྨྲའི་ལུགས་ལྟར་ན། ཀུན་ནས་ཉོན་མོངས་པ་དང་རྣམ་བྱུང་གི་གཞི་དང་ངོ་བོའམ་འབྲས་བུའི་དབང་དུ་བྱས་ནས་བཞག་པའི་ཕྱིར། དེ་ཡང་སེམས་ཅན་གྱི་རྫས་གཞིའི་དབང་དུ་བྱས་ནས་སེམས་ཀྱི་རྟེན་མིག་སོགས་དབང་པོ་དྲུག་དང་། རྟེན་དེའི་བྱེ་བྲག་ཏུ་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་དང་། རིས་མཐུན་གནས་པར་བྱེད་པས་སྲོག་གི་དབང་པོ་སྟེ་དགུ་པོ་དེ་ནི་ཀུན་ནས་ཉོན་མོངས་པའི་གཞི་ཡིན་ལ། ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་བྱེད་ཀྱི་ངོ་བོ་ཉིད་དམ་དེའི་འབྲས་བུའོ། །དད་སོགས་ལྔ་ནི་ཚོགས་གསོ་པར་བྱེད་པས་རྣམ་བྱང་གི་གཞི་དང་། ཐ་མ་གསུམ་ནི་རྣམ་པར་བྱང་བྱེད་དམ་རྣམ་བྱང་གི་ངོ་བོའོ། །དེས་ན་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་གཞི་དང་རང་གི་ངོ་བོའི་གྲངས་ཇི་སྙེད་པ་ལ་བལྟོས་ནས་དབང་པོ་དག་ཀྱང་དེ་སྙེད་དུ་བཤད་པ་ཡིན་ཏེ། མཛོད་ལས། སེམས་ཀྱི་རྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་པ། དབང་པོ་དག་ཀྱང་དེ་སྙེད་དུ། །ཞེས་གསུངས་པའི་ཕྱིར་རོ། །མདོ་སྡེ་པའི་ལུགས་ལྟར་ན། འཁོར་བ་ལ་འཇུག་ལྡོག་གི་དབང་དུ་བྱས་ནས་བཞག་པ་ཡིན་ཏེ། འཁོར་བ་ལ་འཇུག་པ་ལ། རྟེན་དང་། སྐྱེ་བ་དང་། གནས་དང་། ལོངས་སྤྱོད་བཅས་བཞི་ཡོད། དང་པོ་ནི། མིག་སོགས་དབང་པོ་དྲུག་ཡིན་ཏེ། སེམས་ཅན་གྱི་རྫས་གཞི་ཡིན་པའི་ཕྱིར་དང་། དེ་ཡང་བར་དོའི་སྐྱེ་མཆེད་དྲུག་ལ་རྟེན་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བར་བྱེད་པའི་ཕྱིར། གཉིས་པ་ནི། ཕོ་མོའི་དབང་པོ་ལ་རག་ལས་ཏེ། དེའི་རྐྱེན་གྱིས་སྐྱེ་བའི་ཕྱིར། རྫུལ་སྐྱེས་སོགས་ལ་མེད་ཀྱང་མངལ་སྒོང་ལ་ཡོད་པ་ཤས་ཆེ་བས་སྨོས་སོ་ཞེས་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསུངས་སོ། །གསུམ་པ་ནི། སྲོག་གི་དབང་པོ་དང་། བཞི་པ་སེམས་ཅན་རྣམས་ཀྱི་ཉེ་བར་ལོངས་སྤྱོད་ལས་བདེ་སོགས་ལྔ་སྟེ། དེ་ལྟར་ན་འཁོར་བར་འཇུག་པའི་དབང་དུ་བྱས་ནས་དབང་པོ་བཅུ་བཞིའོ། །འཁོར་བ་ལས་ལྡོག་པ་ལའང་དེ་བཞིན་དུ་རྟེན་སོགས་བཞི་ཡོད་པ་ལས། དང་པོ་ནི། དད་སོགས་དབང་པོ་ལྔ་ཡིན་ཏེ། དེ་ལ་རྟེན་ནས་འདས་ལམ་མངོན་དུ་བྱེད་པའི་ཕྱིར། གཉིས་པ་ནི། ཀུན་ཤེས་བྱེད་པའི་དབང་པོ་ཡིན་ཏེ། དེ་ནི་ཟག་མེད་ཉིད་དུ་དང་པོར་སྐྱེ་བའི་ཕྱིར། གསུམ་པ་ནི། ཀུན་ཤེས་པའི་དབང་པོ་ཡིན་ཏེ། སྒོམ་ལམ་རྣམ་པ་དགུ་རྒྱུན་ཆགས་སུ་གནས་པའི་ཕྱིར། བཞི་པ་ནི། ཀུན་ཤེས་ལྡན་པའི་དབང་པོ་ཡིན་ཏེ། རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་ཉམས་སུ་མྱོང་བའི་ཕྱིར་ཞེས་བཞེད་དེ། མཛོད་ལས། ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་མ་རིག་པ་སོགས་ཀྱིས་འདུ་བྱེད་སྐྱེད་པ་སོགས་ལ་དབང་བྱེད་པས་སྤྱིར་དབང་པོ་ཡིན་ཡང་འདིར་བསྟན་གྱི་དབང་པོ་མ་ཡིན་ནོ། །དོན་འདི་ལ་དགོངས་ནས་རང་འགྲེལ་ལས་མ་རིག་པ་སོགས་ཁ་བསྐང་མི་དགོས་ཞེས་གསུངས་པ་ཡིན་ནོ། །མ་རིག་པ་སོགས་སྤྱིར་དབང་པོ་ཡིན་ཞེས་པ་ཡང་ཁོ་བོའི་རྣམ་རྟོག་གིས་བཏགས་པ་ཙམ་མ་ཡིན་ཏེ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་གྲུབ་བདེའི་དཔྱིད་འཇོ་༢༦༣ལས། སྤྱིར་ཆོས་ཐམས་ཅད་ལ་བྱེད་པོ་མེད་ཀྱང་རྒྱུ་ཙམ་ལས་ཤིན་ཏུའམ་ལྷག་པར་བྱ་བ་བྱེད་པ་ཉིད་ཀྱིས་དེ་ཙམ་གྱི་དབང་པོ་བཞག་སྟེ་ཞེས་གསུངས་པས་སོ། །འོན་ཀྱང་ཅུང་ཟད་དབང་བྱེད་པར་ཙམ་གྱིས་ནི་སྤྱིར་དབང་པོ་ཙམ་ཡང་འཇོག་མི་ནུས་ཏེ། རང་འགྲེལ་༥༩ལས། ངག་གི་ཚིག་སྨྲ་བ་བྱ་བ་ལ་དབང་པོ་ཉིད་མ་ཡིན་ཏེ། སློབ་པའི་ཁྱད་པར་ལྟོས་པའི་ཕྱིར་རོ། །ལག་པ་དང་། རྐང་པ་དང་། ལེན་པ་དང་། འགྲོ་བ་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དེ་དག་ཉིད་དེ་དག་ཡིན་ཏེ། གཞན་དང་གཞན་དུ་འབྱུང་བ་ལ་ལེན་པ་དང་འགྲོ་བ་ཞེས་བྱའོ། །སྦྲུལ་ལ་སོགས་པ་ལ་ལག་པ་དང་། རྐང་པ་མེད་བཞིན་དུ་ཡང་ལེན་ཞིང་འགྲོ་བའི་ཕྱིར་ཞེས་སོགས་གསུངས་པའི་ཕྱིར། དེས་ན་དེ་དག་གོ་བའི་ཕྱིར་མཚན་ཉིད་ཀྱི་ཟུར་དུ་གཙོ་བོ་སྨོས་པ་ཡིན་ནོ། །རིགས་སུ་གནས་པའི་གཅོད་བྱ་ནི་བཤད་ཟིན་ཏོ། །
གཉིས་པ་རྩོད་སྤོང་ནི། མ་རིག་པ་སོགས་སྤྱིར་དབང་པོ་ཡིན་ན། མཛོད་ལས། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་ཆོས་ཐམས་ཅད་ཁམས་བཅོ་བརྒྱད་ནང་བསྡུས་ཤིང་དེ་ལས་དབང་པོ་ཡིན་པ་ཉེར་གཉིས་ལས་མ་གསུངས་པས་དེ་དང་འགལ་ལོ་ཞེ་ན། དབང་པོའི་དོན་ཚང་ཚོད་འདིར་དབང་པོར་མི་འཇོག་ཅིང་དགོས་པ་ཁྱད་པར་ཅན་དང་ལྡན་པའི་དབང་པོ་དག་ཁམས་བཅོ་བརྒྱད་ལས་ཕྱེ་སྟེ་རྣམ་པ་བཞག་པའི་དོན་ཡིན་པས་སྐྱོན་མེད་དོ། །མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ་༢༧༠ལས། འདིར་ནི་དགོས་པ་ལ་བལྟོས་ནས་དབང་པོ་ཉེར་གཉིས་སུ་བཤད་དེ་ཞེས་པ་ལྟར་རོ། །མདོར་ན་དབང་པོའི་དོན་བཞག་པའི་ཚེ་དབང་བྱེད་པས་ན་དབང་པོའོ། །ཞེས་དང་། དགོས་པ་ལ་བལྟོས་ནས་བཞག་པའི་ཚེ་ཇི་སྙེད་པ་དབང་པོ་དག་ཀྱང་དེ་སྙེད་དུ། །ཞེས་དང་། རྒྱུ་མཚན་འདི་ཙམ་གྱིས་མ་རིག་པས་འདུ་བྱེད་བསྐྱེད་པ་སོགས་འདིར་ཁ་བསྐང་མི་དགོས་པའི་དོན་དུ་བཤད་པ་དང་། ངག་དང་རྐང་པ་སོགས་དབང་པོ་མིན་པའི་རྒྱུ་མཚན་གཞན་དང་བཅས་པ་བཤད་དེ་ཁ་བསྐང་མི་དགོས་ཞེས་པའི་མཛོད་རྩ་འགྲེལ་གྱི་གོང་འོག་བསྒྲིགས་ན་དོན་འདི་ལས་མ་འདས་པས་གོང་དུ་བརྗོད་པའི་སྐྱོན་རྣམས་མི་འཇུག་གོ ། འཁོར་འདས་འཇུག་ལྡོག་གཙོ་བོའི་ཕྱིར། །དབང་པོ་ཉེར་གཉིས་རྒྱལ་བས་གསུངས། །དེའི་དོན་དགོས་པ་ཁྱད་པར་ཅན། །བཞག་པའི་དོན་སྨྲ་སློབ་དཔོན་མཆོད། །གངས་ཅན་མཁས་པའི་སྔ་སྲོལ་དང་། །མི་མཐུན་སྨྲ་བའི་གད་རྒྱངས་དེ། །ཆ་གཞན་བསམས་ན་མི་འོས་མོད། །ཤེས་རབ་དོན་དུ་ཉེས་མེད་སྙམ། །
 
འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་པའི་སྐབས་སུ། །གཟུགས་ཅན་གྱི་ཆོས་རྩོམ་ཚུལ་ལ་དཔྱད་པ་ལ། རྩོམ་གཞི་ངོས་གཟུང་བ་དང་། དེས་གཟུགས་ཅན་ཇི་ལྟར་རྩོམ་པའི་ཚུལ་གཉིས་ལས། དང་པོ་ནི། རྡུལ་ཕྲ་རབ་ལ་རྫས་རྡུལ་ཕྲ་རབ་དང་། བསགས་རྡུལ་ཕྲ་རབ་ཅེས་པ་གཉིས་བྱུང་བའི་དང་པོ་ནི་གཟུགས་ཅན་གྱི་ཆོས་ཐམས་ཅད་ཀྱི་རྩོམ་གཞི་མཐར་ཐུག་པ་དེ་ཡིན་ནོ། །འདི་ནི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ལྟ་གྲུབ་ཀྱི་ཁྱད་པར་འབྱེད་བྱེད་གཙོ་བོ་གཅིག་ཡིན་པས་བྱེ་སྨྲའི་ལུགས་འཆད་པའི་ཚེ་གནད་ཤིན་ཏུ་ཆེ་སྟེ། ཆོས་རྒྱལ་ས་པཎ་གྱིས། ངོ་བོ་ཉིད་དང་དབང་ཕྱུག་དང་། །གཙོ་བོ་རྡུལ་དང་རྣམ་རིག་དང་། །རྟེན་འབྲེལ་ཡིན་ཞེས་གྲུབ་པའི་མཐའ། །ཞེས་སོ། །དེས་ན་རྫས་རྡུལ་ཕྲ་རབ་ནི་ཕྱོགས་ཀྱི་ཆ་ཤས་མེད་ཅིང་། དངོས་པོས་བཅོམ་པ་དང་བློས་བཤིག་ཏུ་མེད་པའི་དོན་དམ་པའི་བདེན་པ་སྟེ། ཕྱི་རོལ་དོན་གྲུབ་ལས།  རྡུལ་ཕྲན་ཕྱོགས་ཆ་ཐ་དད་ཕྱིར། །མེད་ཅེས་སྨྲ་གང་དེ་མ་འབྲེལ ། །འགའ་ཡིས་ཁྱད་པར་དང་བཅས་པའི། །རྡུལ་ལ་ཕྱོགས་ཀྱི་སྒྲར་བསྟེན་བྱ། །དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱིས། །དེ་ནི་མང་པོས་ཡོངས་བསྐོར་བར། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་བྱ་བ་དང་། ཕན་ཚུན་བདག་ཉིད་མ་རེག་པར། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་ལས་ནི་བྱུང་བ་ཡིན། །ཞེས་གསུངས་པའི་ཆ་ཤས་མེད་པའི་རྡུལ་དེ་ཡིན་པའི་ཕྱིར་རོ། །རྒྱལ་སྲས་མ་༦༦ལས། རྫས་རྡུལ་ཕྲ་རབ་ལ་ནི་ཆ་ཤས་མེད་པ་ཡིན་པ་ལ། །ཞེས་སོ། །འོ་ན་རྩོམ་གཞིའི་རྡུལ་འདི་ཆ་མེད་གཅིག་པུ་ཡན་གར་བ་ཡིན་ནམ་མིན་ཞེ་ན།  མཆིམས་ནམ་མཁའ་གྲགས་དང་། མཆིམས་བློ་བཟང་གྲགས། ཀུན་མཁྱེན་རོང་སྟོན། རྗེ་དགེ་འདུན་གྲུབ་ཀྱི་གཞུང་རྣམས་ལས་རྡུལ་ཡན་གར་བ་རེ་རེར་གནས་པ་མེད་པར་གསུངས་སོ། །རྒྱལ་དབང་མཛོད་དང་། མང་ཐོས་ཀླུ་གྲུབ་ཀྱི་གཞུང་ལས་རྡུལ་གཅིག་པུ་ཡན་གར་བ་ཡིན་པར་གསུངས་སོ།   །འོ་ན་འདི་དག་ཇི་ལྟར་ངེས་པར་བྱ་སྙམ་ན། ཁོ་བོས་ནི་བཤད་ཚུལ་གྱི་ཁྱད་པར་ཙམ་ལས་དོན་གནད་ལ་འགལ་བ་མེད་པར་སྣང་སྟེ། རྡུལ་ཡན་གར་བ་རེ་རེར་གནས་པ་མེད་ཅེས་པ་ནི། དཔེར་ན་བུམ་པ་ལྟ་བུ་དངོས་པོ་གཅིག་ཆ་སོ་སོར་ཕྱེས་ཏེ་མཐར་རྩོམ་གཞིའི་རྫས་རྡུལ་ཆ་མེད་དུ་ངོས་འཛིན་ཚེ་རྡུལ་དེ་ཟླ་བོར་ཆུ་རྡུལ་ལ་སོགས་པ་རྡུལ་གཞན་དང་མ་བཅས་པས་ཟླ་མེད་ཡན་གར་བ་གནས་པ་མེད་ཅེས་པའི་དོན་ཡིན་གྱི། རྫས་རྡུལ་ཕྲ་རབ་ཁོ་རང་གི་ངོ་བོ་རྫས་རྡུལ་གཞན་དང་རྫས་མ་འདྲེས་པའི་སྒོ་ནས་གཅིག་པུ་ཡན་གར་གནས་མེད་ཅེས་པའི་དོན་མ་ཡིན་པའི་ཕྱིར་ཏེ།   རྒྱལ་པོ་སྲས་༦༦ལས། རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ལ་གཅིག་པུ་ཞེས་བྱ་བ་སྨོས་པ་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་གཟུགས་བསྟན་པའི་ཕྱིར་རོ། །ལོགས་ཤིག་ཏུ་གྱུར་པ་ནི་འདུས་པ་ལ་གནས་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་འདྲ་བ་དེ་ནི་མེད་ཀྱི། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རྟག་ཏུ་འདུས་པ་ལ་གནས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །
གཅིག་པུ་ཡན་གར་བ་རེ་རེ་ཡིན་ཞེས་པ་ནི།  ཟླ་མེད་རེ་རེ་བར་གནས་པའི་དོན་མ་ཡིན་གྱི། རྫས་རྡུལ་ཕྲ་རབ་དེ་རྡུལ་གཞན་འདུས་པ་ལ་མི་འཇོག་པར་རྫས་རྡུལ་ཆ་མེད་ཀྱི་ངོ་བོ་དེ་རྫས་རྡུལ་གཞན་མ་འདྲེས་པ་ཁོ་རང་གཅིག་པུ་རེ་རེ་བ་ལ་འཇོག་དགོས་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། །རྒྱལ་དབང་མཛོད་༨༦ལས། རྫས་རྡུལ་ཕྲ་རབ་ནི་ཆ་མེད་གཅིག་པུ་རེ་རེ་བ་ཡིན་པས་རྫས་གཞན་འདུས་པ་མེད་ལ། བསགས་རྡུལ་ཕྲ་རབ་གཅིག་ཉིད་ཀྱང་འདོད་པའི་དབང་དུ་བྱས་ན་ཉུང་མཐའ་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་སྐྱེ་བར་འདོད་དོ་ཞེས་གསུངས་པའི་ཕྱིར་རོ། །རྩོམ་གཞིའི་རྡུལ་འདི་གོང་བུ་ཆུང་མཐའ་ཞིག་ལ་ངོས་འཛིན་པ་ནི་དོན་གྱིས་ཆ་བཅས་ཁས་བླངས་འདུག་པས་ལུང་རིགས་དང་འགལ་བ་ཁོ་ནའོ། །དེས་ན་རང་འགྲེལ་༡༣དུ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་འགྱུར་བ་ནི་མེད་ཅེས་བྱ་བས་རྫས་རྡུལ་ཕྲ་རབ་བསྟན་པར་སློབ་དཔོན་རྒྱལ་པོ་སྲས་ཀྱིས་བཞེད་པ་ལྟར་ཡིན་ཞིང་། དེ་ཡང་རྫས་རྡུལ་ཕྲ་རབ་ཀྱི་གཟུགས་ཞེས་བྱ་བ་ཞིག་ཟླ་མེད་གཅིག་པུ་ལོགས་ཤིག་ཏུ་གནས་པ་མེད་ཅེས་པའི་དོན་ཡིན་ནོ། །སྐབས་འདིའི་བསགས་རྡུལ་ཕྲ་རབ་ནི་གཟུགས་ཅན་གྱི་གོང་བུ་རྣམས་ལས་ཆེས་ཆུང་མཐའ་དེ་ལ་ངོ་འཛིན་དགོས་པ་ཡིན་ཏེ། རང་འགྲེལ་༢༥༩ལས། གཟུགས་འགྲིབ་པའི་མཐའ་ནི་རྡུལ་ཕྲ་རབ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས། ཐམས་ཅད་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། ཞེས་དང་། སློབ་དཔོན་གང་སྤེལ་གྱིས་འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ལ་སོགས་ངེས་པའི་ཕྱིར་རོ། །འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བ་ཉིད་དེ་ཡོངས་སུ་འགྱུར་བའི་ཐོགས་པ་ཡིན་ནོ། །ཞེས་པས་བསྟན་ཏོ། །
གཉིས་པ་དེས་གཟུགས་ཅན་ཇི་ལྟར་རྩོམ་པའི་ཚུལ་ནི། གཟུགས་ཅན་རགས་པ་རྣམས་རྩོམ་པ་ནི་རྡུལ་ཕྲ་རབ་རྣམས་འདུས་ནས་རྩོམ་པ་ཡིན་ཞིང་། དེ་ཡང་རྫས་རྡུལ་ཕྲ་རབ་ལ་བརྟེན་ནས་རྩོམ་ལ། རྩོམ་པའི་ཚེ་ཕན་ཚུན་མ་རེག་པ་བར་དང་བཅས་པ་ཡིན་ཏེ། ཕྱོགས་ཐམས་ཅད་ཀྱིས་རེག་ན་ཐམས་ཅད་རོ་གཅིག་པར་འགྱུར་ལ། ཕྱོགས་འགའ་ཞིག་གིས་རེག་ན་ཕྱོགས་ཆ་དུ་མ་ཡོད་པའི་ཆ་ཤས་ཅན་དུ་ཐལ་བ་ལས་དེ་ནི་ཆ་མེད་ཉིད་དུ་ངེས་པའི་ཕྱིར་ཏེ།  རང་འགྲེལ་ལས། རགས་པ་ཞེས་བྱ་འདི་ཅི་ཞེ་ན། འདབ་ཆགས་པར་འབྱུང་བའོ། །ཅི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་གམ་འོན་ཏེ་མི་རེག་ཅེ་ན། ཁ་ཆེ་བ་རྣམས་ན་རེ། མི་རེག་གོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་རེག་པར་འགྱུར་ན་ནི་རྫས་རྣམས་འདྲེས་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་བ་ཞིག་ན། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པ་ཡིན་ནོ། །ཞེས་སོ། །འོ་ན་རྔ་ལ་དབྱུག་གུ་བསྣུན་པས་སྒྲ་མི་འབྱུང་བར་འགྱུར་ཏེ་རྔ་ལ་དབྱུག་གུ་རེག་པ་མེད་པའི་ཕྱིར་རོ་ཞེ་ན། རྔ་དང་དབྱུག་གུ་ནི་བསགས་རྡུལ་ཡིན་པས་ཕན་ཚུན་རེག་པའི་ཆ་བཅས་ཡིན་པས་སྐྱོན་མེད་དེ། རང་འགྲེལ་ལས། འོ་ན་ཇི་ལྟར་སྒྲ་མངོན་བར་འགྲུབ་པར་འགྱུར་ཞེ་ན་ཞེས་དོགས་པ་བཀོད་ནས། དེའི་ལན་དུ་འདུས་པ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་རེག་པར་འགྱུར་བས་ཉེས་པ་མེད་དོ། །ཞེས་སོ། །དེ་ལྟར་རྫས་རྡུལ་ཕྲ་རབ་རྣམས་འདུས་ནས་གོང་བུ་གྲུབ་པའི་ཚེ་ནི་བསགས་རྡུལ་ཕྲ་རབ་ཅེས་བྱ་ལ། བསགས་རྡུལ་རྣམས་འདུས་ནས་རགས་པ་ཁྱད་ཅན་རྩོམ་པའི་ཚེ་ན། ཕན་ཚུན་རེག་པའམ་ཕྲད་པའི་སྒོ་ནས་རྩོམ་སྟེ། དེ་དག་ལ་གཟུགས་རུང་གི་དོན་དངོས་སུ་ཚང་བས་ཕན་ཚུན་རེག་ནས་འགྱུར་སྐྱེད་དགོས་པའི་ཕྱིར། དེ་ཡང་གོང་བུ་ཀུན་གྱི་ཆུང་མཐའ་ནི། རྡུལ་ཕྲ་རབ། དེ་བདུན་ལ་རྡུལ་ཕྲན། དེ་བཞིན་དུ་ལྕག་རྡུལ། ཆུ་རྡུལ། རི་བོང་རྡུལ། ལུགས་རྡུལ། གླང་རྡུལ། ཉི་ཟེར་རྡུལ། སྲོ་མ། ཤིག ནས། སོར་ཚིགས་རྣམས་བདུན་འགྱུར་དུ་སྒྲེ་བ་ཡིན་ཏེ། གཟུགས་མིང་དུ་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུགས་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །ཞེས་གསུངས་པས་སོ། །
 
སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་སོགས་ཀྱི་སྐབས་སུ། སེམས་དང་སེམས་བྱུང་གི་དཀའ་གནད་ལ་དཔྱད་པ་ནི།  སྤྱིར་སེམས་དང་སེམས་བྱུང་ནི་གསུང་རབ་མཐའ་དག་ལ་ཉེར་བར་མཁོ་བ་ཡིན་ཞིང་། དེ་ཡང་ཤིན་ཏུ་ཕྲ་བའི་དངོས་པོ་ཞིག་ཡིན་པས་སྔོན་བྱོན་དམ་པའི་གཞུང་ལས་ཇི་ལྟར་གསུངས་པ་ལྟར་ཁས་བླངས་པ་ལས་རང་དགར་རིགས་པས་བརྟགས་ཏེ་རྟོགས་ནུས་པ་ཞིག་གཏན་ནས་མ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས། མཛོད་རང་འགྲེལ་༧༧དུ། སེམས་དང་སེམས་བྱུང་རྣམས་ཀྱི་བྱེ་བྲག་ནི་ཕྲ་བས་དེ་ནི་རེ་ཞིག་རྒྱུན་རྣམས་ལ་ཡང་ཡོངས་སུ་བཅད་པར་དཀའ་ན་སྐད་ཅིག་མ་དག་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་སོ། །དོན་འདི་ཡིད་ལ་བཞག་ནས་འཆད་པ་ལ། སེམས་སེམས་བྱུང་གི་ངོ་བོ་ལ་དཔྱད་པ། སྐབས་དོན་སེམས་བྱུང་གི་དབྱེ་བ་ལ་དཔྱད་པ་གཉིས་ལས། དང་པོ་ནི། སེམས་སེམས་བྱུང་གི་རྣམ་བཞག་ལ་ཐེག་པ་གོང་འོག་གི་ཁྱད་པར་མང་དུ་ཡོད་མོད། སྐབས་དོན་མངོན་པ་འོག་མའི་ལུགས་ལའང་སེམས་སེམས་བྱུང་གི་མཚན་ཉིད་ལ་རང་སྟོབས་དང་གཞན་སྟོབས་སྦྱར་དགོས་མིན་སོགས་སྔོན་བྱོན་མཁས་པ་དག་གིས་དགག་སྒྲུབ་སྣ་ཚོགས་མཛད་ཡོད་ཀྱང་། མཛོད་རྩ་འགྲེལ་གཉིས་ལས་ནི། རྩ་བར། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་དང་། འདི་ཐད་རང་འགྲེལ་༡༥དུ། ཡུལ་དང་ཡུལ་ལ་སོ་སོར་རྣམ་པར་རིག་ཅིང་དམིགས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །ཞེས་དང་།  རྩ་བར། སེམས་དང་ཡིད་དང་རྣམ་ཤེས་ནི། དོན་གཅིག་སེམས་དང་སེམས་བྱུང་དང་། །རྟེན་དང་དམིགས་དང་རྣམས་བཅས་དང་། །མཚུངས་པར་ལྡན་པའང་རྣམ་པ་ལྔ། །ཞེས་པ་ལས་ངོ་བོ་བསྟན་བྱེད་གཞན་བྱུང་མེད།  དེ་ལྟར་ན་གཙོ་སེམས་ཀྱི་མཚན་ཉིད་ནི། སེམས་དང་། ཡིད། རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་གྲངས་ཀྱིས་བསྟན་པའི་ཡུལ་སོ་སོར་རིག་པ་དང་། སེམས་བྱུང་གི་མཚན་ཉིད་ནི། རང་གི་གཙོ་སེམས་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་རེག་པ་ལ་བྱ་དགོས་སོ། །མཚུངས་པ་ལྔ་མཚུངས་ཀྱི་དོན་ཇི་ལྟར་ཞེ་ན། རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཚུངས་པ་སྟེ་ལྔའོ། །དང་པོ་ནི། སེམས་སེམས་བྱུང་གཉིས་ཀ་དབང་པོ་གཅིག་ལ་རྟེན་པས་རྟེན་མཚུངས་པ་ཞེས་བྱ་སྟེ། མིག་གི་རྣམ་ཤེས་མིག་དབང་ལ་རྟེན་པ་ལྟར་དེའི་འཁོར་སེམས་བྱུང་ཚོར་བ་སོགས་ཀྱང་མིག་དབང་ལ་རྟེན་དགོས་པ་ལྟ་བུའོ། །
གཉིས་པ་ནི། དེ་གཉིས་ཀས་ཡུལ་གཅིག་ལ་དམིགས་པས་དམིགས་པ་མཚུངས་པ་ཞེས་བྱ་སྟེ། དེ་ཡང་དམིགས་པ་ཡུལ་གཟུགས་ལྟ་བུ་གཅིག་ཡིན་པའི་དོན་ཡིན་གྱི། ཡུལ་གྱི་ངོ་བོ་དང་དེའི་ཁྱད་ཆོས་གཉིས་ནི་བློས་འཛིན་ཚུལ་གྱིས་ཕར་བཞག་པ་ལས་ཡུལ་གྱི་ངོར་དེ་ལྟར་གནས་ནས་གཙོ་སེམས་ཀྱིས་ངོ་བོ་རིག་སེམས་བྱུང་གིས་ཁྱད་པར་རིག་ཅེས་པའི་དོན་ནི་མིན་ཏེ། ཀུན་མཁྱེན་རོང་སྟོན་ཆེན་པོས། ཤེས་བྱ་རབ་གསལ་༥༠དུ་དོན་གྱི་ངོ་བོ་ལས་ལོགས་ཤིག་ཏུ་དོན་གྱི་ཁྱད་པར་རིག་རྒྱུ་ཡང་མེད་དོ། །ཞེས་གསུངས་པ་ལྟར་རོ། །མཁས་པ་རྣམས་ཀྱིས་དམིགས་པའི་ཡུལ་ལ་དོན་གྱི་ངོ་བོ་དང་དོན་གྱི་ཁྱད་པར་གཉིས་ཡོད་པར་བྱས་ནས། དེ་གཉིས་སེམས་སེམས་བྱུང་གཉིས་ཀས་རིག་ཀྱང་རང་སྟོབས་དང་གཞན་སྟོབས་ཀྱིས་རིག་ཚུལ་མི་འདྲར་བཤད་པ་ཞིག་བྱུང་མོད། འདི་ལ་ཀུན་མཁྱེན་རོང་སྟོན་དང་། པཎ་ཆེན་ཤཱཀ་མཆོག་དང་། པཎ་ཆེན་ངག་དབང་ཆོས་གསུམ་གྱིས་དགག་པ་མཛད་འདུག་པ་དེ། དོན་དང་ལྡན་པར་སྣང་སྟེ། དེ་ལྟར་ཡུལ་ལ་ཡོད་པའི་ངོ་བོ་དང་ཁྱད་ཆོས་གཉིས་པོ་དེ་སེམས་སེམས་བྱུང་གཉིས་ཀས་རིག་པ་འདྲ་ན་རང་སྟོབས་དང་གཞན་སྟོབས་ཀྱི་ཁྱད་པར་གོ་བ་ཕུག་ཐག་ཆོད་པ་རྙེད་རྒྱུ་མེད་པའི་ཕྱིར་དང་། གཞུང་གི་སྒྲུབ་བྱེད་ཚད་ལྡན་ཡང་མེད་པའི་ཕྱིར་རོ། །
གསུམ་པ་ནི། དེ་གཉིས་ཀས་དམིགས་པ་ཡུལ་གཅིག་འཛིན་པས་དེའི་ཆ་ནས་རྣམ་པ་འཛིན་སྟངས་མཚུངས་ཞེས་བྱ་བ་ཡིན་གྱི། འཛིན་ཚུལ་མི་འདྲ་བ་མེད་པ་ནི་མ་ཡིན་ཏེ། གཙོ་སེམས་ཀྱིས་ཡུལ་དེ་དམིགས་པ་ཙམ་ལས། ཁྱད་པར་དུ་བྱས་ནས་མི་འཛིན་པའི་ཕྱིར་དང་། སེམས་བྱུང་གིས་ཁྱད་པར་དུ་བྱས་ནས་འཛིན་པའི་ཕྱིར་ཏེ། དབུས་མཐའ་རྣམ་འབྱེད་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་དང་། འདི་ཐད་དུ་སློབ་དཔོན་གྱི་འགྲེལ་བ་༣༩༣ལས། དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །དོན་གྱི་ཁྱད་པར་མཐོང་བ་ནི་སེམས་ལས་བྱུང་བ་རྣམས་ཏེ་ཚོར་བ་ལ་སོགས་པའོ། །ཞེས་སོ། །འདིའི་དོན་ཀུན་མཁྱེན་རོང་སྟོན་ཆེན་པོས། ཤེས་བྱ་རབ་གསལ་༡༥དུ། སེམས་དང་སེམས་བྱུང་གཉིས་དམིགས་པ་གཅིག་ལ་རྣམ་པ་མཚུངས་པར་སྐྱེ་ཡང་སེམས་ལ་འཛིན་སྟངས་མི་འདྲ་བའི་ཁྱད་པར་མེད་པས་སེམས་ཙམ་ཞིག་སྨོས་ལ། སེམས་བྱུང་ནི་གཙོ་སེམས་ལས་ལྷག་པའི་འཛིན་སྟངས་མི་འདྲ་བ་རེ་རེ་ཡོད་དེ། ཚོར་བས་མྱོང་བའི་ཚུལ་གྱིས་རིག འདུ་ཤེས་ཀྱིས་མཚན་མར་འཛིན་པའི་ཚུལ་གྱིས་རིག་པས་དེའི་ཁྱད་པར་སེམས་ལས་བྱུང་ཞེས་གསུངས་སོ། །འགྲེལ་ཚུལ་འདི་ནི་དེ་སྔོན་མཁས་པ་སུས་ཀྱང་མ་རྟོགས་པའི་རོང་སྟོན་ཆེན་པོའི་རྣམ་དཔྱོད་ཀྱི་རྩ་ལས་འཁྲུངས་པའི་ལེགས་བཤད་ཉག་གཅིག་ཡིན་ཏེ། གཞན་གྱིས་འབོད་ཀྱང་མ་རྟོགས་པ། །ཤིན་ཏུ་རྟོགས་པར་དཀའ་བའི་དོན། །ལག་མཐིལ་གནས་པའི་སྐྱུ་རུ་ར། །ཇི་བཞིན་རབ་ཏུ་གསལ་བར་བྱས། །ཞེས་གསུངས་པ་ལས་ཤེས་སོ། །གལ་ཏེ་དེ་ལྟར་ན་སེམས་དང་སེམས་བྱུང་གཉིས་ནི་མཚུངས་ལྡན་གྱི་རྒྱུ་ཡིན་ཞིང་། དེ་ཡིན་ན་ཕན་ཚུན་རྒྱུ་འབྲས་ཡིན་དགོས་པར་རང་འགྲེལ་ལས་གསུངས་པ་དེ། སེམས་སེམས་བྱུང་གཉིས་ལ་དེ་ཇི་ལྟར་འཆད་ཅེ་ན། ཡུལ་གཅིག་ལ་དམིགས་པའི་ཚེ་སེམས་སེམས་བྱུང་གཉིས་ངེས་པར་དུ་དགོས་ཏེ། གང་རུང་གཅིག་མེད་ན་དམིགས་མི་ནུས་པའི་ཕྱིར། དེའི་གནོད་ཀྱིས་ཡུལ་ལ་དམིགས་པ་ལ་སེམས་སེམས་བྱུང་གཉིས་ཕན་ཚུན་ཕན་འདོགས་བྱེད་དང་གདགས་བྱར་འགྲོ་བ་ཡིན་ཏེ། དཔེར་ན། འགྲོན་པོ་གཅིག་ཁོ་ན་ཇག་རྐུན་མང་སའི་ལམ་དུ་བགྲོད་མི་ནུས་པ་ལ། འགྲོན་པོ་མང་དུ་ཚོགས་ན་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་ཅིག་ལམ་དུ་འགྲོ་ནུས་པ་བཞིན་ནོ། ། རང་འགྲེལ་༡༣༣ལས། གང་གིས་ན་མཚུངས་པར་ལྡན་པའི་རྒྱུ་གང་ཡིན་ཞེ་ན། ཕན་ཚུན་འབྲས་བུའི་དོན་གྱིས་ན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། འགྲོན་པོ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་ཅིག་ལམ་ལ་འགྲོ་བ་བཞིན་ནོ། །ཞེས་སོ། །བཞི་པ་ནི། དེ་གཉིས་སྐྱེ་གནས་འཇིག་གསུམ་དུས་གཅིག་ལ་བྱེད་པས་དུས་མཚུངས་པ་ཞེས་བྱའོ། །ལྔ་པ་ནི། རྣམ་པར་ཤེས་པར་རྫས་རེ་རེ་བ་ཡིན་པ་ལྟར། སེམས་བྱུང་ཚོར་བ་ལ་སོགས་པའང་རྫས་རེ་རེ་བ་ཡིན་པས་རྫས་མཚུངས་པ་ཞེས་བྱའོ། །
གཉིས་པ་ནི། སེམས་བྱུང་ལ་སྡེ་ཚན་རྣམ་པ་ལྔ་སྟེ། སེམས་ཀྱི་ས་མང་། དགེ་བའི་ས་མང་། ཉོན་མོངས་ཆེན་པོའི་ས་མང་། མི་དགེ་བའི་ས་མང་། ཉོན་མོངས་ཆུང་ངུའི་ས་མང་རྣམས་སོ། །དེ་དག་སོ་སོར་ཇི་ཙམ་ཡོད་ཅེ་ན། དང་པོ་ལ་བཅུ། གཉིས་པ་ལ་བཅུ། གསུམ་པ་ལ་དྲུག བཞི་པ་ལ་གཉིས། ལྔ་པ་ལ་བཅུ་སྟེ་སྡེ་ཚན་དུ་གཏོགས་པ་སུམ་ཅུ་རྩ་བརྒྱད་ཡོད་ལ། དེ་དག་སོ་སོའི་ངོས་འཛིན་ནི། མཛོད་རྩ་བ་ཉིད་ལས། ཚོར་དང་སེམས་པ་འདུ་ཤེས་དང་། །ཞེས་པ་ནས། ཉོན་མོངས་ཆུང་ངུའི་ས་པ་རྣམས། །ཞེས་པའི་བར་གྱིས་རེ་རེ་ནས་གསལ་བར་གསུངས་པས་འདིར་སྐྱར་ནས་འགོད་མི་དགོས་ལ། རྩ་བ་ནས་དངོས་སུ་གྲངས་མ་བགྲང་ཡང་ཞར་ལ་བསྟན་པ། རྟོག་དཔྱོད་གཉིས། འགྱོད་གཉིད་གཉིས། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་སྟེ་འདི་དག་ལ་མ་ངེས་པ་བརྒྱད་ཅེས་བྱའོ། །དེ་དག་གི་སྟེང་དུ་གཞན་ཡང་མངོན་པ་ལས་བཤད་པ་དང་། གཞི་ཕྲན་ཚེགས་ནས་བཤད་པ་སོགས་བསྣན་པས་སེམས་བྱུང་བདུན་ཅུ་རྩ་བདུན་སོགས་ཡོད་ཀྱང་། འདིར་བསྟན་པ་ནི་ངེས་པའི་སྡེ་ཚན་དུ་གཏོགས་པ་སུམ་ཅུ་རྩ་བརྒྱད་དང་། མ་ངེས་པ་བརྒྱད་དེ་བཞི་བཅུ་རྩ་དྲུག་པོ་དེ་ཉིད་དོ། །དེ་དག་ལས་སེམས་ཀྱི་ས་མང་གི་མཚན་ཉིད་ནི། རང་གང་ལ་འཇོག་པའི་སེམས་བྱུང་དེ་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བ། དགེ་བའི་ས་མང་གི་མཚན་ཉིད་ནི། ངོ་བོ་ཉིད་ཀྱི་དགེ་བ་གང་ཞིག རང་གང་ལ་འཇོག་པའི་སེམས་བྱུང་དེ་དགེ་སེམས་ཀུན་གྱི་འཁོར་དུ་འགྲོ་བ། ཉོན་མོངས་ཆེན་པོའི་ས་མང་གི་མཚན་ཉིད་ནི། ངོ་བོ་ཉིད་ཀྱི་ཉོན་མོངས་གང་ཞིག རང་གང་ལ་འཇོག་པའི་སེམས་བྱུང་དེ་ཉོན་མོངས་པའི་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བ། མི་དགེ་བའི་ས་མང་གི་མཚན་ཉིད་ནི། ངོ་བོ་ཉིད་ཀྱི་མི་དགེ་བ་གང་ཞིག རང་གང་ལ་འཇོག་པའི་སེམས་བྱུང་དེ་མི་དགེ་བའི་གཙོ་སེམས་ཀུན་འཁོར་དུ་འགྲོ་བ། ཉོན་མོངས་ཆུང་ངུའི་ས་མང་གི་མཚན་ཉིད་ནི། མ་རིག་ཙམ་དང་མཚུངས་པར་ལྡན་པ། སྤང་བྱ་སྒོམ་སྤང་ཁོ་ན་ཡིན་པ། སྒོམ་སྤང་དུ་གྱུར་པའི་ཡིད་ཀྱི་རྣམ་ཤེས་ཁོ་ན་དང་མཚུངས་པར་ལྡན་པ་སྟེ། དེ་ལྟ་བུའི་ཁྱད་ཆོས་གསུམ་ལྡན་དུ་གྱུར་པའི་སེམས་བྱུང་རྫས་ཡོད། མ་ངེས་པའི་སེམས་བྱུང་ནི་སེམས་གང་གི་འཁོར་དུ་འགྲོ་བའི་ངེས་པ་མེད་པ་ལ་བྱའོ། །སེམས་བྱུང་དེ་དག་རེ་རེ་ནས་ངོ་བོ་ངོས་འཛིན་ནི་འགྲེལ་བཤད་རྣམས་སུ་གསལ་བས་འདིར་མང་དུ་དོགས་ནས་མ་བཀོད་དོ། །གལ་ཏེ་སེམས་ཀྱི་ས་མང་ཡིན་ན་གཙོ་སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བའི་ཁྱབ་པ་ཡོད་དམ་ཞེ་ན། མེད་དེ། རང་འགྲེལ་༨༢ལས་སེམས་ཀྱི་ས་མང་དང་ཉོན་མོངས་པའི་ས་མང་གཉིས་ལ་མུ་བཞི་གྲུབ་པར་བཤད་པའི་གཉིས་ཀ་ཡིན་པའི་མུ་ལ་དྲན་པ་ཉོན་མོངས་སོགས་ལྔ་བཤད་པས། དེ་ལྔ་ཀ་གཙོ་སེམས་ཐམས་ཅད་ཀྱི་འཁོར་དུ་མི་འགྲོ་བའི་ཕྱིར་དང་། གང་ཟག་གཅིག་གི་རྒྱུད་ཀྱི་དྲན་པ་ལྟ་བུ་གཙོ་སེམས་ཀུན་གྱི་འཁོར་དུ་མི་འགྲོ་བའི་ཕྱིར། དེས་ན་སེམས་ཀྱི་ས་མང་གི་མཚན་ཉིད་ནི་རིགས་ཀྱི་སྒོ་ནས་གཙོ་སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བའམ་ཡང་ན་གོང་དུ་བཤད་ཟིན་པ་ལྟར་རོ། །དྲན་པ་ཉོན་མོངས་ཅན་སོགས་ལྔ་ནི་སེམས་བྱུང་བཏགས་ཡོད་ཡིན་པས་སེམས་ཀྱི་ས་མང་སོགས་བཞི་བཅུ་ཞེ་དྲུག་པོ་སེམས་བྱུང་རྫས་ཡོད་དུ་བཤད་པ་དང་འགལ་ལོ་སྙམ་ན། རྫས་ཡོད་དུ་བཤད་པ་ནི་གཞུང་གི་དངོས་བསྟན་ལ་དགོངས་པ་ཡིན་པས་སྐྱོན་མེད་དོ། །
སེམས་བྱུང་རྫས་བཏགས་ཀྱི་ཁྱད་པར་ནི། སེམས་བྱུང་གང་ཞིག རང་གི་ངོ་བོ་སེམས་བྱུང་གཞན་ལས་ལོགས་སུ་རྫས་ཐ་དད་པར་གྲུབ་པས་བརྗོད་པ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློ་ཡུལ་དུ་འགྱུར་བ་རྫས་ཡོད་དང་། དེ་གང་ཞིག  ངོ་བོ་དང་རྫས་རང་གི་འཇོག་གཞི་སེམས་བྱུང་ལས་ལོགས་སུ་མེད་ཀྱང་། བྱེད་ལས་དང་གནས་སྐབས་ཀྱི་ཁྱད་པར་སོགས་ལས་མིང་གཞན་དུ་བཏགས་པས། གཞན་ལ་ལྟོས་ནས་བློ་ཡུལ་དུ་འགྱུར་བ་སེམས་བྱུང་བཏགས་ཡོད། དཔེར་ན། ཤེས་རབ་དང་། ལྟ་བ་ལྔ་ལྟ་བུ་སྟེ། ཤེས་རབ་ནི་སེམས་བྱུང་གཞན་ལ་བཏགས་པ་མིན་པར་རང་གི་ངོ་བོ་ལོགས་སུ་གྲུབ་པས་རྫས་ཡོད་དང་། ལྟ་བ་ལྔ་ནི་འཛིན་ཚུལ་དང་བྱེད་ལས་སོགས་ཀྱི་ཁྱད་པར་ལ་གཏན་ནས་མིང་ལོགས་སུ་བཏགས་པ་ལས་ངོ་བོ་ཤེས་ཉིད་ཀྱི་རྫས་སུ་གྲུབ་པས་བཏགས་ཡོད་ཡིན་པ་ལྟ་བུའོ། །འདི་ནི་གོ་སླ་བར་དགོངས་ནས་འགྲེལ་བ་མངོན་རྒྱན་དང་། ངོ་མཚར་གསུམ་ལྡན། རྒྱལ་དབང་མཛོད། འགྲེལ་བ་མངོན་རྒྱན་གྱི་མཆན་བུ་བཅས་ལས་གསུངས་པའི་དོན་ཕྱོགས་གཅིག་སྡུད་པའོ། །སེམས་བྱུང་རྫས་ཡོད་དང་བཏགས་ཡོད་ཀྱི་མཚོན་གཞི་ལ་གྲངས་འདྲེན་ཚུལ་མི་འདྲ་བ་ཡོད་པ་འགྲེལ་བཤད་ཁག་ལས་གསལ། 
 
བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །ཞེས་པའི་སྐབས་སུ་ལྷན་ཅིག་འབྱུང་བའི་རྒྱུའི་དཀའ་གནས་ལ་དཔྱད་པ་ལ།  དོགས་པ་འགོད་པ་དང་། ལན་བཤད་པ་གཉིས་ལས། དང་པོ་ནི། འདི་ལྟར་དོགས་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ལ་ཕན་ཚུན་རྒྱུ་འབྲས་དགོས་སམ་མི་དགོས། མི་དགོས་ན། ལྷན་འབྱུང་རྒྱུའི་ངོ་བོ་ལ། མཛོད་རྩ་བ་ལས།  ལྷན་ཅིག་འབྱུང་གང་ཕན་ཚུན་འབྲེལ།  །ཞེས་བཞག་པ་དང་འགལ་ལ།  དགོས་ན། རང་འགྲེལ་༡༢༤ལས།  ཕན་ཚུན་འབྲས་བུ་ཉིད་མེད་བཞིན་དུ་ཆོས་ནི་མཐུན་པའི་མཚན་ཉིད་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ་ཞེས་གསུངས་པ་དང་འགལ་ལོ། །ཞེས་པའོ། །གཉིས་པ་ལན་ལ། གཞན་ལུགས་དང་། རང་ལུགས་གཉིས་ལས། དང་པོ་ནི། མཁས་པ་ཕལ་ཆེར་བས་རྩ་བ་སྒྲ་ཇི་བཞིན་དུ་བྱས་ཏེ། ལྷན་ཅིག་འབྱུང་རྒྱུའི་མཚན་ཉིད་དུ་རང་དང་དུས་མཉམ་པའི་འབྲས་བུ་དང་ཕན་ཚུན་རྒྱུ་འབྲས་སུ་གྱུར་པ་ཞེས་བཞག་ནས། འགྲེལ་བའི་དགོངས་དོན་གང་ཡང་མ་བཤད་པ་དང་། ཁ་ཤས་གྱིས་འགྲེལ་བའི་དགོངས་དོན་བཤད་ཡོད་ཀྱང་ཡིད་ཚིམ་པ་ཞིག་གཏན་ནས་བཤད་ཐུབ་པ་མི་སྣང་ངོ་། །གཉིས་པ་རང་ལུགས་ལ། དངོས་དང་། སྒྲུབ་བྱེད་འགོད་པ། ལྷན་ཅིག་འབྱུང་རྒྱུའི་མཚན་ཉིད་བཤད་པ་གསུམ་ལས། དང་པོ་ནི། ཁོ་བོས་ནི་རང་འགྲེལ་འགྲེལ་བཤད་དང་བཅས་པའི་དགོངས་དོན་སྙིང་ལ་བཅང་ནས་འདི་ལྟར་ངེས་པར་བྱ་སྟེ། རྩ་བར་ཕན་ཚུན་རྒྱུ་འབྲས་སུ་བཤད་པ་ནི་ཕན་ཚུན་ཕན་འདོགས་བྱེད་དང་ཕན་གདགས་བྱ་ཞེས་པའི་དོན་ཡིན་གྱི་ཕན་ཚུན་བྱེད་རྒྱུ་འགྲོ་བ་ཙམ་ནི་མིན་ལ། དེ་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ན་ཕན་ཚུན་རྒྱུ་འབྲས་ཡིན་པས་ཁྱབ་པ་མེད་པར་འདོད་དོ། །གཉིས་པ་ནི། རྩ་བའི་དགོངས་དོན་གོང་གི་རང་འགྲེལ་གྱི་ལུང་དེས་འགྲེལ་བཤད་བྱས་ཡོད་པའི་རྒྱུ་མཚན་གྱིས་དང་། གཞན་ཡང་། རང་འགྲེལ་༢༡༩ལས། ཡང་ཅི་ཚོར་བ་རེག་པའི་འོག་ཏུ་འབྱུང་ངམ། འོན་ཏེ་དུས་མཉམ་དུ་འབྱུང་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ་ཕན་ཚུན་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དུས་མཉམ་མོ་ཞེས་ཟེར་རོ། །ཇི་ལྟར་ན་ལྷན་ཅིག་འབྱུང་བ་གཉིས་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོ་གྲུབ་ཅེས་སོགས་དོགས་པ་བཀོད་ནས་ལན་དུ་འདོད་པའི་ཕྱིར་ཉེས་པ་མེད་དེ། ལྷན་ཅིག་འབྱུང་བའི་རྒྱུ་ལ་ཕན་ཚུན་གྱི་འབྲས་བུ་ཉིད་དུ་མི་འདོད་པ་ཁོ་ནའོ། །ཞེས་གསལ་བར་གསུངས་པའི་ཕྱིར་དང་། རྒྱལ་སྲས་མ་༤༠༠ལས། མཚན་ཉིད་འདི་ཡང་ལྷག་མ་བཅས་པ་ཡིན་ཏེ། དེའི་ཕྱིར་འོག་ནས་ཕན་ཚུན་འབྲས་བུ་ཉིད་མེད་བཞིན་དུ་ཆོས་ནི་མཐུན་པའི་མཚན་ཉིད་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ་དེ་དག་ནི་དེའི་མ་ཡིན་པས་ཁ་སྐང་བར་བྱའོ་ཞེས་འཆད་པར་འགྱུར་རོ། །ཞེས་དང་། མཚན་ཉིད་རྗེས་འབྲང་༤༣༧ལས།  འདི་ལ་ཁ་ཅིག་ནི་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཆོས་ཕན་ཚུན་འབྲས་བུར་གྱུར་པ་དག་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་དོ། །དེ་ལྟར་ན་ཕན་ཚུན་འབྲས་བུར་མ་ཡིན་པ་རྣམས་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཡིན་པས་གསལ་བར་འགྱུར་ཏེ་ཞེས་གསུངས་པའི་ཕྱིར་དང་།  འགྲེལ་པ་མངོན་པའི་རྒྱན་༢༩༢ལས། དེ་ལྟ་མོད་ཀྱི་འོན་ཀྱང་འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི་ཁྱབ་པ་ནི་མ་ཡིན་ནོ་ཞེས་ཁ་བསྐང་དང་བཅས་པའོ། །ཞེས་རྩ་བར་བསྟན་པའི་མཚན་ཉིད་དེ་ཕལ་ཆེར་བ་ལ་དགོངས་པར་གསུངས་པའི་ཕྱིར་རོ། ། 
གསུམ་པ་ནི།   དེ་ལྟར་ན་ལྷན་ཅིག་འབྱུང་རྒྱུའི་མཚན་ཉིད་ནི། རང་གི་འབྲས་བུ་དང་དུས་མཉམ་གང་ཞིག  ཕན་ཚུན་རྒྱུ་འབྲས་དང་གང་རུང་ཞིག་ངེས་པར་དུ་ཕན་འདོགས་བྱེད་ཡིན་དགོས་ཤིང་དེ་དང་རིང་བར་མ་ཡིན་པར་འགྱུར་པའི་ཆོས་གང་རུང་གི་བསྡུས་པའོ། །འདི་ནི་ཁོ་བོའི་རྣམ་རྟོག་གིས་བརྟགས་པ་ཙམ་མ་ཡིན་ཏེ། སློབ་དཔོན་གང་སྤེལ་གྱིས། ཕན་ཚུན་འབྲས་བུ་ཡིན་པ་དང་། རིང་བར་མ་ཡིན་པར་འགྱུར་ན་ལྷན་ཅིག་འབྱུང་བ་ཉིད་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱའོ། །ཞེས་གསུངས་པའི་དོན་ནོ། །དེས་ན་ཟུར་དང་པོས། རྣམ་སྨིན་དང་ཀུན་འགྲོ་དང་སྐལ་མཉམ་གསུམ་གྱི་རྒྱུ་བཅད། ཕན་ཚུན་རྒྱུ་འབྲས་ཞེས་པ་ནི་ཕན་ཚུན་ཕན་འདོགས་བྱེད་དང་ཕན་གདགས་བྱའི་དོན་ཡིན་པས་བྱེད་རྒྱུ་ནུས་མེད་བསལ་ཏེ་རྩ་བའི་དགོངས་དོན་བསྟན། གང་རུང་ཞིག་ཕན་འདོགས་བྱེད་ཡིན་དགོས་ཞེས་པས། རང་འགྲེལ་༡༢༥ལས། ལྷན་ཅིག་འབྱུང་བ་ཡིན་ལ་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པ་ལ་རྗེས་མཐུན་གྱི་མཚན་ཉིད་ནང་ཕན་ཚུན་དང་ཞེས་སོགས་གསུངས་པ་རྣམས་བཅད། རིང་བར་མ་ཡིན་པར་འགྱུར་བ་ཞེས་པས། རྩ་བ་ལས།  འབྱུང་ལས་གྱུར་པ་རྣམ་པ་ལྔ།  །ཞེས་པའི་སྐབས་སུ་འབྱུང་བས་འབྱུང་འགྱུར་སྐྱེ་བ་ན་བྱེད་རྒྱུ་ལྔ་པོ་ཁོ་ནར་བྱེད་པ་གསུངས་པ་དང་། འགྲེལ་པ་མངོན་པའི་རྒྱན་༢༩༣ལས། བུམ་པ་དང་མིག་ཤེས་དང་མར་མེ་དང་འོད་དང་མྱུ་གུ་དང་གྲིབ་མ་དང་ས་གཞི་ལ་ཆུ་བརྟེན་པ་སོགས་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པར་གསུངས་པ་དག་བཅད་ནས། དེའི་རྒྱུ་འབྱུང་བ་རྣམ་པ་གཉིས། ཞེས་པའི་སྐབས་ཀྱི་ཚོགས་པ་གཅིག་པའི་ནང་གི་འབྱུང་བཞི་ནང་ཕན་མཚན་ལྷན་ཅིག་འབྱུང་རྒྱུ་ཡིན་པར་གསུངས་པ་དང་། བུམ་པ་དང་དེ་དང་རིང་བར་མིན་པའི་དེའི་མཚན་ཉིད་ལ་སོགས་པ་རྣམས་མཚོན་པའི་དོན་དུ་ཡིན་ནམ་སྙམ། འཐད་མིན་དཔྱད་པར་འཚལ། མང་ཐོས་ཀླུ་སྒྲུབ་ཀྱིས་ཆོས་དེ་དང་ཕན་ཚུན་འབྲས་བུར་གྱུར་པ་གཙོ་ཆེ་བའི་རིགས་སུ་གནས་པ་ཞེས་གསུངས། ཁོ་བོས་ནི་མཛོད་རྩ་འགྲེལ་དང་གྲགས་ཆེན་འགྲེལ་པ་རྣམས་ཀྱི་དགོངས་དོན་བཤད་པ་ཡིན་གྱི་རྣམ་པ་ཀུན་ཏུ་བྱེ་སྨྲའི་གྲུབ་མཐའ་སྐྱོན་མེད་དུ་བཤད་ག་ལ་ནུས།  
 
སྐལ་མཉམ་མཚུངས་པར་ལྡན་པ་དང་།  །ཞེས་པའི་སྐབས་སུ་སྐལ་མཉམ་གྱི་རྒྱུའི་ངོ་བོ་ལ་དཔྱད་པ་ནི།  དེ་ཡང་རང་གི་འབྲས་བུ་ཕྱི་མ་རང་དང་རིགས་འདྲ་བར་བསྐྱེད་པའི་འདས་ད་ལྟར་གྱི་དངོས་པོ་དང་དེའི་རིགས་སུ་གནས་པ་སྐལ་མཉམ་གྱི་རྒྱུའི་མཚན་ཉིད་དུ་འདོད་དེ། མཛོད་རྩ་བ་ལས། སྐལ་མཉམ་རྒྱུ་ནི་འདྲ་བའོ།  །རང་རིགས་ས་པའོ་སྔར་སྐྱེས་རྣམས།  །ཞེས་དང་། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། །ཞེས་དང་།  རང་འགྲེལ་༡༢༨ལས། སྔར་སྐྱེས་པ་རྣམས་ནི་ཕྱི་མ་སྐྱེ་བ་དང་མ་སྐྱེས་པ་རྣམས་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་ནོ། །མ་འོངས་པ་ཁོ་ན་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །
འོ་ན་རིགས་འདྲ་ཚུལ་དེ་ཇི་ལྟར། ཐམས་ཅད་འདྲ་བ་མི་སྲིད་ཅིང་ཕྱོགས་རེ་འདྲ་བ་ཀུན་ལ་ཡོད་པས་ཁྱབ་ཆེ་བའི་ཕྱིར་ཞེ་ན། སྐབས་འདིར་རིགས་འདྲ་ལ་དགེ་བར་འདྲ་བ། ཉོན་མོངས་པ་ཅན་དུ་འདྲ་བ། མ་སྒྲིབ་ལུང་མ་བསྟན་དུ་འདྲ་བ་གསུམ་ཡོད་པ་ཡིན་ཏེ། རང་འགྲེལ་༢༢༧ལས། ཆོས་འདྲ་བ་རྣམས་ནི་ཆོས་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་པོ་དག་ནི་ཕན་ཚུན་དགེ་བ་རྣམས་ཀྱི་ཡིན་ནོ། །ཉོན་མོངས་པ་ཅན་རྣམས་ནི་ཉོན་མོངས་པ་ཅན་རྣམས་ཀྱི་ཡིན་ནོ། །ལུང་དུ་མ་བསྟན་པ་རྣམས་ནི་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡིན་ནོ། །ཞེས་སོ། །འདི་སྤྱི་ཙམ་ཞིག་བསྟན་པ་ཡིན་གྱི་དམིགས་ཀྱིས་གསལ་བ་ནི། དགེ་བ་འདྲ་ཞེས་པ་ནི་དགེ་བ་ཙམ་འདྲ་བའི་དོན་མ་ཡིན་གྱི། དགེ་བ་ཟག་བཅས་དང་ཟག་མེད་སོ་སོར་ཕྱེས་ཏེ་འདྲ་བ་ལ་བྱ་དགོས་ཏེ། ཟག་མེད་སྐད་ཅིག་དང་པོ་ལ་སྐལ་མཉམ་གྱི་རྒྱུ་མེད་པར་བཤད་པའི་ཕྱིར།  ཉོན་མོངས་པ་ཅན་ལ་མི་དགེ་བ་དང་མ་སྒྲིབ་ལུང་མ་བསྟན་གཉིས་ཡོད་ཀྱང་། དེ་གཉིས་སོ་སོར་འདྲ་དགོས་པ་མ་ཡིན་ཏེ། འཇིག་ལྟས་རྒྱུར་བྱས་ཏེ་འདོད་ཆགས་སྐྱེས་པ་དེ་སྐལ་མཉམ་གྱི་རྒྱུ་འབྲས་ཡིན་པར་འགྲེལ་པ་མངོན་པའི་རྒྱན་གྱི་མཆན་བུ་ལས་བཤད་པའི་ཕྱིར་རོ། །འོ་ན་ཟག་བཅས་ཀྱི་ཆོས་དེ་དང་དེའི་སྐལ་མཉམ་རྒྱུ་ཡིན་པ་ལ། འདྲ་བ་དེ་གསུམ་གྱི་ཆོག་གམ་སྙམ་ན། དེ་མི་ཆོག་སྟེ། ཟག་བཅས་ལ་སྤང་བྱ་རིགས་ལྔར་ངེས་པས། སྤང་བྱ་རིགས་ལྔ་རིགས་པོ་རང་རང་གི་སྤང་བྱ་རིགས་མཐུན་དེ་སྐལ་མཉམ་གྱི་རྒྱུ་ལ་དགོས་པའི་ཕྱིར་ཏེ། རང་འགྲེལ་༡༢༧ལས། རིས་ནི་ལྔ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་རོ། །ཞེས་དང་། དེ་ལ་སྡུག་བསྔལ་མཐོང་བས་སྤང་པར་བྱ་བ་རྣམས་ནི་སྡུག་བསྔལ་མཐོང་བས་སྤར་པར་བྱ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་བར་དུ་ཡང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ཡིན་ནོ། །ཞེས་སོ། །སྤང་བྱ་དེ་དང་དེར་རིགས་མཐུན་པ་ཙམ་གྱིས་ཆོག་གམ་སྙམ་ན། དེ་ཡང་མི་ཆོག་སྟེ། འདོད་པ་ནས་སྲིད་རྩེའི་བར་དུ་རང་རང་གི་སས་བསྡུས་སམ་ས་མཚུངས་པར་དགོས་པ་ཡིན་ཏེ། དེ་ཉིད་༡༢༧ལས། དེ་དག་ཀྱང་འདོད་པ་ན་སྤྱོད་པ་རྣམས་ནི་ཡང་འདོད་པ་ན་སྤྱོད་པ་རྣམས་ཀྱི་ཡིན་ལ། བསམ་གཏན་དང་པོའི་ས་པ་རྣམས་ཀྱང་བསམ་གཏན་དང་པོའི་ས་པའི་ཡིན་པ་ནས་སྲིད་པའི་རྩེ་མོའི་བར་དག་ཀྱང་དེའི་ས་པའི་རྣམས་ཁོ་ནའི་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །ཞེས་སོ། ། ས་དེ་བསྡུས་ཀྱི་སྤང་རིགས་ལྔར་མཐུན་པ་ཙམ་གྱིས་ཆོག་གམ་སྙམ་ན། དེ་ཡང་མི་ཆོག་སྟེ། གཟུགས་ཅན་གྱི་ཆོས་ལ་སྒོམ་སྤོང་ཡིན་པར་རིགས་འདྲ་བ་ཙམ་གྱི་མི་ཆོག་གི་འབྱུང་དང་འབྱུང་འགྱུར་སོ་སོར་རིགས་འདྲ་དགོས་པ་ཡིན་ཏེ། རྩ་བར། འབྱུང་ལས་གྱུར་པའི་རྣམ་པ་ལྔ། །འབྱུར་འགྱུར་རྣམ་གསུམ་ཕན་ཚུན་དུ། །འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག །ཅེས་པས་བསྟན་པའི་ཕྱིར་རོ། །དེས་ན་ཀུན་མཁྱེན་བླ་མས་ཆུ་ཆུ་སྒྲའི་སྐལ་མཉམ་གྱི་རྒྱུ་ཡིན་པར་གསུངས་པ་ནི་འཇིག་རྟེན་ལ་གྲགས་པའི་ཆུ་ལ་དགོངས་པ་ཡིན་ནོ། །སྤང་བྱ་ཉོན་མོངས་ཅན་དུ་རིགས་འདྲ་བའི་སྐལ་མཉམ་གྱི་རྒྱུ་དེ་ཡང་གང་ཟག་རྒྱུད་གཅིག་གི་བསྡུས་པ་ལ་བཞག་དགོས་པར་མཆན་བུ་ལས་སོ། །  
འདི་དག་ནི་ཟག་བཅས་སྐལ་མཉམ་གྱི་རྒྱུ་ལ་ཚང་དགོས་པ་ཡིན་གྱི། ཟག་མེད་སྐལ་མཉམ་གྱི་རྒྱུ་ལ་ནི་མི་དགོས་ཏེ། ཟག་མེད་ལམ་བདེན་རྣམས་ནི་བློ་བུར་གྱི་མགྲོན་པོ་བཞིན་དུ་ས་དེ་དང་དེའི་སྲེད་པས་རིགས་སུ་མ་བཅད་ཅིང་། ལྟ་བས་བདག་གིར་མ་བྱས་པས་ཕན་ཚུན་དུ་སྐལ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་ཏེ། རང་འགྲེལ་༡༣༠ལས། མི་ལྕོགས་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པ་གསུམ་དག་གི་ལམ་གྱི་བདེན་པ་ནི་ཕན་ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ། ས་དེ་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ཁམས་དེ་དག་ཏུ་གཏོགས་པ་མ་ཡིན་ཏེ། དེ་བས་ན་ས་གཞན་པའི་རིགས་མཐུན་པའི་སྐལ་བ་མཉམ་པའི་རྒྱུ་ཡང་ཡིན་ནོ། །དེ་ཡང་ཟག་མེད་དགུ་པོ་མཉམ་པས་མཉམ་པ་དང་། དམན་པས་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་ཡིན་གྱི། ཁྱད་པར་ཅན་གྱིས་དམན་པའི་སྐལ་མཉམ་གྱི་རྒྱུ་བྱེད་པ་མིན་པའི་ཕྱིར་ཏེ། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་སོ། །འོ་ན་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་དེ་ཟག་མེད་ཁོ་ན་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཟག་བཅས་ཀྱི་དགེ་བ་སྐྱེས་ཐོབ་དང་སྦྱོར་བྱུང་སོགས་ལའང་དེ་ལྟར་དགོས་པའི་ཕྱིར་ཏེ། མཆོག་གིས་དམན་པའི་སྐལ་མཉམ་གྱི་རྒྱུ་བྱེད་ན་འབད་པ་འབྲས་མེད་དུ་ཐལ་བའི་ཕྱིར་རོ། །འགྲེལ་པ་མངོན་པའི་རྒྱན་༣༠༧ལས། བསམ་བྱུང་གིས་སྒོམ་བྱུང་གི་སྐལ་མཉམ་གྱི་རྒྱུར་བྱེད་པར་གསུངས་པ་ནི། རང་འགྲེལ་༡༣༡ལས། བསམ་པ་ལས་བྱུང་བ་རྣམས་ནི་བསམས་པ་ལས་བྱུང་བ་རྣམས་ཀྱི་ཡིན་ཏེ། བསྒོམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། །ཞེས་དང་། བསྒོམས་པ་ལས་བྱུང་བ་རྣམས་ནི་བསྒོམས་པ་ལས་བྱུང་བ་རྣམས་ཁོ་ནའི་ཡིན་ནོ། །ཞེས་གསུངས་པ་དང་མི་མཐུན་པས་དཔྱོད་དོ། །
 

གནས་གསུམ་པའི་དཀའ་བའི་གནས་ལ་དཔྱད་པ། 
ལུས་དང་འདུ་ཤེས་ཐ་དད་དང་། ཞེས་སོགས་ཀྱི་སྐབས་སུ་རྣམ་ཤེས་གནས་པ་དང་སེམས་ཅན་གྱི་གནས་ཀྱི་དོགས་དཔྱོད་ལ་གསུམ་སྟེ། སྐབས་འདིར་དངོས་བསྟན་གྱི་རྣམ་ཤེས་གནས་པ་བདུན་དང་། སེམས་ཅན་གྱི་གནས་པ་དགུ་དང་། རྣམ་ཤེས་གནས་པ་བཞི་བཤད་པའོ།  །དང་པོ་ནི། གང་ལ་གནས་པའི་རྣམ་ཤེས་དེ་འཇོམས་བྱེད་དང་མི་ལྡན་པའི་རྟེན་དང་རྣམ་ཤེས་འཁོར་བཅས་གང་རུང་གིས་བསྡུས་པ་དེའི་མཚན་ཉིད་དུ་འདོད་ལ། རྒྱལ་དབང་མཛོད་ལས་ཟག་མེད་འདིར་བསྟན་གྱི་རྣམ་ཤེས་གནས་པ་མིན་ཞེས་བཤད། དེ་ལྟར་ན་མཚན་ཉིད་ཀྱི་ཟུར་དུ་ཟག་བཅས་ཀྱི་རྣམ་ཤེས་འཁོར་བཅས་ཞེས་སྦྱོར་རོ། །མཚན་གཞི་ལ་བདུན་ལས། དང་པོ་ལུས་དང་འདུ་ཤེས་ཐ་དད་པ་ནི། མི་དང་། འདོད་ལྷ། བསམ་གཏན་དང་པོར་ཕྱིས་སྐྱེས་པའི་ལྷ་རྣམས་ཏེ། ལུས་ཁ་དོག་དང་རྟགས་དབྱིབས་ཐ་དད་ཅིང་། འདུ་ཤེས་བདེ་སྡུག་བཏང་སྙོམས་ཐ་དད་པའི་ཕྱིར། གཉིས་པ་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ནི། བསམ་གཏན་པོར་སྔར་སྐྱེས་པའི་ཚངས་ཆེན་དང་། དེའི་དང་པོའི་འཁོར་རྣམས་ཏེ། ལུས་ཆེ་ཆུང་ཐ་དད་ཅིང་། འདུ་ཤེས་ནི་ཚངས་ཆེན་གྱིས་འདི་བདག་གི་འདོད་པ་ལས་འབྱུང་ངོ་སྙམ་པ་དང་། འཁོར་རྣམས་ཀྱིས་ཀྱང་བདག་ཅག་ནི་ཚངས་ཆེན་གྱི་འདོད་པ་ལས་བྱུང་བའོ་སྙམ་དུ་གཅིག་པའི་ཕྱིར། གསུམ་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ནི། བསམ་གཏན་གཉིས་པའི་ལྷ་རྣམས་ཏེ། ལུས་འོད་ཀྱི་རང་བཞིན་དུ་གཅིག་ཅིང་ཁ་དོག་དང་རྟགས་དབྱིབས་ཀྱང་འདྲ་བ་དང་། འདུ་ཤེས་ནི་དངོས་གཞིའི་ཡིད་བདེ་བས་སྐྱོ་ན་ཉེར་བསྡོགས་ཀྱི་བཏང་སྙོམས་དང་། ཉེར་བསྡོགས་ཀྱི་བཏང་སྙོམས་ཀྱིས་སྐྱོ་ན་དངོས་གཞིའི་ཡིད་བདེ་ལ་འཇུག་པའི་ཕྱིར། བཞི་པ་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་ནི། བསམ་གཏན་གསུམ་པའི་ལྷ་རྣམས་ཏེ། ལུས་འོད་ཀྱི་རང་བཞིན་སོགས་གཅིག་ཅིང་། འདུ་ཤེས་ནི་སེམས་བདེར་མཚུངས་པའི་ཕྱིར། འདིའི་དངོས་བསྟན་གྱི་གཅིག་པ་དང་ཐ་དད་ནི་མཚུངས་པ་དང་འདྲ་བ་ལ་གཅིག་པ་དང་དེ་མ་ཡིན་པ་ལ་ཐ་དད་ཅེས་བྱའོ། ། ལྔ་པ། དྲུག་པ། བདུན་པ་གསུམ་ནི། གཟུགས་ཅན་མ་ཡིན་པ་གསུམ་ཏེ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ་བཅས་སོ།  །ལྷག་མ། ངན་སོང་བ་རྣམས་ནི། སྐབས་འདིའི་རྣམ་ཤེས་པ་མ་ཡིན་ཏེ། སྡུག་བསྔལ་གྱི་སེམས་འཇོམས་པའི་ཕྱིར། བསམ་གཏན་བཞི་པ་ཡང་མིན་ཏེ། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་ཤེས་འཇོམས་བྱེད་དང་ལྡན་པའི་ཕྱིར། སྲིད་རྩེ་ཡང་མིན་ཏེ། འགོགས་པའི་སྙོམས་འཇུག་གི་རྣམ་ཤེས་འཇོག་བྱེད་དང་ལྡན་པའི་ཕྱིར་རོ། །
དེས་ན་གོང་དུ་དྲངས་པའི་མཚན་གཞི་རྣམས་ངོས་འཛིན་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། དེ་དག་ཡིན་ན་མཐའ་གཅིག་ཏུ་འདིར་བསྟན་གྱི་རྣམ་ཤེས་གནས་པ་ཡིན་པའི་ཁྱབ་པ་ནི་མེད་པར་འདྲ་སྟེ། འདོད་པ་ནང་སེམས་མེད་པའི་སྙོམས་འཇུག་གཉིས་དང་། གཟུགས་ན་འགོག་པའི་སྙོམས་འཇུག་ལ་གནས་པ་ཡོད་པས་རྣམ་ཤེས་འཇོམས་བྱེད་ཀྱི་དོན་ཚང་བའི་ཕྱིར་རོ། །
གཉིས་པ་ནི། སེམས་ཅན་རང་རང་གི་ས་དེར་གནས་མི་འདོད་པ་མེད་པར་རང་དགར་གནས་པ་ནི་དེའི་མཚན་ཉིད་དོ། །མཚན་གཞི་ནི། རྣམ་ཤེས་གནས་པ་བདུན་གྱི་སྟེང་དུ། སྲིད་རྩེ་བ་དང། །འདུ་ཤེས་མེད་པ་བ་གཉིས་བསྣན་པའི་དགུའོ།  །ངན་སོང་བ་རྣམས་ནི་མིན་ཏེ། མི་འདོད་བཞིན་དུ་ལས་ཀྱིས་གནས་པ་ལས་སྡུག་བསྔལ་གྱིས་རང་དགར་གནས་པར་མི་འདོད་ཕྱིར་རོ། །
གསུམ་པ་ནི། རྣམ་ཤེས་ཀྱི་རྟེན་གང་ཞིག རང་དང་ས་གཅིག་པའི་ཟག་བཅས་ཀྱི་གཟུགས་ཕུང་སོགས་བཞི་པོ་གང་རུང་གིས་བསྡུས་པ་ནི་འདིར་བསྟན་གྱི་རྣམ་ཤེས་གནས་པའི་མཚན་ཉིད་དོ། །རྣམ་ཤེས་ནི་རང་ཉིད་གནས་པ་པོ་ཡིན་པས་འདིར་བསྟན་གྱི་རྣམ་ཤེས་གནས་པ་མ་ཡིན་ནོ། །དཔེར་ན་རྒྱལ་པོ་ཉིད་རྒྱལ་པོའི་སྟན་མ་ཡིན་པ་བཞིན་ནོ། །རྒྱལ་དབང་མཛོད་༡༦༨ལས། འོ་ན། འདོད་པའི་གང་ཟག་གི་གཟུགས་ཕུང་དེ་བསམ་གཏན་དང་། གཟུགས་མེད་ཀྱི་དགེ་བའི་རྣམ་ཤེས་སྐྱེ་བའི་རྟེན་མི་རུང་བ་ཐལ་ལོ་ཞེས་དོགས་པ་བཀོད་ནས། ལན་དུ། རྩ་བར་རང་གི་ས་པ་ཉིད་ཅེས་པ་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ཞེས་སྨྲ་བ་ལ་འོས་མེད་ཅེས་བཤད་མོད། ཁོ་བོས་ནི་འདོད་པའི་གང་ཟག་གི་གཟུགས་ཕུང་དེ་སྤྱིར་བསམ་གཏན་གྱི་དགེ་བའི་རྟེན་དུ་འགྲོ་བ་ཡོད་ཀྱང་། འདིར་བསྟན་གྱི་རྣམ་ཤེས་གནས་པར་ནི་ངེས་པར་དུ་ས་གཅིག་དགོས་པར་འདོད་དེ། རང་འགྲེལ་༡༧༩ལས། ས་གཞན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནས་པ་ནི་བརྟེན་པ་ཡིན་ན། སྐལ་བ་མི་མཉམ་པའི་ས་པའི་ཕུང་པོ་དག་ལ་ནི་རྣམ་པར་ཤེས་པ་གནས་པ་སྲེད་པའི་དབང་གིས་མི་བརྟེན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྣམ་ཤེས་གནས་པ་བདུན་དང་བཞི་གཉིས་ལ་མུ་བཞི་གྲུབ་པ་སྟེ། མུ་དང་པོ་ནི། རྣམ་ཤེས་གནས་པ་བདུན་དུ་གཏོགས་པའི་རྣམ་པར་ཤེས་པ་རྣམས་སོ། །མུ་གཉིས་པ་ནི། ངན་སོང་དང་། བསམ་གཏན་བཞི་པ་དང་། སྲིད་རྩེ་བ་རྣམས་ཀྱི་རྣམ་ཤེས་ལས་གཞན་པའི་ཟག་བཅས་ཀྱི་ཕུང་པོ་རྣམས་སོ། །མུ་གསུམ་པ་ནི། རྣམ་ཤེས་གནས་པ་བདུན་དུ་གཏོགས་པའི་རྣམ་ཤེས་ལས་གཞན་པའི་ཕུང་པོ་བཞིའོ། །མུ་བཞི་པ་ནི། ངན་སོང་དང་། བསམ་གཏན་བཞི་པའི་རྣམ་ཤེས་དང་། སྲིད་རྩེ་བ་རྣམས་ཀྱིས་རྣམས་ཤེས་བཅས་སོ། །
 
འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །ཞེས་པའི་སྐབས་སུ། ཕལ་ཆེན་སྡེ་པ་རྣམས་ཀྱིས་བར་སྲིད་མེད་པའི་སྒྲུབ་བྱེད་དུ་བཀོད་པའི་དཔེ་འགོག་པའི་རིགས་པ་ལ་འཕྲོས་ནས་དོགས་པ་འདི་ཡོད་དེ། མེ་ལོང་ནང་གི་བྱེད་བཞིན་གྱི་གཟུགས་བརྙན་དེ་རྡུལ་དུ་གྲུབ་བམ་མ་གྲུབ།  དང་པོ་ལྟ་ན་མེ་ལོང་གི་རྡུལ་དུ་གྲུབ་བམ། དེ་ལས་ལོགས་ཤིག་ཏུ་རྡུལ་དུ་གྲུབ། གཟུགས་བརྙན་དེ་མེ་ལོང་གི་རྡུལ་གྱི་རྫས་སུ་གྲུབ་པར་རྒྱལ་དབང་མཛོད་ལས་བཤད་ཀྱང་། དཔྱད་པར་བྱ་སྟེ། འོ་ན་གཟུགས་བརྙན་གཡོ་འགུལ་བྱེད་པའི་ཚེ་མེ་ལོང་ཡང་གཡོ་འགུལ་བྱེད་པར་ཐལ་བར་འགྱུར་ཏེ། དེ་མེ་ལོང་དང་རྡུལ་རྫས་གཅིག་ཏུ་གྲུབ་པར་ཡིན་པའི་ཕྱིར། ཁྱབ་སྟེ། ཤིང་གཡོ་བའི་ཚེ་དེ་དང་རྡུལ་རྫས་གཅིག་ཏུ་གྲུབ་པའི་ཡལ་ག་གཡོ་བ་བཞིན་ནོ། །དེ་ལས་ལོགས་ཤིག་ཏུ་རྡུལ་དུ་གྲུབ་ན། མེ་ལོང་ནང་དུ་གཟུགས་བརྙན་གྱི་བྱེད་བཞིན་འཆར་མི་སྲིད་པར་ཐལ་བར་འགྱུར་ཏེ། གོ་ས་འགོ་ནུས་ཀྱི་རྡུལ་རྫས་སོ་སོར་གྲུབ་པའི་ཆོས་གཉིས་གོ་སར་གཅིག་ཏུ་གནས་མི་སྲིད་པའི་ཕྱིར་ཏེ། མཛོད་ལས། གཅིག་ན་ལྷན་ཅིག་གཉིས་མིན་ཕྱིར། །ཞེས་སོ། །གལ་ཏེ་བྱེ་སྨྲ་བའི་ལུགས་འདི་ལ་བྱེད་བཞིན་གྱི་གཟུགས་བརྙན་དེ་རྡུལ་གྱི་རྫས་སུ་མ་གྲུབ་སྟེ། མཛོད་ལས། གཟུགས་བརྙན་མ་གྲུབ་ཕྱིར་ན་དང་། །ཞེས་གསུངས་པའི་ཕྱིར་སྙམ་ན། དེ་ལྟར་ཁས་ལེན་དགོས་པ་ཡིན་མོད།  གནས་ལྔ་པའི་རྩ་བར། དུས་རྣམས་ཀུན་ཏུ་ཡོད་གསུངས་ཕྱིར། །གཉིས་ཕྱིར་ཡུལ་ཡོད་ཕྱིར་འབྲས་ཕྱིར།  ཞེས་པའི་སྐབས་སུ་དུས་གསུམ་རྫས་སུ་གྲུབ་པའི་སྒྲུབ་བྱེད་ལ་ཡུལ་མེད་ན་དམིགས་པ་མེད་པས་དེ་འཛིན་གྱི་རྣམ་ཤེས་མེད་པར་འགྱུར་ཞིང་། དེས་ན་འདས་མ་འོངས་ཤེས་པའི་རྣམ་ཤེས་ཡོད་པས་དེའི་དམིགས་པ་འདས་མ་འོངས་རྫས་སུ་གྲུབ་པར་གསུངས་ལ། དེ་ལྟར་ན་མེ་ལོང་ནང་གི་གཟུགས་བརྙན་ཤེས་པ་ཡོད་པས་བྱེད་བཞིན་གྱི་གཟུགས་བརྙན་ཡང་རྫས་གྲུབ་ཏུ་ཐལ་བས་གཞུང་གཉིས་པོ་མི་འགལ་བའི་ཚུལ་ལ་དཔྱད་པར་བྱའོ། །
 
དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ཞེས་པའི་སྐབས་སུ། བར་དོའི་ལུས་དེ་དབང་པོ་ཀུན་ཚང་ཡིན་མིན་ལ་དཔྱད་པ། དེ་ཐོགས་བཅས་ཡིན་མིན་དཔྱད་པ་གཉིས་ལས། དང་པོ་ནི། དོགས་པ་འདི་ཡོད་དེ། བར་སྲིད་ལ་གནས་པའི་སེམས་ཅན་ཡིན་ན་དབང་པོ་ཀུན་ཚང་ཡིན་དགོས་སམ་མི་དགོས།  དང་པོ་ལྟར་ན། དམུས་ལོང་དུ་སྐྱེ་འགྱུར་གྱི་བར་སྲིད་དེ་ལ་མིག་དབང་ཚང་བ་མིན་ཏེ། སྲིད་པ་དེ་གཉིས་འཕེན་བྱེད་ཀྱི་ལས་གཅིག་གིས་ཕོངས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གང་དུ་སྐྱེ་འགྱུར་གྱི་སྔོན་དུས་ཀྱི་སྲིད་པ་དང་། དེའི་བར་སྲིད་གཉིས་པོ་ཤ་ཚུགས་གཅིག་པ་ཡིན་པའི་སྒྲུབ་བྱེད། དེ་གཉིས་འཕེན་བྱེད་ཀྱི་ལས་གཅིག་ཡིན་པའི་གནད་ཀྱིས་སོ། །མཛོད་ལས། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་སོ། །ཕྱི་མ་ལྟར་ན། འདི་ཐད་རང་འགྲེལ་༡༩༠ལས། དབང་པོ་ལྔ་ཆར་ཚང་བ་ཡིན་ནོ། །ཞེས་དང་། ༡༩༢སྲིད་པ་བར་མའི་དབང་པོ་ཐམས་ཅད་ཚང་པ་ཡིན་པའི་ཕྱིར་དབང་པོ་མ་ཚང་བ་མ་ཡིན་པ་སྟེ་ཞེས་གསུངས་པ་དང་འགལ་ལོ། །
འོ་ན་ཇི་ལྟར་ངེས་པར་བྱ་སྙམ་ན། བར་སྲིད་དེ་སྤྱིར་དབང་པོ་ཀུན་ཚང་དུ་མ་ངེས་ལ། མཛོད་རྩ་འགྲེལ་གྱི་དགོངས་དོན་ནི་ཕལ་ཆེར་ཚང་བ་ཤས་ཆེ་བའམ། ཡང་ན་དབང་པོ་ཀུན་ཚང་བའམ་མ་ཚང་སྐྱེ་ཡང་རུང་། གང་དུ་སྐྱེ་འགྱུར་དེའི་དབང་པོའི་དོན་ཚང་བས་ན་དབང་པོ་ཀུན་ཚང་ཞེས་པའི་དོན་ཡིན་པར་པཎ་ཆེན་ངག་ཆོས་གྱིས་གསུངས་པ་ལྟར་རོ། །རོང་སྟོན་ཆེན་པོའི་དགོངས་པ་ཡང་ཡིན་ཏེ། ཤེས་བྱ་རབ་གསལ་༩༡ལས། འོ་ན་མིག་ལོང་དུ་སྐྱེ་བའི་བར་དོ་ལ་མིག་མེད་པས་དབང་ཀུན་ཚང་ཞེས་པ་མི་རུང་ངོ་ཞེ་ན། རྣམ་པ་ཀུན་ཏུ་འདྲ་བ་མ་ཡིན་ཡང་འདྲ་བར་འཇོག་སྟེ། བུ་ཕ་དང་འདྲ་ཞེས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་ནི། བར་དོའི་ལུས་དེ་རི་རབ་སོགས་གང་ལ་ཡང་ཐོགས་པ་མེད་པས་ན་དེ་ལྟར་བཤད་པ་ཡིན་གྱི། སྤྱིར་ཐོགས་བཅས་ཐོགས་མེད་གཉིས་ལས་ཐོགས་བཅས་ཡིན་ཏེ། རང་འགྲེལ༡༩༠ལས། ཐོགས་པ་ནི་རྡུགས་པའོ། །དེ་འདི་ལ་ཡོད་པས་ཐོགས་པ་དང་ལྡན་པའོ། །ཐོགས་པ་མེད་པ་དང་ལྡན་པས་ན་ཐོགས་མེད་ལྡན་ཏེ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་པའི་ཕྱིར་ཞེས་གསུངས་པའི་ཕྱིར། པཎ་ཆེན་གྱི་སྤྱི་དོན་རབ་གསལ་༢༨༢ལས། དགྲ་བཅོམ་པ་རྫུལ་འཕྲུལ་ཐོབ་པའི་ལུས་དེ་རི་རབ་སོགས་ལ་ཐོགས་མེད་དུ་འགྲོ་ཡང་ཐོགས་བཅས་ཡིན་པ་བཞིན་ནོ། །ཞེས་གསུངས་སོ། །
 

གནས་བཞི་པའི་དཀའ་བའི་གནས་ལ་དཔྱད་པ། 
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་སོགས་ཀྱི་སྐབས་སུ།  སྣོད་བཅུད་ཀྱི་འཇིག་རྟེན་བཟང་ངན་སྣ་ཚོགས་པ་འདི་རྣམས་ཕྱི་རོལ་པས་འདོད་པ་ལྟར་གྱི་རྒྱུ་མེད་པ་དང་དབང་ཕྱུག་སོགས་ལས་བྱུང་བ་མ་ཡིན་པར་སེམས་ཅན་རང་རང་གི་ལས་བཟང་ངན་སྣ་ཚོགས་པ་ལས་བྱུང་བར་གསུངས་པས་ལས་ཀྱི་རྣམ་གཞག་འདི་གནད་ཤིན་ཏུ་ཆེའོ། །འོ་ན་ལས་དེ་ཅི་ཞེ་ན། མདོ་ལས། སེམས་པ་དང་དེས་བྱས་པའི་བསམ་པའི་ལས་གཉིས་སུ་གསུངས་སོ། །འདིའི་དོན་ལ་མདོ་སྡེ་པ་དང་། མངོན་པ་གོང་འོག་གིས་བཀྲལ་ཚུལ་མི་འདྲ་བ་ཡོད་ཀྱང་། སྐབས་སུ་བབ་པ་མངོན་པ་འོག་མའི་ལུགས་ཡིན། དེ་ལ་སེམས་པའི་ལས་བཤད་པ་དང་། བསམ་པའི་ལས་བཤད་པ་གཉིས་ལས། དང་པོ་ལ་ངོ་བོ་ནི། ལུས་ངག་གང་རུང་གི་ལས་མངོན་པར་འདུ་བྱེད་ནུས་པའི་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་སེམས་བྱུང་སེམས་པ་ལ་འཇོག་གོ །འདི་ལ་མཁས་པ་དག་གི་ཁྲོད་ནས་བཞེད་ཚུལ་མི་འདྲ་བ་གཉིས་བྱུང་སྟེ།   པཎ་ཆེན་ངག་ཆོས་ཀྱིས་སེམས་པའི་ལས་སམ་ཡིད་ཀྱི་ལས་དེ་ལས་ལམ་ཡིན་གྱི་ལས་དངོས་མ་ཡིན་པར་བཤད་ལ།  མཆིམས་ནམ་མཁའ་གྲགས་ཀྱིས་ལས་མཚན་ཉིད་པ་ཡིན་པ་གསལ་བར་གསུངས་སོ། །འོ་ན། འཐད་པའི་ཕྱོགས་གང་ཡིན་ཞེ་ན། མཛོད་རྩ་འགྲེལ་གྱི་དགོངས་པ་ནི་ལུགས་ཕྱི་མ་ཉིད་ཡིན་ནམ་སྙམ་སྟེ། རྩ་བར། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །ཞེས་དང་། རང་འགྲེལ་༢༨༢ལས། ལས་གཉིས་པོ་དེ་དག་ནི་གསུམ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་སོ། །ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་། རྒྱས་པོའི་སྲས་དང་། སློབ་དཔོན་གང་སྤེལ། མཆིམས་འཇམ་དཔལ་དབྱངས་སོགས་རྒྱ་བོད་ཀྱི་མཁས་པ་ཕལ་ཆེར་གྱི་ཊིཀྐ་རྣམས་སུ་ལས་ཡིན་པ་གཞིར་བཞག་བྱས་ནས་གསུངས་འདུག་པའི་ཕྱིར་རོ། །རིགས་པས་ཀྱང་འདི་འཐད་དེ། ཡིད་ཀྱི་ལས་དེ་ལས་མ་ཡིན་ན། གཟུགས་མེད་ཁམས་ལ་གནས་པའི་གང་ཟག་གིས་ལས་གསར་དུ་གསོག་རྒྱུ་མེད་པ་ཐལ་བར་འགྱུར་ཏེ། ལས་ཡིན་ན་ལུས་ངག་གང་རུང་གི་ལས་ཡིན་དགོས་པ་གང་ཞིག  དེ་ཡིན་ན་གཟུགས་ཅན་ཡིན་དགོས་ཤིང་། དེ་ཡིན་ན་གཟུགས་མེད་ཁམས་ན་མེད་པས་ཁྱབ་པའི་ཕྱིར་ཏེ། གཟུགས་མེད་ཁམས་ན་གཟུགས་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ལ། བསམ་པའི་ལས་ཀྱི་ངོ་བོ་ནི། སེམས་བྱུང་སེམས་པའི་ལས་ཀྱིས་ཀུན་ནས་སློང་བའི་རབ་ཏུ་ཕྱེ་བའི་གཟུགས་ཅན་གྱི་དངོས་པོ་དང་དེའི་རིགས་སུ་གནས་པ་ལ་འཇོག་གོ །རྩ་བར། དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་སོ། །དབྱེ་ན། ལུས་ཀྱི་ལས་དང་།  ངག་གི་ལས་གཉིས་ལས། དང་པོ་ལ། ངོ་བོ་ནི། ཀུན་སློང་སེམས་པའི་ལས་ཀྱིས་ཀུན་ནས་བསླངས་ཤིང་རྣམ་སྨིན་གྱི་ལུས་ལ་བརྟེན་པའི་གཟུགས་ཅན་ནོ། །དབྱེ་ན། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ཡོད། ངོ་བོ་རིམ་བཞིན། དེ་གང་ཞིག  རང་གི་ཀུན་སློང་གི་སེམས་དེ་གཞན་ལ་རྣམ་པ་རིག་པར་བྱེད་ནུས་པའི་རྣམ་སྨིན་དང་རྒྱས་བྱུང་གི་ལུས་དང་རྫས་ཐ་དད་པའི་ལུས་ཀྱི་དབྱིབས་དང་། དེ་མི་ནུས་པ་ལ་འཇོག་གོ ། གཉིས་པ་ངག་གི་ལས་ལ། ངོ་བོ་ནི། རང་གི་ཀུན་སློང་སེམས་པའི་ལས་ཀྱིས་ཀུན་ནས་བསླངས་བའི་རབ་ཏུ་ཕྱེ་བའི་ངག་གི་རང་བཞིན་དང་དེ་ལ་བརྟེན་པའི་གཟུགས་ཅན་གང་རུང་གི་བསྡུས་པའོ། །དབྱེ་ན། ངག་གི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མིན་པ་གཉིས་ཡོད། ངོ་བོ་རིམ་བཞིན། དེ་གང་ཞིག  རང་གི་ཀུན་སློང་གི་སེམས་གཞན་ལ་རིག་པར་བྱེད་ནུས་པའི་ངག་གི་རང་བཞིན་གྱི་སྒྲ་དང་། དེ་མི་ནུས་པའོ། །འདིར་ངག་གི་རྣམ་པར་རིག་བྱེད་ཀྱི་ལས་དེ་ངག་སྒྲ་རང་མཚན་པ་ཡིན་པར་རྩ་འགྲེལ་དག་ལས་གསལ་བར་གསུངས་ལ། ངག་རིག་བྱེད་མིན་པའི་ལས་དེ་གང་ཡིན་འགྲེལ་བཤད་ཕལ་ཆེ་བ་ལས་མི་གསལ་ཡང་། པཎ་ཆེན་ངག་ཆོས་ཀྱིས། རིག་བྱེད་མ་ཡིན་པར་གྱུར་པའི་ངག་གི་སྒྲ་ནི་མེད་དེ། དེར་གྱུར་པའི་སྒྲ་མེད་པའི་ཕྱིར། ཞེས་གསུངས་ལྟར་ཁས་བླངས་ན་ལེགས་སྙམ། གལ་ཏེ་ངག་གི་རྣམ་པར་རིག་བྱེད་མ་ཡིན་པའི་ལས་མེད་དོ་སྙམ་ན། མི་འཐད་དེ། རང་འགྲེལ་༢༨༢ལས། ལུས་དང་ངག་གི་ལས་དེ་དག་ནི་སོ་སོར་རྣམ་པར་རིག་བྱེད་དང་། རྣམ་པར་རིག་པ་མ་ཡིན་པའི་རང་བཞིན་དག་ཏུ་རིག་པར་བྱའོ། །ཞེས་དང་། མདོ་ལས། ལུས་ཀྱི་ལས་གང་ཞེ་ན་ལུས་ཀྱི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའོ། །ངག་གི་ལས་གང་ཞེ་ན། ངག་གི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའོ། །ཞེས་ལུས་ངག་གཉིས་ཀའི་ལས་ལ་རྣམ་པར་རིག་བྱེད་དང་རྣམ་པར་མིན་པ་གཉིས་རེ་ཡོད་པ་གསལ་བར་གསུངས་པའི་ཕྱིར་རོ། །ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་མཚན་གཞི་སོགས་ལ་དོགས་སློང་དོགས་གཅོད་དང་བཅས་པ་པཎ་ཆེན་ཤཱཀ་མཆོག་སོགས་ཀྱི་ཊཱིཀ་དག་ལས་གསལ་བར་གསུངས་པས་འདི་བསྐྱར་དུ་འགོད་པ་ལ་དགོས་པ་མ་མཆིས་པས་ཤེས་པར་འདོད་ན་དེར་ལྟ་བར་བྱའོ། །
 
ཐར་པ། །དམ་པའི་དོན་དུ་དགེ་རྩ་བ། །ཞེས་སོགས་ཀྱི་སྐབས་སུ། དགེ་མི་དགེ་ལུང་མ་བསྟན་གསུམ་ལས། དང་པོ་ལ། དགེ་བའི་མཚན་ཉིད་ནི། ལུང་དུ་བསྟན་པ་གང་ཞིག  །སྐྱེས་བུ་དམ་པའི་བསྔགས་པར་འོས་པའོ། །དགེ་བའི་ལས་ཀྱི་མཚན་ཉིད་ནི། ལུང་དུ་བསྟན་པ་གང་ཞིག  །རང་གི་འབྲས་བུ་བདེ་བ་འབྱིན་པའི་རིགས་སུ་གནས་པའོ། །འདིར་རིགས་གནས་མ་སྦྱར་ན་རྣམ་སྨིན་མྱོང་བར་མ་ངེས་པའི་དགེ་བའི་ལས་ལ་མ་ཁྱབ་པའི་སྐྱོན་ཡོད་ཅེས་པཎ་ཆེན་ངག་ཆོས་ཀྱིས་གསུངས་སོ། །དབྱེ་བ་ནི། དོན་དམ་པའི་དགེ་བ་དང་། ངོ་བོ་ཉིད་ཀྱི་དགེ་བ་དང་། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི་དགེ་བ་སྟེ་བཞིའོ། །གཉིས་པ་ལ། མི་དགེ་བའི་མཚན་ཉིད་ནི། ལུང་དུ་བསྟན་པ་གང་ཞིག སྐྱེས་བུ་དམ་པས་སྤང་བར་བྱ་བའོ། །མི་དགེ་བའི་ལས་ཀྱི་མཚན་ཉིད་ནི། ལུང་དུ་བསྟན་པའི་ལས་གང་ཞིག  རང་གི་འབྲས་བུ་སྡུག་བསྔལ་འབྱིན་པར་བྱེད་པའི་རིགས་སུ་གནས་པའོ། །དབྱེ་བ་ལ་སྔ་ལྟར་བཞིའོ། །དགེ་བའི་དབྱེ་བ་བཞི་པོ་གང་རུང་ཡིན་ན་དགེ་བ་ཡིན་པའི་ཁྱབ་ཀྱང་། མི་དགེ་བའི་དབྱེ་བ་བཞི་པོ་གང་རུང་ཡིན་ན་མི་དགེ་བ་ཡིན་པས་མ་ཁྱབ་པར་ཁས་ལེན་དགོས་ཏེ། འཁོར་བ་དོན་དམ་པའི་མི་དགེ་བ་ཡིན་པ་གང་ཞིག ། དེ་ཡིན་ན་མི་དགེ་བ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། ཁམས་གསུམ་གང་རུང་གི་སས་བསྡུས་ཀྱི་དགེ་བ་ཟག་བཅས་མང་དུ་ཡོད་པའི་ཕྱིར་རོ། །གསུམ་པ་ལ། ལུང་མ་བསྟན་པའི་མཚན་ཉིད་ནི། དགེ་མི་དགེ་གང་རུང་མ་ཡིན་པར་གྱུར་པའི་ཆོས་སོ། །ལུང་མ་བསྟན་པའི་ལས་ཀྱི་མཚན་ཉིད་ནི། དགེ་བ་དང་མི་དགེ་བ་གང་རུང་མ་ཡིན་པར་གྱུར་པའི་ལུས་ངག་གི་ལས་རྣམས་ཀྱི་འབྲས་བུ་བདེ་བ་དང་། སྡུག་བསྔལ་གང་ཡང་འབྱིན་མི་ནུས་པའི་ལས་སོ། །དབྱེ་ན་སྔ་ལྟར་བཞིའོ། །འདི་དག་ནི་པཎ་ངག་ཆོས་ཀྱི་ལེགས་བཤད་ལ་གཞིར་བྱས་ཏེ་བཤད་པའོ། །
 
ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །ཞེས་སོགས་ཀྱི་སྐབས་སུ། སྤྱིར་ལས་བཟང་ངན་སྣ་ཚོགས་པ་འདི་རྣམས་གཙོ་བོར་ཀུན་སློང་བཟང་ངན་ལ་རག་ལས་པས། ཀུན་སློང་གི་རྣམ་གཞག་འདི་ཤིན་ཏུ་གཅེས་སོ། ། སྤྱིར་ཀུན་སློང་ལ་རྒྱུའི་ཀུན་སློང་དང་། དུས་ཀྱི་ཀུན་སློང་གཉིས་ཡོད་པ་ལས། དང་པོའི་མཚན་ཉིད་ནི། བྱ་བ་དེ་དང་དེ་ལ་མ་ཞུགས་པར་འདི་དང་འདི་བྱའོ་ཞེས་རབ་ཏུ་འཇུག་པར་བྱེད་པ་ལ་འཇོག་གོ །གཉིས་པའི་མཚན་ཉིད་ནི། རྒྱུའི་ཀུན་སློང་དེའི་རྗེས་སུ་བྱ་བ་ལ་དངོས་སུ་ཞུགས་པའི་དུས་ཀྱི་རྣམ་སྨིན་མ་ཡིན་པའི་སེམས་དང་སེམས་པ་ལ་སོགས་པའོ། །
འདིར་དཔྱད་དགོས་པའི་དཀའ་བའི་གནས་ཤིག་ཡོད་པ་ནི། མཛོད་ལས། མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན་ཡིད་ནི། །བསྒོམ་པས་སྤང་བྱ་གཉིས་ཀ་ཡིན། །ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། །ཞེས་དང་། རང་འགྲེལ་༣༠༠ལས། འདི་ནི་མུ་བཞིར་འགྱུར་ཏེ། མཐོང་བས་སྤང་བར་བྱ་བའི་སེམས་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཀ་ཡིན་ནོ། །ཟག་པ་མེད་པ་ནི་གཉི་ག་མ་ཡིན་ནོ། །ཞེས་གསུངས་སོ། ། འོ་ན། མཐོང་སྤང་དེ་རྒྱུའི་ཀུན་སློང་ཁོ་ན་འགྲོ་ལ་དུས་ཀྱི་ཀུན་སློང་མི་འགྲོ་པའི་རྒྱུ་མཚན་ཅི་ཞེ་ན། རང་འགྲེལ་༣༠༠ལས། མཐོང་བས་སྤང་བར་བྱ་བའི་སེམས་ནི་དེ་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་དཔྱོད་པ་དག་གི་གཞིར་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་རབ་ཏུ་འཇུག་པར་བྱེད་པ་ཡིན་གྱི། སེམས་ཁ་ཕྱིར་བལྟས་པའི་བྱ་བའི་དུས་ན་དེ་མེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་དང་། འགྲེལ་བཤད་ཕལ་མོ་ཆེར་ལས་ཁ་ནང་བལྟས་ཡིན་པའི་རྒྱུ་མཚན་ཡིན་པར་གསུངས། དེ་བཞིན་དུ་མིག་གི་རྣམ་ཤེས་སོགས་ལྔ་ནི་ཁ་ཕྱིར་བལྟས་ཡིན་པའི་ཕྱིར་ན་དུས་ཀྱི་ཀུན་སློང་ཁོ་ན་དང་། སྒོམ་སྤང་ཡིད་ཀྱི་རྣམ་ཤེས་ནི་ཁ་ཕྱིར་བལྟས་དང་ནང་བལྟས་གཉིས་ཀ་ཡོད་པས་ཀུན་སློང་གཉིས་ཀ་ཡོད་པ་དང་། ཟག་མེད་ཀྱི་ཤེས་པ་ནི་མཉམ་པར་གཞག་པའི་ཁ་ནང་བལྟས་ཡིན་པས་གཉིས་ཀ་མིན་པར་གསུངས་ལ། འོན་ཀྱང་འདིར་བསྟན་གྱི་ཁ་ནང་བལྟས་དང་ཕྱིར་བལྟས་ཞེས་པའི་དོན་གང་ལ་འཇོག་དགོས་མིན་དང་། སྒྲུབ་བྱེད་དང་བསྒྲུབ་བྱའི་བར་གྱི་འབྲེལ་བ་དག་ཕུ་ཐག་ཆོད་པ་ཞིག་ངེས་དཀའ་བར་སྣང་མོད། འོན་ཀྱང་དཔྱད་གཞི་ཙམ་ཞིག་རྙེད་ནའང་ཕན་ཐོགས་ཡོད་པར་མྱོང་བས་གྲུབ་པས། ཁོ་བོའི་རྟོག་ངོར་འཆར་ཚུལ་ཙམ་ཞིག་བརྗོད་ན་འདི་ལྟར། བོ་དོང་པཎ་ཆེན་གྱི་ཊིཀ་༡༢༨ལས། འདི་བསྟན་གྱི་ཁ་ནང་བལྟས་དང་རྟོག་བཅས་དོན་གཅིག་ཅིང་།  ཁ་ཕྱིར་བལྟས་དང་རྟོགས་མེད་དོན་གཅིག་ཏུ་གསུངས། རྟོག་བཅས་རྟོག་མེད་ཀྱི་དོན་ཡང་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་མེད་ལ་གོ་དགོས་པར་པཎ་ཆེན་ངག་ཆོས་ཀྱི་ཊིཀ་༣༠༦ལས་གསལ། སློབ་དཔོན་རྒྱལ་པོའི་སྲས་དང་གང་སྤེལ་གཉིས་ཀྱི་ཊིཀྐ་ལས་ཟག་མེད་ཀྱི་ཤེས་པ་ཁ་ནང་བལྟས་ཡིན་པར་གསུངས། དེས་ན་མཉམ་པར་གཞག་པའི་དོན་ལ་ཁ་ནང་བལྟས་འཇོག་པ་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ལ་ཁ་ནང་བལྟས་བཞག་པའི་ཚུལ་གཉིས་ཡོད་ལ། དང་པོ་ནི། གནས་ལྔ་པར་། ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་བའི་འདུ་ཤེས་བཟློག་ཕྱིར་བཤད། །ཅེས་དང་། དེ་ལུང་མ་བསྟན་ཁ་ནང་བལྟས། །མཉམ་བཞག་ས་པའི་ཕྱིར་གཅིག་བྱས། །ཞེས་པའི་སྐབས་ཀྱི་ཁ་ནང་བལྟས་དང་དོན་གཅིག་ཡིན་ལ། དེ་ཡིན་ན་ཀུན་སློང་གཉིས་པོ་གང་ཡང་མ་ཡིན་པས་ཁྱབ་སྟེ། ཟག་མེད་ཀྱི་ཤེས་པ་ཀུན་སློང་གཉིས་ཀ་མིན་པའི་སྒྲུབ་བྱེད་ལ། རྒྱལ་སྲས་མ་༢༤༠དང་། མཚན་ཉིད་རྗེས་འབྲང་༢༥༤གཉིས་ཀ་ལས་མཉམ་པར་གཞག་པའི་ཁ་ནང་བལྟས་ཡིན་པར་གསུངས་པས་གྲུབ་པའི་ཕྱིར་རོ། །མདོར་ན། ཀུན་སློང་འགྲོ་བ་ལ་རྟོག་དཔྱོད་གང་རུང་ངེས་པར་དུ་ལྡན་དགོས་ཏེ། གནས་བརྒྱད་པར། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །ཞེས་བསམ་གཏན་གཉིས་པའི་སས་བསྡུས་ཀྱི་ཀུན་སློང་མེད་པར་གསུངས་པའི་གནད་ཀྱིས་སོ། །དེ་ཡང་རྒྱུའི་ཀུན་སློང་ལ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་པའི་རྟོག་དཔྱོད་དགོས་པ་དང་། དུས་ཀྱི་ཀུན་སློང་ལ་རྟོག་དཔྱོད་དང་ལྡན་པའི་རྣམ་ཤེས་སོགས་དགོས་པར་གྲུབ་ལ། ཀུན་སློང་ཡིན་ན་རྣམ་སྨིན་མ་ཡིན་དགོས་ཏེ། རྣམ་སྨིན་ལས་སྐྱེས་གཉིས་ཀ་མིན། །ཞེས་གསུངས་པའི་ཕྱིར་རོ། །
དེ་ལྟར་ན་མཐོང་སྤང་དང་འདིར་བསྟན་གྱི་ཁ་ནང་བལྟས་གྱུར་པའི་སྒོམ་སྤང་ལ་རྒྱུའི་ཀུན་སློང་ཁོ་ན་ལས་དུས་ཀྱི་ཀུན་སློང་གཏན་མེད་པ་དང་། དུས་ཀྱི་ཀུན་སློང་ལ་རྟོག་མེད་ཁ་ཕྱིར་བལྟས་ཁོ་ན་ཡིན་པར་འདོད་དགོས་སོ། །འོ་ན་ཁ་ཕྱིར་བལྟས་ཀྱི་མིག་གི་རྣམ་པར་ཤེས་པ་སོགས་དུས་ཀྱི་ཀུན་སློང་འགྲོ་ཚུལ་ཇི་ལྟར་ཞེ་ན། དུས་ཀྱི་ཀུན་སློང་ནི་འདི་དང་འདི་བྱའོ་སྙམ་པ་ལྟ་བུ་མ་ཡིན་གྱི་བྱ་བ་དེ་ལ་དངོས་སུ་ཞུགས་པའམ་མཐུན་པར་འཇུག་པར་ཙམ་ལ་འཇོག་སྟེ། དཔེར་ན་སྲོག་གཅོད་བཞིན་པའི་གནས་སྐབས་སུ་མིག་ཤེས་དེས་བྱ་བ་ལ་དངོས་སུ་ཞུགས་པས་དུས་ཀྱི་ཀུན་སློང་འགྲོ་བ་ཡིན་གྱི། དེའི་ཚེ་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་ཡོད་ཀྱང་མིག་ཤེས་ལྟ་བུའི་བྱ་བ་ལ་དངོས་སུ་མི་ཞུགས་པས་དུས་ཀྱི་ཀུན་སློང་མི་འགྲོ་ལ། འདི་ལ་དགོངས་ནས་རང་འགྲེལ་༢༩༩ལས། བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པའོ། །ཞེས་དང་། རྒྱལ་སྲས་མ་༢༤༠ལས། ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བ་ཡིན་ཏེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞེས་དང་། གང་བ་སྤེལ་༢༥༤ལས། ལྔ་ནི་རྗེས་སུ་འཇུག་བྱེད་ཁོ་ན་ཡིན་གྱི་ཞེས་དང་། ལྔ་པོ་དེས་དཔྱོད་པར་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་པས་དེ་ལྟར་ཡིན་ནམ་སྙམ་སྟེ་འཐད་མིན་དཔྱོད་ལྡན་དག་གིས་དཔྱད་པར་འཚལ། 
 
སྲིད་པ་བར་མ་འདོད་ཁམས་སུ། །འཕེན་པ་རྣམ་པ་ཉི་ཤུ་གཉིས། །ཞེས་སོགས་ཀྱི་སྐབས་སུ། འདོད་པའི་བར་སྲིད་ཀྱི་རྟེན་ལ་ལས་ཀྱི་འཕེན་པ་ཉེར་གཉིས་ཡོད་པར་བཤད་པ་ལས། མྱོང་བར་ངེས་པ་བཅུ་གཅིག་པོ་དེ་མཐོང་ཆོས་མྱོང་འགྱུར་གྱི་ལས་སོགས་གསུམ་པོ་གང་ཡིན་ཞེ་ན། མཐོང་ཆོས་མྱོང་འགྱུར་གྱི་ལས་ཀྱི་མ་ཡིན་ཏེ། མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་ན་རྟེན་དེ་དང་དེར་བསགས་པའི་ལས་ཀྱི་འབྲས་བུ་སྐྱེ་བ་དེ་ཉིད་ལ་མྱོང་ངེས་ཡིན་དགོས་པ་གང་ཞིག བར་སྲིད་གྱི་རྟེན་ལ་མངལ་གྱི་གནས་སྐབས་ལྔ་དང་། སྐྱེས་བའི་གནས་སྐབས་ལྔར་བཤད་པ་དག་མྱོང་བར་མེད་པའི་ཕྱིར། གལ་ཏེ་བར་སྲིད་རང་ཉིད་དུ་མྱོང་བར་ངེས་པ་ཞིག་ཡོད་པ་གང་ཞིག དེའི་ལས་དེ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་ནོ་སྙམ་ན། དེ་ཡང་མ་ཡིན་ཏེ། འབྲས་བུའི་གནས་སྐབས་བཅུ་གཅིག་པོ་ནི་སྐྱེ་བ་སྔོན་གྱི་རྟེན་ལ་བསགས་པའི་ལས་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། རྩ་བར་། དེ་ནི་རིགས་གཅིག་ཁོ་ན་ཡིན། །ཞེས་དང་། གནས་གསུམ་པར། དེ་ནི་འཕེན་པ་གཅིག་པའི་ཕྱིར། །ཞེས་དང་། རང་འགྲེལ་༣༤༠ལས། དེ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ནས་འཕངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་བར་སྲིད་ཀྱི་རྟེན་ལ་གནས་སྐབས་ཉེར་གཉིས་ཀྱི་འཕེན་བྱེད་ཀྱི་ལས་ཡོད་པར་བཤད་པ་ནི། བར་སྲིད་ཀྱི་རྟེན་ལ་སྐྱེ་བ་སྔོན་ལ་བསགས་པའི་ལས་ཀྱི་འབྲས་བུ་དེ་གྲུབ་མ་ཚར་བའི་རྒྱུ་མཚན་གྱིས་ཡོད་པར་བཤད་པ་ཡིན་གྱི། བར་སྲིད་དུ་གསར་དུ་གསོག་པའི་དོན་མ་ཡིན་ཏེ། བྱེ་སྨྲ་བའི་ལུགས་ལ་བར་སྲིད་ལ་ལས་གསར་དུ་གསོག་རྒྱུ་མེད་པའི་ཕྱིར་ཏེ། མི་ཟློག་དེ་ནི་དྲི་ཟའོ། །ཞེས་འགྲོ་བ་གང་དུ་སྐྱེ་བའི་བར་སྲིད་དེ་འགྲོ་བ་གཞན་དུ་ཟློག་རྒྱུ་མེད་པར་གསུངས་པའི་གནད་ཀྱིས་གྲུབ་པའི་ཕྱིར། དེས་ན་མྱོང་ངེས་ཀྱི་ལས་དེ་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གང་རུང་ཡིན་གྱི་མཐོང་ཆོས་མྱོང་འགྱུར་གྱི་ལས་མ་ཡིན་ནོ། །འོ་ན། རྩ་བར། དེ་ནི་མཐོང་ཆོས་འབྲས་བུ་ཡིན། །ཞེས་དང་། རང་འགྲེལ་༣༤༠ལས། སྲིད་པ་བར་མའི་ལས་ངེས་པ་རྣམ་པ་བཅུ་གཅིག་བཤད་པ་གང་ཡིན་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཡིན་པར་རིག་པར་བྱའོ། །ཞེས་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་དག་ནི་མཐོང་ཆོས་མྱོང་འགྱུར་གྱི་ལས་དངོས་མ་ཡིན་པར་རྒྱལ་དབང་བློ་བཟང་འཕྲིན་ལས་ཀྱིས་གསུངས་པ་ལྟར་ཡིན་པས་སྐྱོན་མེད་དོ། །སྲིད་པ་བར་མར་ཡོད་པའི་ལས་དེ་ལ་མཐོང་ཆོས་འབྲས་བུ་ཅན་གྱི་ལས་ཞེས་བཏགས་པའི་དགོས་པ་ནི། བར་སྲིད་པ་དེ་དང་འབྲས་བུའི་གནས་སྐབས་བཅུ་གཅིག་པོ་དེ་དག་ལས་གཅིག་གིས་འཕངས་པའི་རིས་མཐུན་གཅིག་ཁོ་ན་ལས་དེ་གཉིས་ཀྱི་བར་དུ་སྐྱེ་བ་གཞན་གྱིས་མ་ཆོད་པ་ཡིན་ཞིང་། དེ་ཡང་ལས་དེ་བསགས་པའི་སྐྱེས་བ་སྔ་མ་ནི་རྫོགས་ཟིན། ལས་དེས་འཕངས་པའི་འཕངས་འབྲས་མ་རྫོགས་པ་རྟེན་དེར་ཡོད་པའི་རྒྱུ་མཚན་གྱིས་སོ། །འཐད་མིན་དཔྱོད་པར་འཚལ། །
 

གནས་ལྔ་པའི་དཀའ་བའི་གནས་ལ་དཔྱད་པ། 
སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་སོགས་ཀྱི་སྐབས་སུ། ལས་ཀྱིས་ཡང་སྲིད་ཕྱི་མ་འཕེན་པ་དང་། འགྲུབ་པར་བྱེད་པའི་རྩ་བ་ཕྲ་རྒྱས་ཉིད་ལ་ཐུག་པས་ཕྲ་རྒྱས་ཀྱི་རྣམ་པར་གཞག་པ་ལ།  སྤྱི་ཙམ་གྱིས་དབྱེ་ན། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་ཉོན་མོངས་ཅན་དང་། ཐེ་ཚོམ་ཉོན་མོངས་ཅན་ཏེ་དྲུག་དང་། རྒྱས་པར་ཕྱེ་ན་ལྟ་བ་ལ་འཇིག་ལྟ། ལོག་ལྟ། མཐར་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཏེ་ལྔར་ཕྱེ་བས་བཅུ་ཡོད་དོ། །ཕྲ་རྒྱས་བཅུ་པོ་དེ་ཡང་ཁམས་དང་སྤང་བྱའི་རིས་ཀྱི་སྒོ་ནས་དབྱེ་ན་དགུ་བཅུ་རྩ་བརྒྱད་དུ་འགྱུར་བར་གསུངས་པ་རྣམས། མདོར་བསྡུ་ན་མཐོང་སྤང་དང་སྒོམ་སྤང་གཉིས་སུ་འདུས་ཏེ། རང་འགྲེལ་༤༠༦ལས། ཕྲ་རྒྱས་དེ་དག་ནི་མདོར་བསྡུ་ན་ཁམས་གསུམ་པའི་མཐོང་བའི་སྤང་བར་བྱ་བ་དང་། བསྒོམ་པའི་སྤང་བར་བྱ་བ་དག་ཡིན་ནོ། །ཞེས་སོ། །
འདི་ལ་འཕྲོས་ནས་མཐོང་སྒོམ་གཉིས་ཀྱི་སྤང་བྱའི་དོགས་དཔྱོད་ལ། མཐོང་སྤང་དང་སྒོམ་སྤང་གི་ངོ་བོ་ལ་དཔྱད། སྤང་བྱ་གཉིས་པོ་གཞི་མཐུན་ཡོད་མེད་ལ་དཔྱད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། མཐོང་སྤང་བཤད་པ། སྒོམ་སྤང་བཤད་པ། དེ་གཉིས་ཀྱི་དཀའ་གནས་ལ་དཔྱད་པའོ། །དང་པོ་ལ། མཐོང་སྤང་གི་མཚན་ཉིད་ནི། ཡིད་ཀྱི་རྣམ་ཤེས་ཁོ་ན་དང་མཚུངས་པར་ལྡན་པའི་ཉོན་མོངས་ཅན་དང་དེའི་ཐོབ་པ་རྗེས་འབྲང་དང་བཅས་པ་གང་ཞིག  བདེན་བཞི་གང་རུང་གི་གནས་ལུགས་དངོས་སུ་མཐོང་བ་ཙམ་གྱིས་སྤང་བར་བྱ་བའི་རིགས་སུ་གནས་པ་ལ་འཇོག་སྟེ། གནས་དང་པོར། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་དང་། རང་འགྲེལ་༤༠༧ལས། དེ་དག་ནི་མཐོང་བས་སྤང་བར་བྱ་བ་དག་ཡིན་ཏེ། བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་རོ། །ཞེས་སོ། །དབྱེ་ན། སྡུག་བསྔལ་མཐོང་སྤང་ཡིན་པ་ཉི་ཤུ་རྩ་བརྒྱད། ཀུན་འབྱུང་མཐོང་སྤང་བཅུ་དགུ། འགོག་པ་མཐོང་སྤང་བཅུ་དགུ། ལམ་མཐོང་སྤང་ཉི་ཤུ་རྩ་གཉིས་ཏེ་བསྡོམས་ན་བརྒྱད་ཅུ་རྩ་བརྒྱད་ཡོད། སོ་སོའི་མཚན་གཞི་གཞུང་ལས་གསལ། གཉིས་པ་ལ། སྒོམ་སྤང་གི་མཚན་ཉིད་ནི། བདེན་བཞིའི་གནས་ལུགས་དངོས་སུ་མཐོང་ཟིན་པའི་རྗེས་སུ་ལམ་གོམས་པས་སྤང་བར་བྱ་བའི་རིགས་སུ་གནས་པའི་ཉོན་མོངས་དང་། ཀུན་བཏགས་མིན་པའི་ཟག་བཅས་གང་རུང་གི་བསྡུས་པའོ། །རང་འགྲེལ་༤༠༧ལས། བདེན་པ་མཐོང་བས་ཕྱིས་ལམ་གོམས་པར་བྱས་པས་སྤོང་བའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་༤༢ལས། ཟག་པ་དང་བཅས་པ་ལྷག་མ་རྣམས་ནི་བསྒོམས་པས་སྤང་བར་བྱ་བ་དག་ཡིན་ནོ། །ཞེས་སོ། །དབྱེ་ན། ལྟ་མིན་བཞི་ལས་ལྷན་སྐྱེས་ཡིན་པ་བཞི་དང་། དེ་ཉིད་ཁམས་གྱིས་དབྱེ་བའི་བཅུ་དང་། མཐོང་སྤང་ལས་གཞན་པའི་ཟག་བཅས་ཐམས་ཅད་དོ། །བྱེ་སྨྲ་བའི་ལུགས་འདིར་ལམ་བདེན་མ་ཡིན་པའི་འདུས་བྱས་ལ་ཟག་བཅས་ཀྱིས་ཁྱབ་པ་དང་། མཐོང་སྤང་ལས་གཞན་པའི་ཟག་བཅས་མཐའ་དག་སྒོམ་སྤང་དུ་འདོད་པ་ནི་ལྷག་མེད་མྱང་འདས་ཀྱི་ཚེ་ཟག་བཅས་རྒྱུན་དང་བཅས་པ་སྤང་དགོས་པ་ལ་བསམ་པར་སྣང་། དེ་ལྟར་ན་སྒོམ་སྤང་ལ་སྤང་བྱ་ཡིན་པས་ཁྱབ་པ་ཁས་བླངས་ན། རྣམ་གྲོལ་སྒྲུབ་པ་ལ་མེད་མི་རུང་དུ་ཉམས་སུ་ལེན་དགོས་པའི་ཟག་བཅས་དགེ་བ་སྤྱིན་པ་ལ་སོགས་པ་མང་པོ་ཞིག་སྒོམ་སྤང་ཡིན་པས་སྤང་བླང་གཉིས་མི་འགལ་བར་འདོད་དགོས་ལ། དེ་ནི་ཅུང་མི་མཛེས་པས་སྒོམ་སྤང་ཡིན་ན་སྤང་བྱ་ཡིན་པས་མ་ཁྱབ་པར་འདོད་ན་ལེགས་ཞེས་རྒྱལ་དབང་མཛོད་ལས་གསུངས་མོད། དོན་ལ་གང་བྱས་ཀྱང་འགལ་བར་མེད་དོ། །
གསུམ་པ་དེ་གཉིས་ཀྱི་དཀའ་གནས་ལ་དཔྱད་པ་ནི། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་པའི་སྐབས་སུ་མཐོང་སྤང་སྤངས་བ་ལས་ཉམས་རྒྱུ་མེད་པ་དང་སྒོམ་སྤང་སྤངས་བ་ལས་ཉམས་རྒྱུ་ཡོད་ཅེས་གསུངས་ཤིང་། དེའི་རྒྱུ་མཚན་ལ་མཐོང་སྤང་གཞི་མེད་ཡིན་པའི་དང་། སྒོམ་སྤང་གཞི་བཅས་ཡིན་པའི་གནད་ཀྱིས་ཡིན་པ་བཤད་ལ། དེས་ན་གཞི་བཅས་གཞི་མེད་ཀྱི་དོན་གང་ལ་འཇོག་དགོས་མིན་བརྟག་པར་བྱ་སྟེ། གལ་ཏེ་སྤང་བྱ་ཕྲ་རྒྱས་ཀྱི་དམིགས་ཡུལ་དེ་གཞི་གྲུབ་མ་གྲུབ་ལ་འཇོག་ན། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་འཇིག་ལྟ་དེ་སྤང་བྱ་གཞི་མེད་མ་ཡིན་པར་ཐལ་བར་འགྱུར་ཏེ། རང་རྒྱུད་ཀྱིས་བསྡུས་པའི་ཉེར་ཕུང་དེའི་དམིགས་ཡུལ་ཡིན་པ་གང་ཞིག དེ་གཞི་གྲུབ་པའི་ཕྱིར། རང་འགྲེལ་༥༢༦ལས། འོ་ན་མེད་པ་ལ་དམིགས་པར་འགྱུར་རོ་ཞེ་ན། བདེན་པ་ལ་དམིགས་པའི་ཕྱིར་མེད་པ་ལ་དམིགས་པ་ནི་མ་ཡིན་གྱི་ཕྱིན་ཅི་ལོག་དུ་དམིགས་དག་ནི་ཡིན་ནོ། །ཞེས་སོ། །ཉོན་མོངས་དེའི་འཛིན་སྟངས་གཟུང་བྱ་གཞི་གྲུབ་མ་གྲུབ་ལ་འཇོག་ན། འགྲེལ་བཤད་ཕལ་ཆེ་བ་ཞིག་ཏུ་གཞི་བཅས་གཞི་མེད་ཀྱི་དོན་འཛིན་སྟངས་ཀྱི་གཟུང་བྱ་ཡོད་མེད་ལ་བཞག་པ་ལྟར་སྣང་མོད། འོན་ཀྱང་དོགས་པ་འདི་ཡོད་དེ། སྒོམ་སྤང་དུ་འགྱུར་པའི་བདག་གི་ཡོན་ཏན་མེད་པ་ལ་ཡོན་ཏན་དང་ལྡན་ནོ་སྙམ་པའི་ལོག་པའི་ང་རྒྱལ་དེ་སྤང་བྱ་གཞི་མེད་ཡིན་པས་མཐོང་སྤང་ཡིན་པར་ཐལ་ལོ། །དེ་སྤང་བྱ་གཞི་མེད་ཡིན་ཏེ། བདག་གི་ཡོན་ཏན་མེད་པ་ལ་ཡོན་ཏན་དང་ལྡན་པ་དེ་དེའི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་པ་གང་ཞིག དེ་གཞི་མ་གྲུབ་པའི་ཕྱིར། རྒྱལ་སྲས་མ་ལས།  མངོན་པའི་ང་རྒྱལ་ནི་ཁྱད་པར་ཐོབ་པར་བྱ་བ་དང་འདྲ་བའི་ཡོན་ཏན་ཐོབ་པའི་བསམ་པ་ཡིན་པས་གཞི་དང་བཅས་པ་ཡིན་ལ། ལོག་པའི་ང་རྒྱལ་ནི་ཡོན་ཏན་མེད་པ་ལ་བདག་གི་ཡོན་ཏན་དང་ལྡན་ནོ་སྙམ་པ་ཡིན་པས་གཞི་མེད་པ་ཡིན་ནོ། །ཞེས་དང་། དེ་བཞིན་དུ། འགྲེལ་པ་མངོན་པའི་རྒྱན་ལས། འོ་ན་མངོན་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན། མངོན་པའི་ང་རྒྱལ་ནི་ཁྱད་པར་ཐོབ་པར་བྱ་བ་དང་འདྲ་བའི་ཡོན་ཏན་ཐོབ་པའི་བསམ་པ་ཡིན་པས་གཞི་དང་བཅས་པ་ཡིན་ལ། ལོག་པའི་ང་རྒྱལ་ནི་ཡོན་ཏན་མེད་པ་ལ་བདག་གི་ཡོན་ཏན་དང་ལྡན་ནོ་སྙམ་པ་ཡིན་པས་གཞི་མེད་པ་ཡིན་ནོ། ། ཞེས་གསུངས་སོ། །
གལ་ཏེ་སྒོམ་སྤང་དུ་གྱུར་པའི་ལོག་པའི་ང་རྒྱལ་མེད་དོ་ཞེ་ན།  མི་འཐད་དེ། ལོག་པའི་ང་རྒྱལ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཡོད་པའི་ཕྱིར་ཏེ། མཛོད་ལས། ང་རྒྱལ་བདུན་རྣམས་དགུ་གསུམ་པོ། །མཐོང་དང་སྒོམ་པས་ཟད་བྱ་བ། །ཞེས་དང་། རང་འགྲེལ་ལས། ཐམས་ཅད་མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བཤད་པར་འགྱུར་རོ།། ཞེས་དང་།  སློབ་དཔོན་གང་སྤེལ་གྱི་མཚན་ཉིད་རྗེས་འབྲངས་ལས། ཁ་ཅིག་ན་རེ་ངའོ་སྙམ་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་ནི་མཐོང་བས་སྤང་བ་བྱ་བར་ཡིན་ལ། ལྷག་མ་ནི་མཐོང་བ་དང་སྒོམ་པས་སྤང་བ་བྱ་བར་ཡིན་ནོ་ཞེས་པ་དེ་བསལ་བའི་ཕྱིར། ཐམས་ཅད་སྨོས་སོ། ། ཐམས་ཅད་སྨོས་པས་ནི། ལྷག་མ་རྣམས་ཁོ་ནར་མ་ཟད་ཀྱི་ངའོ་སྙམ་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་གཉིས་ཀྱང་མཐོང་བས་སྤང་བ་བྱ་བ་དང་། སྒོམ་པས་སྤང་བར་བྱ་བ་གཉིས་ཀ་ཡིན་ནོ་ཞེས་བསྟན་པར་བྱ་བ་ཡིན་ནོ། །ཞེས་དང་། འགྲེལ་པ་མངོན་པའི་རྒྱན་༢༦ལས། ཁ་ཅིག་ངའོ་སྙམ་པའི་རྒྱལ་དང་ལོག་པའི་ང་རྒྱལ་ནི་མཐོང་སྤང་ཡིན་ལ། གཞན་ལྔ་སྒོམ་སྤང་དུ་འདོད་པ་བསལ་བའི་དོན་དུ། སྔར་བཤད་པའི་ང་རྒྱལ་བདུན་པོ་དེ་དག་ཐམས་ཅད་ཀྱང་མཐོང་བ་དང་སྒོམ་པས་ཟད་པར་བྱ་བ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ནི་སྒོམ་སྤང་དང་། ཀུན་བཏགས་པ་ནི་མཐོང་སྤང་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །
གལ་ཏེ་སྤང་བྱ་གཞི་མེད་ཡིན་ན་མཐོང་སྤང་ཡིན་པས་མ་ཁྱབ་བོ་སྙམ་ན། དེ་ཡང་མི་འཐད་དེ། སྤང་བྱ་གཞི་མེད་ཡིན་ན་མཐོང་སྤང་ཡིན་པས་ཁྱབ་པའི་ཕྱིར་ཏེ། རང་འགྲེལ་༥༢༦ལས། ཅིའི་ཕྱིར་འབྲས་བུ་དང་བོ་ལས་ཡོངས་སུ་ཉམས་པ་མེད་ཅེ་ན། མཐོང་བས་སྤང་བར་བྱ་བ་རྣམས་ནི་གཞི་མེད་པའི་ཕྱིར་ཏེ། དེ་དག་ནི་འཇིགས་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་པའི་ཕྱིར། ཞེས་དང་། མཆིམས་མཛོད་མངོན་པའི་རྒྱན་༢༤༦ལས། འབྲས་བུ་དང་པོ་རྒྱུན་དུ་ཞུགས་པ་ལས་ཉམས་པ་མ་ཡིན་ཏེ། དེ་ནི་མཐོང་བས་སྤངས་པས་རབ་ཏུ་ཕྱེ་བ་ཡིན་ཞིང་། དེ་ཡང་འཇིགས་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་ཞིང་། དེ་ཡང་གཞི་མེད་པ་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ། གནས་བདུན་པར། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། ། བསམ་གཏན་མཐའ་ན་མི་གཡོའི་ཆོས། །མི་སྐྱེས་ཉོན་མོངས་འདོད་གཏོགས་པ། །མ་སྐྱེས་གཞི་བཅས་སྤྱོད་ཡུལ་ཅན། །ཞེས་ཉོན་མོངས་མེད་པའི་ཏིང་ངེ་འཛིན་དེས་མཐོང་སྤང་ལ་མི་དམིགས་ལ་སྒོམ་སྤང་ལ་དམིགས་པའི་རྒྱུ་མཚན་དེ་མཐོང་སྤང་གཞི་མེད་ཡིན་པས་དང་སྒོམ་སྤང་གཞི་བཅས་ཡིན་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས་པའི་ཕྱིར་རོ། །གཞན་ཡང་། མཐོང་སྤང་ཆོས་ཉིད་མངོན་སུམ་མཐོང་བ་ཙམ་གྱིས་སྤོང་ཐུབ་པ་དང་། སྒོམ་སྤང་དེ་ལྟར་དུ་མི་ཐུབ་པའི་རྒྱུ་མཚན་དེ་ཡང་གཞི་བཅས་གཞི་མེད་ལ་ཐུག་པར་སྣང་བས། གཞུང་གོང་འོག་དག་མི་འགལ་བའི་ཚུལ་ལ་དཔྱོད་ལྡན་དག་གིས་དཔྱད་པར་བྱའོ། །
གཉིས་པ་སྤང་བྱ་གཉིས་པོ་གཞི་མཐུན་ཡོད་མེད་ལ་དཔྱད་པ་ནི།  གོང་དུ་བཤད་པ་ལྟར་མཐོང་སྤང་དང་སྒོམ་སྤང་གཉིས་ལ་གཞི་མཐུན་ཡོད་པ་མི་འདོད་ན།  ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །ཞེས་ཅི་ཡང་མེད་མན་ཆད་ཀྱི་མཐོང་སྤང་རྣམས་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཡིན་པར་བཤད་པ་དང་འགལ་ལོ་ཞེ་ན།  དེ་ནི་མཐོང་ལམ་དང་འཇིག་རྟེན་པའི་སྒོམ་ལམ་གཉིས་ཀའི་སྤང་བྱ་འགྲོ་བ་ཙམ་ལ་གཞག་པ་ཡིན་ལ། དེ་ཙམ་གྱིས་ཅི་ཡང་མེད་མན་ཆད་ཀྱི་མཐོང་སྤང་དེ་སྒོམ་སྤང་ཡིན་པར་མི་གྲུབ་སྟེ། འཇིག་རྟེན་པའི་སྒོམ་ལམ་དེ་སྒོམ་ལམ་མ་ཡིན་པའི་ཕྱིར།  གལ་ཏེ། རྟགས་མ་གྲུབ་ཏེ། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །ཞེས་སྒོམ་ལམ་ཡིན་པར་གསུངས་པའི་ཕྱིར་ཞེ་ན། རྩ་འགྲེལ་གྱི་ཚིག་ཟིན་མང་པོ་ཞིག་ཏུ་འཇིག་རྟེན་པའི་སྒོམ་ལམ་སྒོམ་ལམ་དུ་བཤད་པ་ལྟར་ཡོད་མོད། དེ་ནི་སྒྲས་བརྗོད་རིགས་སམ་དངོས་བཏགས་མ་ཕྱེ་བའི་དབང་དུ་བྱས་པ་ཡིན་ཞེས་རྒྱལ་དབང་བློ་བཟང་འཕྲིན་ལས་ཀྱིས་གསུངས་པ་ལྟར་ལེགས་སྙམ། ལམ་ལྔའི་ནང་གསེས་སྒོམ་ལམ་གྱི་སྤང་བྱ་དང་མཐོང་ལམ་གྱི་སྤང་བྱ་གཉིས་ལ་གཞི་མཐུན་མེད་དེ། གོང་དུ་མཚན་ཉིད་བཤད་པའི་སྐབས་སུ་དྲངས་པའི་རང་འགྲེལ་གྱི་དོན། རྒྱལ་སྲལ་མ་༤༠༤ལས། བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་རོ་ཞེས་བྱ་ནི་གོམས་པས་སྤོང་བ་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །ཞེས་དང་། མཚན་ཉིད་རྗེས་སུ་འབྲང་བ་༤༡༦ལས། བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བར་འགྱུར་རོ་ཞེས་བྱ་བ་ལ། ཙམ་གྱིས་སྒྲ་ནི་བསྒོམ་པས་གསལ་བར་བྱ་ཡི་ཕྱིར་ཏེ། ཉོན་མོངས་པ་གང་ཞིག་བདེན་པ་གང་ལ་སྐུར་པ་འདེབས་པ་དེ་ནི་དེ་མཐོང་བར་ཙམ་གྱིས་སྤོང་བར་འགྱུར་ཏེ། ཐག་པ་མཐོང་བས་སྦྲུལ་དུ་འཁྲུལ་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །
 

གནས་དྲུག་པའི་དཀའ་བའི་གནས་ལ་དཔྱད་པ། 
བདེན་པ་མཐོང་དང་སྒོམ་པ་ལས། །ཞེས་སོགས་ཀྱི་སྐབས་ལ་འཕྲོས་ནས་ལམ་གྱི་དོགས་དཔྱོད་ལ། ལམ་གྱི་ངོ་བོ། དབྱེ་བ། གྲངས་ངེས། གོ་རིམ། མཚན་བཏགས་ཀྱི་ཁྱད་པར་དང་ལྔ་ལས།   དང་པོ་ལམ་གྱི་མཚན་ཉིད་ལ། བཞེད་ཚུལ་མི་འདྲ་བ་གསུམ་བྱུང་སྟེ། མཁས་པ་བྲང་ཏིས། ཐར་པ་ལ་བརྩོན་པ་དང་བསླབ་པ་མཐར་ཕྱིན་པའི་དགེ་བ་ཞེས་དང་། མཆིམས་ནམ་མཁའ་གྲགས་ཀྱིས། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཁྲིད་པར་བྱེད་པ་ཞེས་དང་། མཆིམས་འཇམ་དཔལ་དབྱངས་ཀྱིས། རྣམ་པར་གྲོལ་བའི་ལམ་གྱི་འཇུག་ངོགས་སུ་གྱུར་པ་ཞེས་གསུངས་པ་བཅས་སོ། །ལུགས་དང་པོ་ལ། རྣམ་བཤད་སྙིང་པོ་བསྡུས་པ་༤༩༡ལས། ལམ་དང་པོ་བཞི་ལ་བསླབ་པ་མཐར་ཕྱིན་པ་དང་མི་སློབ་ལམ་ལ་ཐར་པ་ལ་བརྩོན་པ་མེད་ཅིང་ཡ་མཁར་པས་སྤྱིའི་མི་བཏུབ་ལ་ཞེས་དགག་པར་མཛད་དོ། །ལུགས་གཉིས་པ་ལ། འགྲེལ་པ་མངོན་པའི་རྒྱན་༡༥༣ལས་གང་ཟག་ལ་ཁྱབ་ཆེའི་སྐྱོན་ཡོད་པས་མི་འཐད་ཅེས་གསུངས་སོ། །དེས་ན་རང་ལུགས་ནི་ཕྱི་མ་ཉིད་ཡིན་ནོ། །
གཉིས་པ་དབྱེ་བ་ལ། ཚོགས་ལམ་ནས་མི་སློབ་ལམ་གྱི་བར་ལྔ་ལས། དང་པོ་ལ་མཚན་ཉིད་དང་། ཁྱད་པར་གྱི་ཆོས་གཉིས་ལས། དང་པོ་ནི། རྣམ་གྲོལ་ལ་འཇུག་པའི་སྒོ་གྱུར་པའི་ཆ་ནས་བཞག་པའི་སྦྱོར་ལམ་གྱི་སྔ་རོལ་ཏུ་བྱུང་བའི་ཤེས་རབ་ཐོབ་པ་རྗེས་འབྲང་དང་བཅས་པ་དང་། དགེ་བའི་ཚོགས་གང་རུང་གིས་བསྡུས་པའོ། །འདིར་འགྲེལ་བ་མངོན་པའི་རྒྱན་ལས་སྤྱོར་ལམ་གྱི་སྔ་རོལ་དུ་བྱུང་བའི་དགེ་བའི་ཚོགས་ཞེས་པ་ཙམ་ལས་མ་བྱུང་ཡང་། རྒྱལ་དབང་མཛོད་ལས་ཐེག་པ་རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་ཚོགས་ལམ་དུ་འཇོག་དགོས་པར་གསུངས་པ་ལྟར་ཡིན་ནོ། །གཉིས་པ་ཁྱད་པར་གྱི་ཆོས་ལ། རྟོགས་པའི་ཁྱད་པར། སྤངས་པའི་ཁྱད་པར། ཡོན་ཏན། སྒྲ་དོན། ལུས་ཀྱི་རྟེན་བཅས་ལྔ་ལས། དང་པོ་ནི། ཐོས་བསམ་གྱི་ཤེས་པས་ཆོས་ཐམས་ཅད་བདག་མེད་པར་སྤྱིའི་ཚུལ་གྱིས་རྟོགས་པའོ། །གཉིས་པ་ནི། ཉོན་མོངས་པ་ལ་དགྲར་ལྟ་བའི་སྒོ་ནས་སུན་འབྱིན་པར་བྱེད་པའོ། །གསུམ་པ་ནི། སྤངས་རྟོགས་ཀྱི་ཆོས་དེ་དག་དང་། གཞན་ཡང་ཟག་བཅས་ཀྱི་མངོན་ཤེས་ཅི་རིགས་ཡོད་ཅེས་བཤད་དོ། །བཞི་པ་ནི། ཐར་བ་ལ་འཇུག་པའི་ཚོགས་སྒྲུབ་པའི་ཕྱིར་ན་ཚོགས་ཀྱི་ལམ་ཞེས་བྱའོ། །ལྔ་པ་ནི། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་རྟེན་དང་། གཞན་ཡང་ཀླུ་ལ་སོགས་པ་དང་། འདོད་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱང་རྟེན་དུ་རུང་བར་མཆིམས་མཛོད་ལས་གསུངས། སྒྲ་མི་སྙན་པ་དང་གཟུགས་མེད་པ་ནི་མིན་ཏེ། སྐྱེས་བུ་དམ་པ་ལ་ཡང་དག་པའི་གདམས་པ་ནོད་པ་མེད་པའི་ཕྱིར། དམྱལ་བ་པ་ཡང་མ་ཡིན་ཏེ། སྡུག་བསྔལ་གྱིས་རྣམ་པར་གཡེངས་པས་སྐབས་མི་རྙེད་པའི་ཕྱིར་རོ། །
གཉིས་པ་སྦྱོར་ལམ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་ལམ་དངོས་ལ་སྦྱོར་བར་བྱེད་པའི་ཆ་ནས་བཞག་པའི་སོ་སྐྱེའི་རྒྱུད་ཀྱི་ཤེས་རབ་དང་། རྗེས་འབྲང་དང་བཅས་ན་ཕུང་པོ་ལྔ་པ་ཅན་ལ་འཇོག་གོ །སྦྱོར་ལམ་གྱི་ཐོབ་པ་ནི་སྦྱོར་ལམ་དུ་མི་འདོད་དེ། ཇི་སྐད་དུ། ཐམས་ཅད་ཕུང་པོ་ལྔ། །ཐོབ་པ་མ་གཏོགས། །ཞེས་སོ། །རོང་སྟོན་ཆེན་པོས་མཐོང་ལམ་གྱི་སྦྱོར་བའི་ལམ་ནི་དྲོད་རྩེ་ལ་སོགས་པ་གསུམ་ལ་མི་འཇོག་པར། འཇིག་རྟེན་ཆོས་མཆོག་ཁོ་ནར་འཇོག་པར་འགྲེལ་བཤད་གཉིས་ཆར་གྱི་དགོངས་པ་ཡིན་ཞེས་གསུངས་པ་ནི། མཐོང་ལམ་བར་ཆད་མེད་ལམ་ལ་དངོས་སུ་སྦྱོར་བྱེད་ལ་དགོངས་པ་ཡིན་པས་འགལ་བ་མེད་དོ། །འདིར་སྦྱོར་ལམ་ལ་སྒོམ་བྱུང་ཡིན་དགོས་སམ་མི་དགོས་ཤེ་ན།  པཎ་ཆེན་ངག་ཆོས་ཀྱི་སྤྱི་དོན་༣༤ལས། སྦྱོར་ལམ་བཞི་ཆར་གྱི་མཉམ་གཞག་གི་ངོ་བོ་ནི་བདེན་པའི་ཡུལ་ཅན་ཡིན་པས། སྒོམ་བྱུང་རང་ཡིན་ཞིང་ཐོས་བསམ་ལས་བྱུང་བ་མ་ཡིན་གྱི། སྤྱིར་སྦྱོར་ལམ་ནང་ཐོས་བསམ་སོགས་སྒོམ་བྱུང་མ་ཡིན་པའི་དགེ་བ་དུ་མ་ཡོད་པ་ཡང་སྦྱོར་ལམ་ཡིན་ཏེ་ཞེས་གསུངས་པ་ལྟར་རོ། །འོ་ན། རང་འགྲེལ་༤༨༨ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་འདི་བཞི་ཆར་ཡང་། བསྒོམས་བྱུང་། ཐོས་པ་དང་བསམ་པ་ལས་བྱུང་བ་ནི་མ་ཡིན་ནོ། །ཞེས་དང་། འགྲེལ་པ་མངོན་པའི་རྒྱན་༡༦༨ལས། ངེས་འབྱེད་ཆ་མཐུན་བཞི་ཆར་ཡང་བསྒོམས་པ་ལས་བྱུང་བ་ཡིན་གྱི་ཐོས་བསམ་ལས་བྱུང་བ་མ་ཡིན་ནོ། །ཞེས་དང་། ངེས་འབྱེད་ཆ་མཐུན་རྣམས་ནི་གཟུགས་ན་སྤྱོད་པའི་དགེ་བ་ཟག་བཅས་ཡིན་ལ་ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། རྒྱལ་དབང་མཛོད་༣༦༦ལས། དྲོད་སོགས་ཐམས་ཅད་ཀྱང་གཙོ་བོ་ནི་ཤེས་རབ་ཡིན་ལ། འཁོར་དང་བཅས་ན་ཕུང་པོ་ལྔ་པའོ་ཞེས་པ་ལྟར། སྒོམ་བྱུང་དུ་བཤད་པ་ནི་འདིར་བསྟན་གྱི་དྲོད་སོགས་བཞི་པོ་གཙོ་བོ་མཉམ་གཞག་གི་དབང་དུ་བྱས་པ་ཡིན་པས་སྐྱོན་མེད་དོ། །གཉིས་པ་དབྱེ་བ་ལ། དྲོད་སོགས་བཞི་ལས་སོ་སོའི་དམིགས་པ་དང་སྒྲ་བཤད་འཕེལ་རིམ་སོགས་རྩ་བ་དང་འགྲེལ་བཤད་རྣམས་ལས་གསལ་བ་ལྟར་རོ། །
གསུམ་པ་ལ། མཐོང་ལམ་གྱི་མཚན་ཉིད་ནི། བདེན་བཞི་གང་རུང་གི་གནས་ལུགས་སྔར་མ་མཐོང་བ་གསར་དུ་མངོན་སུམ་དུ་མཐོང་བ་དང་མཐོང་བའི་བྱ་བ་མ་རྫོགས་པའི་བར་དུ་བྱུང་བའི་ཟག་མེད་ཀྱི་ཤེས་རབ་དང་། དེའི་ཐོབ་པ་རྗེས་འབྲང་དང་བཅས་པའོ། །དབྱེ་ན། སྡུག་བསྔལ་ཆོས་བཟོད་ནས་ལམ་རྗེས་བཟོད་བར་གྱི་སྐད་ཅིག་བཅོ་ལྔ་ཡོད་དེ། རྩ་བར། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་སོ། །ལུགས་འདི་ལ་བཅུ་དྲུག་པ་ལམ་རྗེས་ཤེས་ནི། གནས་ལུགས་མཐོང་བའི་བྱ་བ་རྫོགས་ནས་མཐོང་ཟིན་གོམས་པར་བྱེད་པ་ཡིན་པས་སྒོམ་ལམ་དུ་འདོད་དོ། །འགྲེལ་པ་མངོན་པའི་རྒྱན་༡༨༥ལས། བཅུ་བཞི་པ་མན་ཆད་ཀྱིས་ཁམས་གོང་མའི་ལམ་མ་མཐོང་བའི་ཕྱིར་ན་མཐོང་ལམ་དུ་མ་བཤད་དོ། །ཞེས་གསུངས་པ་དེ་ཇི་ལྟར་ངེས་པར་བྱ་སྙམ་ན། མཐོང་བའི་བྱ་བ་རྫོགས་པའི་མཐོང་ལམ་དུ་མ་བཤད་ཅེས་པའི་དོན་ཡིན་པ་ལས། སྤྱིར་མཐོང་ལམ་མ་ཡིན་པའི་དོན་ནི་མ་ཡིན་ཞེས་རྒྱལ་དབང་བློ་བཟང་འཕྲིན་ལས་ཀྱིས་གསུངས་སོ། །
བཞི་པ་ལ། སྒོམ་ལམ་གྱི་མཚན་ཉིད་ནི། བདེན་བཞིའི་གནས་ལུགས་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཟག་མེད་ཀྱི་ཤེས་རབ་ཐོབ་པ་རྗེས་འབྲང་དང་བཅས་པའོ། །སྒོམ་ལམ་རང་གི་ངོ་བོ་ཟག་མེད་ཡིན་ཀྱང་། སྒྲས་བརྗོད་པ་ཙམ་གྱིས་དབྱེ་ན་ཟག་བཅས་ཟག་མེད་གཉིས་ཡོད་དེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གཉིས་ཡོད་པའི་ཕྱིར་རོ། །
ལྔ་པ་ལ། མི་སློབ་ལམ་གྱི་མཚན་ཉིད་ནི། རང་ལམ་གྱི་སྒོམ་པ་མཐར་ཐུག་པའི་ཡེ་ཤེས་ཐོབ་པ་རྗེས་འབྲངས་དང་བཅས་པའོ། །རྟེན་གྱི་སྒོ་ནས་དབྱེ་ན། ཉན་ཐོས་དང་། རང་རྒྱལ་དང་། ཐེག་ཆེན་གྱི་མི་སློབ་ལམ་དང་བཅས་པ་གསུམ་ཡོད་པ་ནི་ལམ་སྔ་མ་དག་ལའང་ཤེས་པར་བྱའོ། །བྱེ་སྨྲ་འདིའི་ལུགས་ལ་སློབ་ལམ་གྱི་ཐོབ་པ་རྗེས་འབྲངས་དག་སློབ་ལམ་དུ་འདོད་པ་དང་། མི་སློབ་པའི་ལམ་ལའང་དེ་བཞིན་དུ་འདོད་དགོས་པ་ནི། གནས་གཉིས་པར། སློབ་དང་མི་སློབ་མིན་གྱི་གསུམ། །ཞེས་དང་། གནས་དང་པོར། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲངས་བཅས། །ཞེས་གསུངས་པས་བསྟན་ཏོ། །
གསུམ་པ་གྲངས་ངེས་ནི། རྒྱུད་སྨིན་པ་དང་གྲོལ་བ་དང་མཐར་ཐུག་པར་བྱེད་པ་གསུམ་ལས། གྲོལ་བྱེད་དེ་ཉིད་སྤྱིའི་རྣམ་པ་དང་མངོན་སུམ་དུ་དང་དེ་གོམས་པས་རྟོགས་པ་རྣམས་ཀྱིས་སོ་ཞེས་མཛོད་འགྲེལ་རྣམ་བཤད་སྙིང་པོ་བསྡུས་པོ་༤༩༢ལས་བཤད་དོ། །བཞི་པ་གོ་རིམ་ནི། སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བས་རྒྱུ་འབྲས་ཀྱི་དོན་ནོ། །
ལྔ་པ་མཚན་བཏགས་ཀྱི་ཁྱད་པར་ནི། བྱེ་བྲག་སྨྲ་བའི་ལུགས་འདི་ལ། ལམ་དང་ལམ་བདེན་གཉིས་དོན་གཅིག་ཡིན་པར་མཆིམས་མཛོད་ལས་གསལ་ཞིང་། དེ་ཡིན་ན་ཟག་མེད་ཡིན་པས་ཁྱབ་པའི་ཕྱིར་ན། ཐེག་པ་གོང་མ་ལྟར་ལམ་ལྔ་ཀ་ལམ་མཚན་ཉིད་པར་མི་བཞེད་དོ། །འོ་ན། གང་ཞིག་མཚན་ཉིད་པ་དང་གང་ཞིག་བཏགས་པ་བ་ཡིན་ཞེ་ན། ཁ་ཅིག ལམ་དང་པོ་གཉིས་དང་ལམ་ཕྱི་མ་སྟེ་གསུམ་བཏགས་པ་བ་དང་། ལམ་བར་པ་གཉིས་མཚན་ཉིད་པ་ཡིན་ཞེས་འདོད་ལ། དང་པོ་གཉིས་ལམ་བཏགས་པ་བ་ཡིན་པ་དང་། བར་པ་གཉིས་ལམ་མཚན་ཉིད་པར་འདོད་པ་འཐད་ཀྱང་། ཕྱི་མ་ལམ་བཏགས་པ་བ་འདོད་པ་ནི་མི་འཐད་དེ། མི་སློབ་པའི་ལམ་ལམ་གྱི་བདེན་པར་མི་འདུ་བར་ཐལ་བའི་ཕྱིར་རོ། །འདོད་ན། བདེན་བཞིར་མ་འདུས་པའི་འདུས་བྱས་ཡོད་པའི་ཐལ་བ་ལ་ལན་མེད་ཅེས་མཆིམས་འཇམ་དཔལ་དབྱངས་ཀྱིས་གསུངས་སོ། །དེས་ན་རང་ལུགས་ལ་ཚོགས་སྦྱོར་གཉིས་ལམ་བཏགས་པ་བ་དང་། མཐོང་སྒོམ་མི་སློབ་ལམ་གསུམ་པོ་ལམ་མཚན་ཉིད་པ་ཡིན་པར་འདོད་དེ། འགྲེལ་པ་མངོན་པའི་རྒྱན་༡༥༥ལས། ལམ་དང་པོ་གཉིས་ནི་རིམ་པ་ལྟར་ལམ་དངོས་ལ་འཇུག་པའི་སྒོ་དང་དངོས་སུ་སྦྱོར་བ་ཡིན་པས་ལམ་ཏུ་བཏགས་པ་བ་ཡིན་ལ། ཕྱི་མ་གསུམ་ནི་རིམ་པ་ལྟར་བདེན་པ་མངོན་སུམ་དུ་མཐོང་བ་དང་། དེའི་རྒྱུན་གོམས་པར་བྱེད་པ་དང་། གོམས་པ་མཐར་ཕྱིན་པའི་ཕྱིར་ལམ་མཚན་ཉིད་པ་ཡིན་ནོ། །ཞེས་སོ། ། 
 

གནས་བདུན་པའི་དཀའ་བའི་གནས་ལ་དཔྱད་པ།
དྲི་མེད་བཟོད་རྣམས་ཤེས་པ་མིན། །ཟད་དང་མི་སྐྱེ་བློ་ལྟ་མིན། །དེ་ལས་གཞན་འཕགས་བློ་གཉིས་ཀ །གཞན་ཤེས་དྲུག་ནི་ལྟ་བའང་ཡིན། །ཞེས་པའི་སྐབས་སུ་ལྟ་བའི་དོགས་དཔྱོད་ལ། ལྟ་བའི་མཚན་ཉིད། དབྱེ་བ། དཀའ་བའི་གནས་ལ་དཔྱད་པ་དང་གསུམ་ལས། དང་པོ་ནི། གཟུགས་ལ་ལྟ་བ་དང་། ཤེས་བྱ་ལ་ངེས་པར་རྟོགས་པའི་ཤེས་རབ་གང་རུང་གིས་བསྡུས་པའི་ཁམས་སོ། །གཉིས་པ་དབྱེ་བ་ལ། གཟུགས་ལ་ལྟ་བའི་རྟེན་བཅས་ཀྱི་མིག་དང་། ཤེས་བྱ་ལ་ངེས་པར་རྟོག་པའི་ཤེས་པར་གྱུར་པའི་ལྟ་བ་གཉིས་ཡོད། ཕྱི་མ་ལ་འཇིག་ལྟ་ལ་སོགས་པའི་ཉོན་མོངས་པའི་ལྟ་བ་ལྔ་དང་། འཇིག་རྟེན་ཡང་དག་པའི་ལྟ་བ་དང་། སློབ་པའི་ལྟ་བ་དང་། མི་སློབ་པའི་ལྟ་བ་བཅས་བརྒྱད་ཡོད། མཛོད་ལས། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་རྣམ་པ་བརྒྱད། །ཅེས་སོ། །
གསུམ་པ་དཀའ་བའི་གནས་ལ་དཔྱད་པ་ནི། ཐོག་མར།  ངེས་པར་རྟོག་དང་རྗེས་དྲན་པའི། །ཞེས་པའི་སྐབས་ཀྱི་ངེས་པར་རྟོག་པ་དང་། ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་པའི་སྐབས་ཀྱི་ངེས་རྟོག་གཉིས་དོན་གཅིག་ཏུ་བྱས་ན། འདི་ལྟར་དོགས་ཏེ། ངེས་རྟོག་ཆོས་ཅན། ཁྱོད་ཡིན་ན་མཉམ་གཞག་གི་ས་པ་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་ལ་ཐོས་བྱུང་དང་བསམ་བྱུང་དང་སྐྱེས་ཐོབ་ཀྱི་ཤེས་རབ་ལས་གཞན་སྒོམ་བྱུང་མེད་པར་བཤད་པའི་ཕྱིར་ཏེ། རྩ་བ་ལས། དེ་དག་ཡིད་ཀྱི་ཤེས་རབ་གཡེང་། །ཞེས་དང་། རང་འགྲེལ་༣༣ལས། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་ཡིད་ཀྱི་ཞེས་བྱའོ། །མཉམ་པ་གཞག་པ་མ་ཡིན་པ་ནི་གཡེང་བ་ཞེས་བྱ་སྟེ། དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ། །ཞེས་དང་། འགྲེལ་པ་མངོན་པའི་རྒྱན་༡༢༡ལས། ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་དེ་དག་ནི་རིམ་པ་བཞིན་དུ་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་ཡུལ་ལ་རྣམ་པར་གཡེང་བ་དང་། ཡིད་ཀྱིས་རྣམ་ཤེས་དང་མཚུངས་པར་ལྡན་པའི་མིང་ལ་མ་ལྟོས་པར་དོན་དྲན་པ་མཉམ་པར་བཞག་མ་བཞག་ཐམས་ཅད་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་ཡིད་ཀྱི་ཤེས་རབ་རྣམ་པར་གཡེང་བ་ནི་དེ་དང་མཚུངས་པར་ལྡན་༼པ་མཉམ་གཞག་མིན།༽པའི་ཐོས་པ་དང་བསམ་པ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྦྱོར་ལམ་དྲོད་སོགས་བཞིས་བསྡུས་པའི་ཤེས་རབ་ཆོས་ཅན། ངེས་རྟོག་མིན་པར་ཐལ། སྒོམ་བྱུང་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་འཇིག་རྟེན་ཡང་དག་གི་ལྟ་བ་མ་ཡིན་པར་ཐལ། ངེས་རྟོག་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་དང་། འགྲེལ་པ་མངོན་པའི་རྒྱན་༡༤༡ལས། མིག་ལ་སོགས་པ་རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་སྟེ་ཤེས་རབ་དགེ་བ་ནི་འཇིག་རྟེན་ཡང་དག་པའི་ལྟ་བ་མ་ཡིན་ཏེ། དེ་ནི་ངེས་པར་རྟོག་པ་ཡིན་ན་དེ་དག་ནི་ངེས་པར་རྟོག་པ་མེད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཡིད་ཤེས་འཁོར་གྱི་ཟག་བཅས་དགེ་བའི་ཤེས་རབ་ཡིན་པའི་ཕྱིར། ཁྱབ་སྟེ། འཇིག་རྟེན་ཡང་དག་གི་ལྟ་བ་ཡིད་ཤེས་འཁོར་གྱི་ཟག་བཅས་དགེ་བའི་ཤེས་རབ་ལ་འཇོག་དགོས་པའི་ཕྱིར་ཏེ། རང་འགྲེལ་༤༣ལས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་བཅས་སོ། །ཞེས་གསུངས་པའི་ཕྱིར་རོ། །
དེས་ན་ངེས་རྟོག་མེད་ཕྱིར་ལྟ་མ་ཡིན་ཞེས་པའི་སྐབས་ཀྱི་ངེས་རྟོག་དེ་ལྟ་བའི་མཚན་ཉིད་སྐབས་ཀྱི་ངེས་རྟོག་དང་དོན་གཅིག་ཡིན་ཡང་། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །ཅེས་རྟོག་པ་ལ་གསུམ་བཤད་པའི་ཡ་གྱལ་གྱི་ངེས་པར་རྟོག་པ་དང་དོན་གཅིག་མིན་ནོ། །དེ་ཡང་ཡིན་ཏེ། བཟོད་པ་བརྒྱད་པོ་མཉམ་གཞག་ཡིན་ཅིང་། དེ་ཡང་རང་འགྲེལ་༥༤༦དུ་ལྟ་བ་ཡིན་པར་གསལ་པོ་ཡོད་བཞིན་དུ་འགལ་བ་རགས་པ་དེ་ལྟར་འོང་དོན་མེད་དོ། །
འོ་ན། ཤེས་པར་གྱུར་པའི་ལྟ་བ་དེ་ཤེས་བྱ་ལ་ངེས་པར་རྟོག་པའི་ཤེས་རབ་ལ་འཇོག་ན་ཤེས་བྱ་ལ་ངེས་པར་རྟོག་ཚུལ་ཇི་ལྟར་ཡིན་ཞེ་ན། དེའི་དོན་གཞུང་འགྲེལ་རྣམས་ལས་གསལ་པོར་བྱུང་མེད་སྟབས། སྔོན་ནས་ད་ལྟའི་བར་དུ་མཁས་པ་སུས་ཀྱང་ཐག་མ་ཆོད་པ་འདྲ། དེས་ན་ཁོ་བོ་ལྟ་བུའི་བློ་དམན་པ་ཞིག་གིས་དེ་བས་ཀྱང་ཕུ་ཐག་ཆོད་པ་ཞིག་བཤད་མི་ནུས་མོད། འོན་ཀྱང་གནས་སྐབས་རྟོག་ངོར་འཆར་ཙམ་ཞིག་བརྗོད་ན། རང་འགྲེལ་༤༣ལས། ངེས་པར་སེམས་པ་ལ་ཞུགས་པ་དག་ལྟ་བ་ཡིན་ན་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་ལྟ་བ་མ་ཡིན་ཏེ་ཞེས་དང་། ༥༤༦༽ཡང་དག་པའི་རྟོག་པ་མེད་པ་དང་ཡོངས་སུ་འཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་ལྟ་བ་མ་ཡིན་ནོ། །ཞེས་གསུངས་པ་ལ་བལྟས་ན། ཤེས་བྱའི་ཡུལ་ལ་ཡང་ལོག་གང་རུང་གི་སྒོ་ནས་ངེས་པར་དུ་ཡུལ་གྱི་དམིགས་རྣམ་དེ་དག་ཡོངས་གཅོད་དུ་རྣམ་པར་འབྱེད་དེ་སེམས་པའམ་འཚོལ་ཏེ་རྟོག་པ་ལ་བྱ་ལ། དེས་ན་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱིས་ནི། རང་ཡུལ་ཉོན་མོངས་པ་ཟད་པ་ཤེས་པ་དང་ཉོན་མོངས་སླར་མི་སྐྱེ་བ་ཤེས་པ་ཙམ་ལས་དེའི་དམིགས་རྣམ་ཡོངས་གཅོད་དུ་འཚོལ་བའི་བསམ་པ་མེད་པའི་ཕྱིར་ན་ལྟ་བ་མ་ཡིན་ཞེས་པའོ། །དེ་ལྟར་ན་དབང་ཕྱུག་ལ་དམིགས་ནས་མཐའ་གཅིག་ཏུ་སེམས་ཅན་དུ་འཛིན་པའི་ཤེས་རབ་དེ་ཡང་ལྟ་བ་ཡིན་པར་འགྱུར་རོ་སྙམ་ན། ཁོ་བོས་ནི་ལྟ་བ་ཡིན་ན་ལྟ་བ་བརྒྱད་པོ་གང་རུང་དུ་འདུས་པས་མ་ཁྱབ་པ་ཁས་བླངས་སོ། །འོ་ན། རང་འགྲེལ་༤༣ལས། ཁམས་བཅོ་བརྒྱད་པོ་དག་ལས་ལྟ་བ་ནི་དུ། ལྟ་བ་མ་ཡིན་པ་ནི་དུ་ཞེ་ན། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། ལྟ་བ་ཡིན་ཏེ། དེ་གང་ཞེ་ན། སྨྲས་པ། རྣམ་པ་བརྒྱད། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལ་ལྟ་བ་ལྔ་དག་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང། སློབ་པའི་ལྟ་བ་དང༌། མི་སློབ་པའི་ལྟ་བ་སྟེ། ཆོས་ཀྱི་ཁམས་རྣམ་པ་བརྒྱད་པོ་འདི་དག་ནི་ལྟ་བ་ཡིན་ནོ། །ལྷག་མ་ནི་ལྟ་བ་མ་ཡིན་ནོ། །ཞེས་པ་དང་དངོས་སུ་འགལ་ལོ་ཞེ་ན། དབང་པོ་ཉེར་གཉིས་སྐབས་སུ་བཤད་པ་ལྟར་འདི་ཡང་དགོས་པ་ལ་ལྟོས་པའི་གྲངས་ངེས་སུ་འདོད་ལ། དེ་ཡང་འཁོར་བའི་རྩ་བའི་དབང་དུ་བྱས་ནས་ཉོན་མོངས་པའི་ལྟ་བ་ལྔ་དང་། ཐར་བ་ལ་འཇུག་པའི་སྒོ་དང་སྦྱོར་བའི་དབང་དུ་བྱས་ནས་འཇིག་རྟེན་ཡང་དག་གི་ལྟ་དང་། མྱང་འདས་ཀྱི་དབང་དུ་བྱས་ན་ལྟ་བ་ཕྱི་མ་གཉིས་བཞག་པ་སྟེ་གཙོ་ཆེ་བའི་དབང་དུ་བྱས་པར་མངོན། དེས་ན་ཁམས་བཅོ་བརྒྱད་ལས་དགོས་པ་ལ་ལྟོས་པའི་ལྟ་བ་ནི་དུ་དེ་ལྟར་མ་ཡིན་པ་ནི་དུ་ཞེས་པའི་དོན་ཡིན་གྱི། གཞན་དུ་ན་ཤེས་བྱ་ལ་ངེས་པར་རྟོག་པའི་དོན་བཤད་དཀའ་བར་སྣང་ངོ་། །འདི་ནི་ཁོ་བོའི་རྣམ་རྟོག་ལ་འཆར་ཚུལ་ཙམ་ཡིན་པས་འཐད་མིན་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །
 

གནས་བརྒྱད་པའི་དཀའ་བའི་གནས་ལ་དཔྱད་པ།
སྙོམས་འཇུག་དགེ་བ་རྩེ་གཅིག་པ། །ཞེས་སོགས་ཀྱི་སྐབས་སུ་སྙོམས་འཇུག་ཉོན་མོངས་ཅན་དེ་སྙོམས་འཇུག་ཡིན་མིན་ལ་དཔྱད་པ་ནི། དེ་ཡང་སྙོམས་འཇུག་ཉོན་མོངས་ཅན་དེ་རང་འགྲེལ་དང་ཊཱིཀ་དག་ལས་སྐབས་འགར་སྙོམས་འཇུག་མ་ཡིན་པ་ལྟ་བུ་དང་སྐབས་འགར་སྙོམས་འཇུག་ཡིན་པ་ལྟ་བུ་སྟེ་གཞུང་ཚོགས་མི་འདྲ་བ་གཉིས་བྱུང་བས་གང་ཡིན་དཔྱད་པར་རིགས་སོ། །ལུང་རྣམས་འོག་ཏུ་འཆད་པར་འགྱུར་རོ། །
འདི་ལ་རང་ལུགས་འཐད་པའི་ཕྱོགས་རྣམས་སྒྲུབ་བྱེད་དང་བཅས་དེ་བརྗོད་པ།   དེ་ལ་འགལ་བ་སྤངས་ཏེ་ལུང་དོན་བཤད་པ་གཉིས་སོ།  །དང་པོ་ལ།  དངོས་དང་།    མིང་གི་འདོགས་པའི་རྒྱུ་མཚན་གཉིས་ལས།      དང་པོ་ནི།   སྙོམས་འཇུག་ཉོན་མོངས་ཅན་དེ་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་གང་ཡང་མ་ཡིན་པར་འདོད་དེ། སྙོམས་འཇུག་ཡིན་ན་དགེ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་དེའི་རྗེས་འབྲང་གང་རུང་ཡིན་དགོས་པ་གང་ཞིག །སྙོམས་འཇུག་ཉོན་མོངས་ཅན་དེ་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཛོད་ལས། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ། །ཞེས་དང་།  དེ་བཞིན་གཟུགས་མེད་ཕུང་པོ་བཞི། །ཞེས་དང་།  རང་འགྲེལ་༥༩༡ལས། བྱེ་བྲག་མེད་པར་དགེ་སེམས་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ། ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ཕྱིར་རོ། །ཞེས་སོ། །དེ་ཡང་སྙོམས་འཇུག་སྤྱིའི་ངོ་བོ་བསྟན་པ་ཡིན་ཏེ། སློབ་དཔོན་རྒྱལ་པོའི་སྲས་ཀྱི་མཛོད་འགྲེལ་༣༡༥ལས། དགེ་བ་རྩེ་གཅིག་པ་ཞེས་བྱ་བ་ནི་སེམས་དགེ་བ་རྣམས་ཀྱི་རྩེ་གཅིག་པའོ། །བྱེ་བྲག་མེད་པར་ཞེས་བྱ་བ་ནི་བསམ་གཏན་ཐམས་ཅད་ཀྱི་མཚན་ཉིད་ཀྱང་འདི་ཡིན་ནོ། །ཞེས་དང་། སློབ་དཔོན་གང་སྤེལ་གྱི་ཊཱིཀ་༢༩༠ལས། དགེ་བ་རྩེ་གཅིག་པ་ཞེས་བྱ་བ་འདི་ནི་སྙོམས་པར་འཇུག་པའི་བསམ་གཏན་གྱི་ཐུན་མོང་གི་མཚན་ཉིད་དོ། །ཞེས་དང་། མཆིམས་ཆུང་༥༡༩ལས་ཀྱང་འདི་བཞིན་བཤད་དོ། །དེ་ཡང་སློབ་དཔོན་ཕྱོགས་གླང་གི་མཛོད་འགྲེལ་གནད་ཀྱི་སྒྲོན་མ་༣༨༨དང། བོ་དོང་པཎ་ཆེན་གྱི་མཛོད་འགྲེལ་གཉིས་༢༦༦ལས། སྙོམས་འཇུག་གི་བསམ་གཏན་ནི་ཞེས་པ་ཙམ་ལས་སྙོམས་འཇུག་དེ་གང་ལ་ངོས་འཛིན་དགོས་མིན་གསལ་ཁ་མི་འདུག  མཆིམས་མཛོད་མངོན་པའི་རྒྱན་དང་། རོང་སྟོན་ཆེན་པོའི་རྣམ་བཤད། པཎ་ཆེན་ཤཱཀ་མཆོག་གི་བྱེ་བྲག་བཤད་མཚོ་ཆེན་པོ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་གྲུབ་བདེའི་དཔྱིད་འཇོ། རྒྱལ་དབང་མཛོད། རྗེ་དགེ་འདུན་གྲུབ་ཀྱི་ཐར་ལམ་གསལ་བྱེད། དགེ་སློང་རྣམ་རྒྱལ་དབང་ཆེན་གྱི་མཛོད་འགྲེལ་དྭོགས་གཅོད་རྣམས་སུ་རྒྱུ་སྙོམས་འཇུག་གི་ངོ་བོ་བསྟན་ཞེས་གསལ་པོར་གསུངས། དེ་ཡང་མཛོད་ཀྱི་དགོངས་པ་ཡིན་ཏེ། དེ་སྐྱེ་བ་དག་རབ་ཏུ་བཤད་ཅེས་པས་གནས་འདིར་བཤད་བྱ་གཙོ་བོ་རྒྱུ་སྙོམས་འཇུག་གི་བསམ་གཏན་ཡིན་པར་བསྟན་པའི་ཕྱིར།  དེས་ན་སྙོམས་འཇུག་ཉོན་མོངས་ཅན་དེ་སྙོམས་འཇུག་མ་ཡིན་པ་སློབ་དཔོན་དབྱིག་གཉེན་རྗེས་འབྲང་དང་བཅས་པའི་དགོངས་པར་གྲུབ་སྟེ། རང་འགྲེལ་༥༩༢ལས། བསམ་གཏན་ཞེས་བྱ་བའི་དོན་ཅི་ཞེ་ན། འདིས་སེམས་པར་བྱེད་པས་ན་བསམ་གཏན་ཏེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་ཕྱིར་རབ་ཏུ་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། སྐད་ཀྱི་བྱིངས་འདི་ནི་སེམས་པའི་དོན་ཡིན་ལ། སེམས་པ་ཡང་ཤེས་རབ་ཡིན་ནོ་ཞེས་གྲུབ་པའི་མཐའ་ལས་འབྱུང་ངོ༌། །དེ་ལྟ་ན་ནི་འོ་ན་ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་དུ་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཕུལ་དུ་ཕྱིན་པ་དང་ལྡན་པ་ལ་དེའི་མིང་དུ་བཏགས་པའི་ཕྱིར་ཉི་མ་བཞིན་ནོ། །ཕུལ་དུ་ཕྱིན་པ་དང་ལྡན་པ་ཡང་གང་ཞེ་ན། ཏིང་ངེ་འཛིན་གང་ཡན་ལག་དང་ལྡན་པ་ཡིན་ཏེ། ཞེས་བསམ་གཏན་དེ་དག་ལ་ཡན་ལག་དང་བདེན་པ་གསུངས་ཤིང་། སྙོམས་འཇུག་ཉོན་མོངས་ཅན་ལ་ཡན་ལག་དེ་དག་མེད་ཏེ། མཛོད་ལས། ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་མེད། །ཅེས་གསུངས་པས་སོ།    །དེ་བཞིན་དུ་གྲུབ་བདེའི་དཔྱིད་འཇོ་༩༠༦ལས། རྒྱུ་སྙོམས་འཇུག་གི་བསམ་གཏན་ནི་བྱེ་བྲག་མེད་པར་དགེ་བའི་སེམས་རྩེ་གཅིག་པ་སྟེ། ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར། དགེ་བ་སྨོས་པ་ནི་ཉོན་མོངས་ཅན་དང་མ་སྒྲིབ་ལུང་མ་བསྟན་གྱི་སེམས་རྩེ་གཅིག་པ་གཅོད་པ་ཡིན་ནོ། །ཞེས་གསུངས་སོ། ། མདོར་ན།  སྙོམས་འཇུག་ཉོན་མོངས་ཅན་ཆོས་ཅན།   ཁྱོད་ཏིང་ངེ་འཛིན་གྱི་སྙོམས་འཇུག་མ་ཡིན་པར་ཐལ།   དེ་ཡིན་ན་དགེ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་དེའི་རྗེས་འབྲང་གང་རུང་ཡིན་དགོས་པ་གང་ཞིག ཁྱོད་མི་དགེ་བ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཉོན་མོངས་ཅན་ཡིན་པའི་ཕྱིར་རོ།    །གཉིས་པ་ནི།   འོ་ན་སྙོམས་འཇུག་ཉོན་མོངས་ཅན་ལ་སྙོམས་འཇུག་ཅེས་ཇི་ལྟར་བྱ་ཞེ་ན། རང་འགྲེལ་ ༥༩༢ལས། ཉོན་མོངས་པ་ཅན་ཇི་ལྟར་བསམ་གཏན་ཡིན་ཞེ་ན། ལོག་པར་ངེས་པ་སེམས་པའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་དང་མཐུན་པ་ཁོ་ན་ལ་དེའི་མིང་དུ་བཏགས་པའི་ཕྱིར་ཏེ། ས་བོན་རུལ་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་བསམ་གཏན་མི་དགེ་བ་དག་ཀྱང་གསུངས་སོ། །ཞེས་པའི་དོན། འདི་ནི་སྙོམས་འཇུག་གི་རྫས་རྒྱུན་ཡིན་པས་རིས་མཐུན་ལ། གཞན་ལ་དེ་མེད་པའི་ཕྱིར་རོ། །དཔེར་ན་ས་བོན་གྱི་རྫས་རྒྱུན་རུལ་ལ་ས་བོན་རུལ་བའི་མིང་གིས་བཏགས་པ་བཞིན་ནོ་ཞེས་པཎ་ཆེན་ཤཱཀ་མཆོག་གིས་གསུངས་སོ། །
གཉིས་པ་དེ་ལ་འགལ་བ་སྤངས་ཏེ་ལུང་དོན་བཤད་པ་ནི།    དེ་ལྟར་ན། མཛོད་ལས། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད་བདུན་རྣམ་པ་གསུམ། །རོ་མྱང་ལྡན་དང་དག་པ་དང༌། །ཟག་མེད། ཅེས་དང་། འདིའི་ཐད་དུ་རང་འགྲེལ་༥༩༧ལས་སྲིད་པའི་རྩེ་མོ་ལས་གཞན་པ་བདུན་ནི་རྣམ་པ་གསུམ་ཡིན་ཏེ། རོ་མྱང་ལྡན་དང་དག་པ་དང༌། །ཟག་མེད། རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་དང༌། དག་པ་པ་རྣམས་དང༌། ཟག་པ་མེད་པ་རྣམས་སོ། །ཞེས་དང་། ཡང་མཛོད་ལས། རྟོག་མེད་བསམ་གཏན་ཁྱད་པར་ཅན། །རྣམ་གསུམ། ཞེས་དང་།  འདི་ཐད་རང་འགྲེལ་༦༡༡དུ་བསམ་གཏན་ཁྱད་པར་ཅན་དེ་ནི། །རྣམ་གསུམ། རོ་མྱང་བ་དང་མཚུངས་པར་ལྡན་པ་དང་དག་པ་དང་ཟག་པ་མེད་པ་ཡིན་ནོ། །ཞེས་འདིར་བསྟན་གྱི་སྙོམས་འཇུག་ལ་སྙོམས་འཇུག་ཉོན་མོངས་ཅན་ཡོད་པ་བཤད་པ་དང་འགལ་ལོ་ཞེ་ན། འདི་ལ་རྒྱ་བོད་ཀྱི་མཁས་པ་དག་གིས་འགྲེལ་ཚུལ་སྣ་ཚོགས་པ་བྱུང་སྟེ། སློབ་དཔོན་ཕྱོགས་གླང་གི་མཛོད་འགྲེལ་དང་། གང་སྤེལ་གྱི་ཊཱིཀ་ལས་འདིའི་ཐད་དམིགས་བསལ་བའི་བཤད་པ་མི་སྣང་། འགྲེལ་པ་རྒྱལ་སྲལ་མ་༣༣༣ལས། སྙོམས་འཇུག་པའི་དངོས་གཞིའི་རྫས་ཞེས་བྱ་བ་ནི་དེ་དག་གི་ཡན་ལག་ནི་ཉེ་བར་མི་འགོད་དོ་སྙམ་དུ་བསམ་པ་ཡིན་ནོ། །ཇི་ལྟར་བདུན་ནི་རྣམ་པ་གསུམ་ཡིན་ཞེ་ན། རོ་མྱོང་བ་དང་མཚུངས་པར་ལྡན་པ་རྣམས་དང་དག་པ་བ་རྣམས་དང་། ཟག་མེད་རྣམས་སོ། །ཞེས་གསུངས། དོན་ནི། རྫས་ཞེས་པ་དེ་བསམ་གཏན་གྱི་ཡན་ལག་ལ་གོ་དགོས་པ་བྱས་ནས་དེ་མི་བཤད་པར་བསམ་གཟུགས་ཀྱི་དབྱེ་བ་དང་སྲིད་རྩེ་མ་གཏོགས་པའི་དང་པོ་བདུན་ལ་གསུམ་ཡོད་པ་དེ་དག་བཤད་ཅེས་པའོ། །
འགྲེལ་པ་མངོན་པའི་རྒྱན་༤༠༦ལས་དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས་ནི་རྣམ་པ་བརྒྱད་ཡོད་ལ་ཞེས་གཞུང་ཡར་བཅད་དེ་གསུངས། དོན་ནི། རྫས་ཞེས་པ་དེ་བསམ་གཟུགས་ཀྱི་དངོས་གཞི་ལ་གོ་བར་བྱས་ནས་སྙོམས་འཇུག་གི་དངོས་གཞི་དེ་ལ་རྫས་མི་འདྲ་བ་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་བརྒྱད་ཡོད་ལ། དང་པོ་བདུན་ལ་གསུམ་ཡོད་ཅེས་པའོ། །འདི་ངོ་མཚར་གསུམ་ལྡན་དུ་ས་བཅད་བཞག་པ་དང་མཐུན་ནོ། །
ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་༣༤དུ་ངོ་བོ་རྣམ་པར་དཔྱད་པ་ཞེས་པའི་ས་བཅད་མཛད་ནས་དེ་ལ་སྲིད་རྩེ་མིན་པ་བདུན་ནི་རྣམ་པ་གསུམ་སྟེ། རོ་མྱོང་དང་མཚུངས་ལྡན་དང་། དག་པ་ཟག་མེད་དོ། །ཞེས་གསུངས། དོན་ནི། ངོ་བོ་ཞེས་པ་ནི་འདིར་བསྟན་སྙོམས་འཇུག་གི་དངོས་གཞིའི་ངོ་བོ་སྟེ། ཏིང་ངེ་འཛིན་སེམས་རྩེ་གཅིག་པ་ཙམ་ལ་བྱས་ནས་དེ་ལ་གང་ཡོད་དཔྱད་ན་ཞེས་པ་སྟེ། བསམ་གཏན་དང་པོ་ལྟ་བུ་ལ་མཚོན་ན་ཉེར་བསྡོགས་ཀྱི་སྐབས་སུ་འོག་ས་ལ་ཆགས་བྲལ་བྱས་ཏེ་དངོས་གཞི་ཐོབ་པའི་ཚེ་ཕན་ཡོན་གྱི་ཡན་ལག་དགའ་བདེ་དང་མཚུངས་པར་ལྡན་ན་སྙོམས་འཇུག་དག་པ་བ་དང་། དེ་ལ་སྲེད་པ་ཤོར་ན་ཉོན་མོངས་ཅན་ལ་དགའ་བདེ་དང་ཞེས་པའི་ཚུལ་གྱིས་སྙོམས་འཇུག་ཉོན་མོངས་ཅན་དང་། ལམ་ཟག་མེད་རྟེན་པའི་ཚེ་སྙོམས་འཇུག་ཟག་མེད་དེ་རྣམ་པ་གསུམ་ཡོད་ཅེས་པའོ།   །པཎ་ཆེན་ཤཱཀ་མཆོག་གིས་༢༡༠དངོས་གཞིའི་དུས་ཀྱི་སེམས་རྩེ་གཅིག་པའི་དབང་དུ་བྱས་པ་ཡིན་ལ་ཞེས་བཤད། འདི་ནི་ཀུན་མཁྱེན་རོང་སྟོན་ཆེན་པོའི་བཞེད་པ་དང་ཤིན་ཏུ་མཐུན་ཏེ་དེའི་འགྲེལ་བཤད་གསལ་པོ་འདིས་བྱས་འདུག་པའི་ཕྱིར་རོ།    །རྒྱལ་དབང་མཛོད་༥༢༨ལས། སྒྲས་བརྗོད་རིགས་སམ་དངོས་བཏགས་མ་དབྱེ་བ་ཙམ་ཡིན་པར་བཤད། པཎ་ཆེན་ངག་ཆོས་ཀྱིས་༣༥༣མིང་གི་སྒོ་ནས་དབྱེ་བ་ཡིན་པར་བཤད།  ཀརྨ་པ་མི་བསྐྱོད་རྡོ་རྗེས་༩༢༦དབང་པོ་རབ་འབྲིང་ཐ་གསུམ་གྱི་སྒོ་ནས་རིམ་བཞིན་བཞག་པར་བཤད། དགེ་སློང་རྣམ་རྒྱལ་དབང་ཆེན་གྱིས་༢༣༥བསམ་གཟུགས་ཀྱི་སྙོམས་འཇུག་བརྒྱད་ལས་དང་པོ་བདུན་ལ་ཉོན་མོངས་ཅན་དང་དག་པ་བ་ཟག་མེད་དེ་རྫས་གསུམ་ཡོད་ལ་ཞེས་པའི་དོན་དུ་བཤད་པ་སྟེ་དེ་དག་འབྲེལ་ཚུལ་མི་འདྲ་བ་ཙམ་ལས་དོན་ལ་འགལ་བ་མེད་དེ་སྙོམས་འཇུག་ཉོན་མོངས་ཅན་དེ་འདིར་བསྟན་གྱི་སྙོམས་འཇུག་མ་ཡིན་པར་ཚང་མས་བཞེད་པའི་ཕྱིར།  རྗེ་གོ་རམས་པས་ཀྱང་འདི་རང་བཞེད་དེ་ངོ་མཚར་གསུམ་ལྡན་ལས་འདིའི་ཐད་༡༩༣སྤྱིའི་ངོ་བོ་དང་། སོ་སོའི་མཚན་ཉིད་ཅེས་པའི་ས་བཅད་མཛད་འདུག་པ་དང་། སྙོམས་འཇུག་རབ་གསལ་དུ་མཛོད་ཀྱི་ལུགས་བརྗོད་པའི་ཚེ་ན། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ། །ཞེས་པའི་ཚིག་རྐང་འདི་གཉིས་ཀྱིས་བསམ་གཏན་གྱི་ངོ་བོ་བསྟན་པ་དངོས་སུ་གསུངས་འདུག་པའི་ཕྱིར། འོ་ན། དེ་ཉིད་༢༠༩ལས། ངོ་བོའི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། སྙོམས་འཇུག་ཉོན་མོངས་ཅན་དང་། དག་པ་བ་དང་། ཟག་མེད་དོ། །ཞེས་གསུངས་པ་དེ་ཇི་ལྟར་ཞེ་ན།  འདི་ནི་མངོན་པ་མཛོད་ཀྱི་ལུགས་བརྗོད་པ་མ་ཡིན་ཏེ། མཛོད་ལུགས་ལ་འདི་བསྟན་སྙོམས་འཇུག་ཡིན་ན་དགེ་སེམས་རྩེ་གཅིག་པ་དང་དེའི་རྗེས་འབྲང་གང་རུང་ཡིན་དགོས་པར་གསུངས་པ་གང་ཞིག  འདིར་བསམ་གཏན་སྙོམས་འཇུག་དངོས་བཞིའི་མཚན་ཉིད་བཞག་པའི་ཚེ། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བས་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་གང་ཞིག སྙོམས་འཇུག་གི་དངོས་གཞིས་བསྡུས་པ་ཞེས་བཞག་ནས་དེ་ལ་ངོ་བོ་སྒོ་ནས་དབྱེ་བ་དེ་གསུམ་བྱས་འདུག་པའི་ཕྱིར། དེ་ལྟར་ན་འདི་སུའི་ལུགས་ཡིན་སྙམ་ན། མདོའི་དགོངས་པ་ལ་གང་འཐད་པ་དེ་གཏན་ལ་ཕབ་ནས་བརྗོད་པ་ཡིན་ནོ། །དེ་ཇི་ལྟར་ཤེས་སྙམ་ན། མདོ་ལས་ཇི་ལྟར་བཤད་པའི་ཚུལ། བསྟན་བཅོས་ལས་ལྟར་བཀྲལ་བའི་ཚུལ། དེ་དག་གི་རྣམ་བཞག་གཏན་ལ་དབབ་པ་ཞེས་ས་བཅད་གསུམ་མཛད་ནས་གཉིས་པའི་སྐབས་སུ་ཀུན་བཏུས་དང་མཛོད་ལས་བཤད་ཚུལ་གཉིས་བརྗོད་ཅིང་། གསུམ་པའི་ཚེ་ཀུན་བཏུས་ལས་དབྱེ་བ་བྱེད་ཚུལ་དང་མཛོད་ལས་ངོ་བོ་བཞག་ཚུལ་དང་མི་མཐུན་པ་རྣམ་བཞག་དེ་དག་བྱས་པ་ལས་སོ། །ཡང་ན་འདི་མངོན་པ་གོང་མའི་ལུགས་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །
 
དང་པོ་ལ་ལྔ་རྟོག་དཔྱོད་དང་། །དགའ་དང་བདེ་དང་ཏིང་འཛིན་རྣམས། །ཞེས་པའི་སྐབས་སུ། བསམ་བཏན་དང་པོའི་དངོས་གཞིར་རྟོག་དཔྱོད་ཡོད་མེད་དཔྱད་པ་ནི། བསམ་གཏན་དང་པོའི་དངོས་གཞི་ཙམ་པོའི་སྐབས་སུ་གཉེན་པོའི་ཡན་ལག་རྟོག་དཔྱོད་གཉིས་དང་། དངོས་གཞི་ཁྱད་པར་ཅན་གྱི་སྐབས་སུ་དཔྱོད་པ་ཡོད་དམ་མེད། དང་པོ་ལྟར་ན། བསམ་གཏན་དང་པོའི་དངོས་གཞི་ལམ་ཟག་མེད་ཀྱི་སེམས་རྟེན་མི་རུང་བར་ཐལ་ཏེ། ཁམས་ཞི་རགས་ཀྱི་རྣམ་པ་ཅན་ཡིན་དགོས་པའི་ཕྱིར། རྟགས་ནི། རྟོག་པ་ནི་འདོད་པ་ལ་རགས་པ་དང་བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་ལྟ་བའི་སེམས་བྱུང་དང་། དཔྱོད་པ་ནི་དེའི་རྗེས་སུ་ཉོན་མོངས་པ་མང་ཉུང་དང་ཚེ་རིང་ཐུང་སོགས་ཞིབ་མོར་དཔྱོད་པའི་སེམས་བྱུང་ཡིན་ཞེས་རྗེ་གོ་རམས་པས་སྙོམས་འཇུག་རབ་གསལ་དུ་༢༠༧༽གསུངས་པས་གྲུབ་སྟེ། དངོས་གཞི་དེའི་སྐབས་སུ་ཡན་ལག་དེ་དག་ཡོད་པའི་ཕྱིར་དང་། དེ་ཡང་རང་འགྲེལ་༥༩༣ལས་དེ་དག་མཚུངས་ལྡན་ཡིན་པར་གསུངས་འདུག་པའི་ཕྱིར་རོ། །
ཁྱབ་པ་ནི། སྙོམས་འཇུག་རབ་གསལ་༡༩༧ལས། མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་ལ་སོགས་པ་ནི་ཞི་རགས་ཀྱི་རྣམ་པ་ཅན་ཡིན་ལ། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉེར་བསྡོགས་ལ། ལམ་ཟག་མེད་རྟེན་པ་འགལ་བའི་ཕྱིར་རོ་ཞེས་གསུངས་པས་གྲུབ་བོ། །རྩ་བར་འདོད་མི་ནུས་ཏེ། དེ་ཉིད་༢༠༡ལས། ལམ་ཟག་མེད་བསམ་གཏན་གཉིས་པའི་ཉེར་བསྡོགས་ལ་མི་བརྟེན་པར་དང་པོའི་དངོས་གཞི་ལ་བརྟེན་པའི་སྒྲུབ་བྱེད་དུ། བསམ་གཏན་དང་པོའི་དངོས་གཞི་ནི་ཞི་ལྷག་ཟུང་འབྲེལ་ཡིན་པས་ལམ་སླ་བ་དང་། ཉེར་བསྡོགས་ནི་ལྷག་མཐོང་ཤས་ཆེ་བས་ལམ་དཀའ་བ་ཡིན་པའི་ཕྱིར་ཞེས་གསུངས་པས་སོ། །
ཕྱི་མ་ལྟར་ན། མཛོད་རང་འགྲེལ་༥༩༩ལས། ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་གཉིས་པ་ན་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་རྟོག་པ་དང་། དཔྱོད་པ་དག་གོ །གཉིས་པ་ནི་ནང་རབ་ཏུ་དང་བའོ། །གསུམ་པ་ནི་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་དག་གོ །མུ་བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ་ཞེས་གསུངས་པ་དང་འགལ་ཏེ། རྟོག་དཔྱོད་གཉིས་བསམ་གཏན་དང་པོར་ཡོད་ལ་གཉིས་པ་ན་མེད་པའི་མུ་ལ་གསུངས་འདུག་པའི་ཕྱིར་རོ། །གཞན་ཡང་། དཔྱོད་དང་དགའ་དང་བདེ་དང་ལྡན་ཞེས་པའི་ཐད་ཀྱི་རང་འགྲེལ་དུ་༥༩༣དགེ་བ་ལ་རྩེ་གཅིག་པའི་བསམ་གཏན་དང་པོ་ནི་དཔྱོད་པ་དང་དགའ་བ་དང་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་ཏེ། དེའི་སྐབས་སུ་དེ་དག་མེད་ན་མཚུངས་ལྡན་འགྲོ་ཚུལ་མེད་པའི་ཕྱིར་དང་། སྙོམས་འཇུག་རབ་གསལ་༢༠༨ལས། བསམ་གཏན་དང་པོར་དྲན་ཤེས་བཞིན་བཏང་སྙོམས་གསུམ་པོ་དེ་ཡན་ལག་ཏུ་མི་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། རྟོག་དཔྱོད་ཀྱིས་སེམས་མངོན་པར་དཀྲུགས་པས་གཉེན་པོར་མི་འཐད་པའི་ཕྱིར་རོ་ཞེས་གསུངས་པ་དང་ཡང་འགལ་ཏེ། རྟོག་དཔྱོད་མེད་ན་སེམས་མངོན་པར་དཀྲུགས་ཚུལ་མེད་པའི་ཕྱིར་དང་། གཉེན་པོའི་ཡན་ལག་ཏུ་བཞག་པ་དེ་ཡང་མི་འཐད་པའི་ཕྱིར་རོ་ཞེ་ན།  
འདིའི་དོན་ལ། པཎ་ཆེན་ཤཱཀ་མཆོག་གིས་བྱེ་བྲག་བཤད་མཚོ་ཆེན་པོར་༢༠༧༽གཉེན་པོ་ཡན་ལག་ཏུ་གྱུར་པའི་རྟོག་དཔྱོད་དེ་དང་ལྡན་པ་ཡིན་མོད། ཡོད་པ་ནི་མ་ཡིན་ཏེ། སྤྱིར་དངོས་གཞི་ཕལ་ཆེར་དང་། ཁྱད་པར་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ཞི་རགས་ཀྱི་རྣམ་པ་ཅན་དུ་འགལ་བའི་ཕྱིར་རོ་ཞེས་རྟོག་དཔྱོད་གཉིས་པོ་བསམ་གཏན་དང་པོའི་སྐབས་སུ་ལྡན་པ་ཡིན་གྱི་ཡོད་པ་མ་ཡིན་ཞེས་གསུངས་ལ། དེ་ལྟར་ནའང་ཡོད་པ་ཁས་མ་བླངས་པས་སྐྱོན་དང་པོ་དེ་མེད་ཀྱང་། སློབ་དཔོན་དབྱིག་གཉེན་གྱིས་ཡོད་པ་ལྟ་བུ་དངོས་སུ་གསུངས་ཡོད་པ་དང་། ལྡན་པ་ཡིན་ཞེས་པ་དེ་ཡང་མངོན་དུ་གྱུར་པའི་སྒོ་ནས་ལྡན་ཚུལ་ནི་མེད་ཅིང་དེའི་ཐོབ་པ་ལྡན་པ་ཙམ་གྱིས་མཚུངས་ལྡན་དང་། སེམས་མངོན་པར་དཀྲུགས་ཚུལ་དང་། གཉེན་པོའི་ཡན་ལག་ཏུ་འཇོག་མི་ནུས་པས་དཀའ་བའི་གནས་སོ། །
རེ་ཞིག་ཁོ་བོའི་བསམ་ཚུལ་ནི་མཁས་པ་གོ་ཤཱཀ་གཉིས་ཀྱི་གཞུང་དང་བསྒྲིགས་ཏེ་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་བླངས་ན་འདི་ལྟར་སྣང་སྟེ། དང་པོའི་དངོས་གཞིར་རྟོག་དཔྱོད་ཡོད་པ་འདོད་ན་སྐྱོན་དང་པོ་དེ་དག་མི་འདོད་བཞིན་དུ་ཁུར་དགོས་པར་སྣང་བས་པཎ་ཆེན་གྱིས་གསུངས་པ་ལྟར་ལྡན་པ་ཡིན་གྱི་ཡོད་པ་མ་ཡིན་པ་འདོད། འོན་ཀྱང་རང་འགྲེལ་གྱི་གཞུང་དོན་ནི་སྤྱིར་བསམ་གཏན་དང་པོ་གཉིས་ལ་ཡན་ལག་ཡོད་མེད་ཀྱི་མུ་བརྩི་བ་ཡིན་གྱི་བྱེ་བྲག་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞིར་ཡོད་མེད་ཀྱི་མུ་བརྩི་བ་མིན་ལ། ཡང་ན་ལྡན་པའི་ཚུལ་གྱིས་ཡོད་པ་ལ་དགོངས་ཀྱི་མངོན་གྱུར་དུ་ཡོད་པ་ནི་མ་ཡིན་ལ།  རང་འགྲེལ་ལས། དེ་དག་གིས་ནི་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་སུམ་དུ་གྱུར་པ་ལས་ནི་མ་ཡིན་ནོ། །ཞེས་དང་། དེའི་ཐད་དུ་གང་སྤེལ་གྱིས། དེ་དག་གིས་ནི་ལྡན་པའི་སྒོ་ནས་ཡོད་ཀྱི་ཞེས་བྱ་བ་ནི། གཟུགས་མེད་པར་སྐྱེས་པ་རྣམས་ལ་ནི་ཟག་པ་མེད་པའི་སྡོམ་པ་ལྡན་པའི་སྒོ་ནས་ཁོ་ན་ཡོད་ཀྱི། མངོན་སུམ་དུ་གྱུར་པ་ལས་ནི་མ་ཡིན་ཏེ། དེ་ན་གཟུགས་མེད་པའི་ཕྱིར་ཞེས་པ་ལྟར་རོ། །མཚུངས་ལྡན་དུ་བཤད་པ་དེ་ཡང་དང་པོའི་ཉེར་བསྡོགས་ཀྱི་སྐབས་སུ་རྟོག་དཔྱོད་དང་མཚུངས་པར་ལྡན། དངོས་གཞིའི་སྐབས་སུ་དགའ་བདེ་དང་མཚུངས་པར་ལྡན་ཞེས་པའི་དོན་ཡིན་གྱི་ཐམས་ཅད་དངོས་གཞིར་མཚུངས་ལྡན་དུ་བསྟན་པ་མིན་ནམ་སྙམ། འདིའི་སྐབས་ཀྱི་བསམ་གཏན་དེ་རྒྱལ་དབང་མཛོད་དུ་༥༢༦བསམ་གཏན་དང་པོའི་དངོས་གཞི་ལ་བཀྲལ་ཡོད་ཀྱང་མཚུངས་ལྡན་གྱི་དོན་བཤད་ཐུབ་མི་འདུག  རྟོག་དཔྱོད་གཉིས་ཀྱིས་སེམས་མངོན་པར་དཀྲུག་ཅེས་པ་དེ་ཡང་སྤྱིར་སེམས་མངོན་པར་དཀྲུག་བྱེད་ཡིན་གྱི། དེ་ཡང་དང་པོའི་ཉེར་བསྡོགས་ཀྱི་གནས་སྐབས་སུ་མངོན་དུ་གྱུར་པའི་སྒོ་ནས་འདོད་པའི་གཉེན་པོ་དངོས་སུ་བྱས་ཤིང་། བསམ་གཏན་དང་པོའི་དངོས་གཞི་ཐོབ་པའི་ཚེ་ན་མངོན་གྱུར་དུ་མེད་ཀྱང་ཐོབ་པ་བཅད་པའི་ཚུལ་གྱིས་མ་སྤངས་པས་དྲན་ཤེས་བཞིན་བཏང་སྙོམས་གསུམ་པོ་དེ་གཉེན་པོའི་ཡན་ལག་ཏུ་འཇོག་མི་ནུས་ལ། གཉིས་པའི་ཉེར་བསྡོགས་ཀྱི་སྐབས་སུ་དཔྱོད་པ་སེམས་མངོན་པར་དཀྲུག་བྱེད་དང་བསམ་གཏན་གཉིས་པར་ཞི་བ་ལྟ་སྟེ་དངོས་གཞི་ཐོབ་པའི་ཚེ་དེ་སྤངས་པས་དྲན་ཤེས་བཞིན་བཏང་སྙོམས་གསུམ་པོ་དེ་གཉེན་པོའི་ཡན་ལག་ཏུ་འགྱུར་ལ། འོན་ཀྱང་རང་མིང་ནི་མི་སྨོས་ཏེ། དགའ་བ་ལ་ཆགས་བྲལ་མ་བྱས་པའི་ཕྱིར། བསམ་གཏན་གསུམ་པའི་སྐབས་སུ་དེ་ཡང་སྤངས་པས་དེ་གསུམ་ལ་རང་མིང་སྨོས་པ་ཡིན་ནོ། །གཉེན་པོའི་ཡན་ལག་ཏུ་འགྲོ་ཚུལ་ཡང་གཉེན་པོ་དངོས་སུ་མི་བྱེད་པར་དེ་དང་ལྡན་པའམ་བཅས་པ་ཙམ་ལ་བཞག་པ་འདོད། འདི་ལ་རྗེ་གོ་རམས་པས་ཐག་སྲིང་བའི་གཉེན་པོ་ཞེས་ཐ་སྙད་བྱས་སོ། ། 
 
སླར་སྨྲས་པ། 
 
གང་གི་མཚན་ཙམ་ཡིད་ལ་དྲན་པས་ཀྱང་། །
འཕྲལ་ཡུན་འཇིགས་ལས་བདེ་བླག་སྐྱོབ་མཛད་པ། །
ཡིད་བཞིན་ནོར་འདྲའི་དཔལ་ལྡན་བླ་མ་ཡིས། །
ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་གྱུར་ཅིག །
 
ཆོས་མངོན་བསྟན་པ་ནམ་མཁའི་ཡངས་པ་ལ། །
དོགས་དཔྱོད་ཕྲན་བུ་སྲིན་འབུའི་མེ་འཁྱེར་གྱིས། །
མ་ལུས་དགོངས་ཟབ་ཇི་བཞིན་རྟོགས་དཀའ་ཡང་། །
ཟབ་དོན་གནས་ལ་འཇུག་སྒོ་དབྱེ་ཕྱིར་བྲིས། །
 
བདག་བློ་སྐྱེས་སྦྱོང་རིགས་པའི་སྟོབས་ཞན་པས། །
འགལ་དང་མ་འབྲེལ་ནོངས་པའི་ཚོགས་གང་མཆིས། །
སྐྱབས་གནས་དཀོན་མཆོག་གསུམ་གྱི་མདུན་ས་རུ། །
སོར་བཅུ་སྙིང་ཁར་སྦྱར་ཏེ་མཐོལ་ཞིང་བཤགས། །
 
འདིར་འབད་བསོད་ནམས་བསྐྲུན་པའི་ཆར་རྒྱུན་གྱིས།།
མཁའ་ཁྱབ་འགྲོ་བའི་ཡིད་ཁམས་འཛིན་མའི་གཞིར། །
དྲི་མེད་ཤེས་རབ་ལོ་ཏོག་རབ་རྒྱས་ནས། །
ཟག་མེད་བདེ་བའི་དཔལ་ལ་སྤྱོད་གྱུར་ཅིག །
 
ཕ་མ་གཙོས་པའི་སེམས་ཅན་མ་ལུས་ཀུན། །
ཚེ་རབས་ཀུན་ཏུ་དལ་བའི་རྟེན་ཐོབ་ཅིང་། །
དྲི་མེད་ཆོས་དང་ཚད་ལྡན་དགེ་བའི་བཤེས། །
མཇལ་ཏེ་དམ་ཆོས་སྒྲུབ་ལ་བརྩོན་པར་ཤོག །
 
ཅེས་པ་འདི་ནི་མཁས་གྲུབ་བྱེའི་འབྱུང་གནས་རྫོང་སར་ཁམས་བྱེའི་ལྔ་རིག་ནང་བསྟན་སློབ་གླིང་ནས་བགྲང་བྱ་གཉིས་ཀྱི་རིང་ལ་ཆོས་མངོན་པའི་གཞུང་ལུགས་རྣམས་སློབ་དཔོན་རྣམ་རྒྱལ་རྡོ་རྗེའི་མདུན་ནས་ཐོས་བསམ་གྱི་སྐལ་བ་ལྡན་པའི་དངོས་མིང་ཐུབ་བསྟན་ཉི་མའམ་གཅེས་མིང་དཔལ་ལྡན་ནམ་ལྡན་ཞེས་འབོད་པ་ནས་ཕྱི་ལོ༢༠༢༣ལོར་བྲིས་པའོ།། །།དགེ་ལེགས་འཕེལ།། །།

                            རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease