
སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་ཕུལ།
མཉམ་བྲིས། རྫོང་སར་རྩོམ་རིག
མཁྱེན་བརྩེ་ནོར་བུ།
མཆོད་མེ།
གནས་ལུགས་ལག་པའི་ནང་དུ་མར་ཟགས་པའི
འཁོར་བའི་བྱེ་ཟེགས་ནང་གི་གྲྭ་པ
འོ”འཇིག་རྟེན་ནི་དེ་ལྟར་རེད་འདུག་སྙམ་པའི་ཚོར་བྱུང་སྟེར་བའི
སེམས་ཀྱི་ཁ་ལོ་པ
ཟླ་དྲུག་པ་ཚེས་བཅོ་བརྒྱད་ཀྱི་དུས་ཚིགས་གང་རུང་ནས་འཁྲུངས་པའི
མཁྱེན་བརྩེ་ནོར་བུ ལྷ་ཡི་བུ
ངའི་སེམས་ཀྱི་རྒྱལ་པོ
བླུན་པོ་མེད་པར་མ་རིག་པའི་འཁྲུག་རྩོད་བཅོམ་པའི་དེད་དཔོན
དགུན་གཞུང་གི་འཁྱག་དར་ནང་དུ་ལྷུང་བའི་སོ་སྐྱེ་བྱེའུ་ཁྱུར
ཉི་འོད་རབ་ཏུ་སྤྲོས་པའི་ཕོ་ཉ
སྲོལ་རྒྱུན་གྱི་རྫོང་སྟུག་པོའི་དཀའ་བསྟན་གྱི་མགོ་འཁོར་ཕོ་བྲང་གཏོར་བའི་རྒྱོག་འདེལ
མུན་ནག་གི་ཀློང་དུ་མེ་སྦར་ཞིང
ཉི་འོད་ཀྱི་ཀློང་དུ་བསིལ་རླུང་གི་མེ་ཏོག་གཏོར་བའི་སྙིང་ཉེ།
༢༠༢༥/༦/༡༨
ཤེབ་རབ་ཀྱི་པོ་ཏི་གཅིག
ཁམས་འོད་གསལ།
ཕྱི་ནང་གི་ནམ་མཁའི་འོག
གཏིང་མི་དཔོག་པའི་པོ་ཏི་གཅིག
ང་ཚོའི་མགོན་དུ་གསལ།
གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་གསང་དང་།
མདོ་ཕ་རོལ་ཏུ་ཕྱིན་པའི་ས་ལམ་ཡང་།
ཡུན་རིང་གི་དུས་དང་བསྐལ་བས།
ཁྱེད་ལྟ་བུས་ང་ཚོ་ལ་བསྟན་པར་ངེས།
དེ་བས་ཁྱེད་ཀྱི་ཤེས་རབ་ལ་ནམ་ཡང་གུས།
ཤེས་རབ་ཀྱི་ཕུང་པོ་ལས་གྲུབ་པའི་པོ་ཏི།
ཕྱི་ནང་གི་མཛད་འཕྲིན་གྱིས་ཟིན་པའི་པོ་ཏི།
གདུལ་བྱའི་ཁམས་དང་མཐུན་པའི་པོ་ཏི།
ཁྱེད་ནི་རིན་བྲལ་གྱི་པོ་ཏི་མཚུངས་མེད་དེའོ།
མཚན་དཔེ་མི་ཡུལ་ལ་བཞད་པའི་ཉིན་མོར།
ལྷག་ཏུ་ང་ཚོས་ཁྱེད་དང་ཁྱེད་ལྟ་བུའི་པོ་ཏི་ཀློག་སྲིད།
༢༠༢༥ ༤ ༢༢
སྣ་ཚོགས་པའི་གཟུགས་ཅན།
ཕུང་གསུམ་པ།
བྱིས་པ་ཞིག་གི་ལྷན་སྐྱེས་ཀྱི་ཤེས་རབ་རེ་རེས
རྨོངས་རྟུལ་གྱི་བྱ་སྤྱོད་ལ་མཛུབ་སྟོང་ཡང་ཡང་བྱས།
ཁྱེད་ཀྱིས་ཆོབ་ཚ་པོའི་རྣམ་འགྱུར་རེ་རེས
ཅོལ་ཆུང་མི་སྣ་འགའ་ཞིག་ལ་སྐྲག་སྣང་སྐྱེ་རུ་འཇུག
ཁྱེད་ཉིད་འཚར་ལོང་གི་ལོ་ཟླ་རེ་རེས
བྱམས་ཀྱིས་བསྐྱང་བའི་མི་ལ་ལར་བློ་ཕམ་སྐྱེ་རུ་འཇུག
ཁྱེད་ཀྱིས་དགོད་བྲོ་བའི་ཟློས་གར་གྱི་འཁྲབ་ཚན་རེ་རེས
ང་ཚོར་སེམས་གཏིང་ནས་མཚར་སྣང་སྐྱེ་རུ་འཇུག
བསམ་གྱིས་མི་ཁྱབ་པའི་ཁྱེད་ཀྱི་ཤེས་རབ་ཀྱིས
བསམ་གྱིས་མི་ཁྱབ་པའི་གནད་ལུགས་ལ་འགྲེལ་བཤད་རྒྱབ།
ཁྱེད་ཉིད་འཇིག་རྟེན་འདི་རུ་ད་དུང་འཚོ་བཞེས་གནང་རོགས”
ང་ཚོས་བསམ་བློ་གསར་པ་ཞིག་གི་ཡང་སྙིང་འཚོལ་འདོད
ཁྱེད་ཉིད་ང་ཚོའི་ཆེད་ད་དུང་འཚོ་བཞེས་གནང་རོགས”
ང་ཚོས་འཇིག་རྟེན་འདིའི་གདོང་རིས་ངོ་མ་དེ་འཚོལ་འདོད
རྫོང་སར་མཁྱེན་བརྩེ
སྨྱུ་གུ་ཕྲ་མོ།
སྐྱ་རེངས་ཀྱི་མཚམས་སྤྲིན་མཁའ་མཐར་འགྱོག་དུས
ངས་ཁྱོད་ཀྱི་འཛུམ་ཞལ་ལས་འཕྱུར་བའི་བྱམས་བརྩེ་མཐོང་བྱུང
མ་གཞི འཇིག་རྟེན་འདི་མུན་པས་བཅིངས་བའི་གཟེབ་དྲ་ཞིག
སུས་ཀྱང་གོ་རྟོགས་དཀའ་བའི་འཁྲུལ་སྣང་རིང་བོ་ཞིག་ཡིན་མོད
ཡིན་ཡང འོད་སྣང་གི་ཟེར་མ་རེ་གཉིས་འཁྱུག་པ་ཡང
གཟེབ་དྲ་འདིར་བཏགས་པའི་སྒྲོན་མེ་ཞིག་ཅི་ལ་མིན
འཁྲུལ་སྣང་ལ་འཁྲུལ་སྣང་གི་ངོ་གདོང་མཐོང་དུ་ཆུགས་པ་ཡང་ཅི་ལ་མིན
རང་དབང་ནི་གཤོག་པ་ཡོད་པ་ཙམ་གྱིས་ག་ལ་ཆོག
སྙིང་སྟོབས་དང་ཤེས་རིག མཐོང་རྒྱ་དང་གུ་ཡངས
བརྩེ་བ་བཅས་ཀྱིས་འགྲུབ་དགོས་པ་ཞིག་ཀྱང་ཡིན་ངེས
ཡིན་ཡང ད་དུང་"རྫོང་སར་་མཁྱེན་བརྩེ"ལྟ་བུ
རང་དབང་གཞན་ཞིག་ཀྱང་ཡོད་ཆོག
དེ་ནི་རྒྱུ་རྐྱེན་གཞན་གང་གིས་ཀྱང་འགྲུབ་མི་དགོས
"རྫོང་སར་མཁྱེན་བརྩེ"ཁོ་ན་ཡིན་པས་ཆོག
མུན་པར་འོད་ཀྱི་འཇའ་རིས་འཚེར་བྱུང
གཟེབ་དྲའི་ལྕགས་སྒོ་ཁྲོག་གེར་ཕྱེ་བྱུང
ངས་དེ་དག་གི་ཁྲོད་དུ་ཁྱེད་ཀྱི"འཛུམ་ཞལ"མཐོང
ངས"འཛུམ་ཞལ"ཀྱི་རིས་སུ
རང་དབང་གི་ཡིག་འབྲུ་བྲིས་ཡོད་པ་ཡང་མཐོང
ས་གཏིང་གི་འོད་པོ་ཆེ།
གཟི་ནག་པོ།
གར་སྣ་ཚོགས་དག །
བསོད་ནམས་སེན་སྐྱག་ཙམ་ལས་མེད་ཚེ།
ཕྱོགས་གང་ལ་ཡང་མི་སྡུག་པའི་ཆ་ཤས་མཐོང།
མདོ་སྔགས་གང་ལ་ཡང་།
མི་འཇིགས་པའི་རྔ་ཆེན་སྒྲོག་མཁན།
གསུང་གི་མཐུ་ལས།
ལྷད་མེད་ཀྱི་དེད་སེམས་སྐྱེས་པར་བྱེད།
མྱི་ཚོགས་ཀྱི་དཀྱིལ་ན།
ཁྱེད་ནི་འོད་ཅིག་ཡིན།
ཁྱེད་ནི་མུན་པ་ཞིག་ཀྱང་ཡིན།
ལག་པས་ཐོག་རེག་བྲལ་བའི།
སེམས་ཀྱིས་མྱོང་ཚོར་བྲལ་བའི།
ཁྱེད། ཁྱེད་ནི་སྨིག་པ་ཞིག་ཡིན།
བླ་ན་མཐོ་བའི་ལྟ་བ།
ཚབ་མཚོན་བྲལ་བའི་བྱ་སྤྱོད།
མུན་ནག་ནང་གི་སྐད་ཅོ་དང་གཅིག་མཚུངས་ཡིན།
ག་ཙམ་བཙལ་ཡང་།
དེ་ཙམ་རྙེད་དཀའ་བར་གྱུར་འུདག །
ཚངས་པ་ལྷ་ཡི་མེ་ཏོག
འདྲ་ཡེ་ལྡན།
མཁས་འདོད་ཅོ་འདྲིའི་གཏམ་སྤྱོད་བག་ཙམ་མེད་ཅིང་།།
ཆེ་རློམས་འགྱིང་བག་རྟུལ་ཞུགས་ཡེ་ནས་བྲལ་བ།།
བཙུན་སྙེམས་བཅོས་ཚུགས་རྫབ་རྫུབ་བཙལ་བས་མི་རྙེད།།
རྒྱས་སྤྲོས་སྐུ་འཁོར་ཤོམ་ར་རྒྱང་ནས་སྤངས་པ།།
རེ་དོགས་རྣམ་རྟོག་སྦུབས་རྒྱ་ཤུགས་ཀྱིས་གཏོར་ཏེ།།
ཆོས་བརྒྱད་ནག་ནོག་དྲི་མས་ཨེན་ཙམ་མ་གོས།།
མཁྱེན་བརྩེ་ཆོས་ཀྱི་རྒྱ་མཚོར་མངོན་པར་བསྟོད་དོ།།
བཀའ་བབ་བདུན་གྱི་ཆུ་ཀླུང་ཀུན་ནས་བསྐྱིལ་ཞིང་།།
ཉམས་རྟོགས་རྩལ་ཆེན་ནང་ནས་ཅིག་ཅར་རྫོགས་པ།།
དམིགས་མེད་སྙིང་རྗེའི་གཏེར་ཆེན་གཤིས་སུ་ཚང་བའི།།
གདོད་མའི་ཡེ་ཤེས་ས་རུ་རྩེད་འཇོར་རོལ་མཁན།།
སྤྱོད་པ་ཚད་མེད་གྲུབ་རྙེས་རིག་འཛིན་དཔའ་བོ།།
ཡོན་ཏན་ཚད་མེད་སྐལ་ལྡན་འདུལ་བའི་མགོན་པོ།།
མཁྱེན་བརྩེ་ཆོས་ཀྱི་རྒྱ་མཚོར་མངོན་པར་བསྟོད་དོ།།
༈ ཤར་ནུབ་གྱི་ཟླ་གཞོན་དཀར་པོ།
___ སྐྱབས་རྗེ་༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་ཕུལ།
བཞག་ཚ།
སྐུ༵་ཡི་གཟི་བྱིན་ལྷུན་ཆགས་མཛེས་པའི་སྐུ༵་ལ་མཁྱེན་པའི་ཡོན་ཏན་འཛོམས།།
ག༵སུང་གི་རྔམ་བརྗིད་ཟབ་དོན་ཕྱུག་པའི་ག༵སུང་ལ་བརྩེ་བའི་བྱམས་པ་ལྡན།།
ཐུ༵གས་ཀྱི་རྟོགས་པ་རབ་རྒྱས་སྒོམ་པའི་ཐུ༵གས་ལ་ནུས་པའི་ཉམས་སྣང་ཡོད།།
ཐམས་ཅད་གཟིགས་པ་འདྲ་བའི་མགོན་དེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ།།
མ༵ཁྱེན་པའི་ཡོན་ཏན་ཀུན་འདུས་ཆོས་ཀུན་མཁྱེན་པའི་རྣམ་མཁྱེན་ཡེ་ཤེས་ཉིད།།
བ༵རྩེ་ཆེན་འགྲོ་རྣམས་བྱམས་པའི་བུ་བཞིན་བརྩེ་བའི་ཨུཏྤལའི་འདབ་བརྒྱ་གྲོལ།།
ནུ༵ས་པས་འཛམ་གླིང་ཆོས་ཀྱིས་སྒྱུར་བར་ནུ༵ས་པའི་འཛམ་གླིང་སྙིང་སྟོབས་ཅན།།
རིགས་གསུམ་རྣམ་འཕྲུལ་ལྟ་བུའི་བླ་མ་རྫོང་སར་མཁྱེན་བརྩེར་གུས་པས་འདུད།།
འཛུམ་དཀར་ལང་ཚོའི་གཟི་བྱིན་ཆེར་འབར་གངས་རིིའི་རང་མདངས་བརྗིད་པའི་སྐུ།།
ཟབ་དོན་ཆོས་ཚུལ་གྲེ་འགྱུར་དབྱངས་ཀྱིས་བླང་དོར་གསལ་བའི་འགག་མེད་གསུང་།།
མཁྱེན་བརྩེའི་དཔལ་ཡོན་ཨུཏྤལ་རང་བཞིན་བྱམས་བརྩེ་མེ་ཏོག་འཛུམ་པའི་ཐུགས།།
འཛམ་གླིང་སྐར་མ་འོད་ཆེན་འཇམ་དཔལ་རང་གཟུགས་རྫོང་སར་མཁྱེན་བརྩེ་ཡིན།།
གངས་ལྗོངས་མདོ་སྔགས་རིག་གཞུང་ཀུན་མཁྱེན་མཁྱེན་བརྩེ་མི་ཡི་དབང་པོ་དང་།།
རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རང་གཟུགས་ཏེ།།
གཅིག་ཏུ་བསྡུས་པའི་གཟུགས་སྐུ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཞེས།།
འཛམ་གླིང་ཤར་ནུབ་གྲགས་པའི་རྫོང་སར་མཁྱེན་བརྩེར་དད་ཅིང་གུས་པས་བསྟོད།།
ལྷག་བསམ་ཟླ་གཞོན་དཀྱིལ་འཁོར་ཡང་རྩེར་འཆར་བའི་བྱམས་སེམས་བདག་པོ་སྟེ།།
གཞན་ཕན་འོད་དཀར་ཟེར་བརྒྱ་འཕྲོ་བའི་གཡོ་མེད་སྙིང་རྗེས་འཛམ་གླིང་འགེབས།།
དམིགས་མེད་སྙིང་རྗེའི་ཆུ་གཏེར་ཀླུང་ལས་འཁྲུངས་པའི་རྒྱལ་སྲས་སྙིང་སྟོབས་ཅན།།
བསྟན་པའི་རྒྱལ་མཚན་སྐར་མ་འོད་ཆེན་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཡིན།།
སེམས་སྐྱེད་ནུས་མཐུ་འཇིཊ་མེད་དབང་པོ་བསྟན་པའི་དགེ་མཚན་ཚུལ་བཞིན་སྲུང་།།
བསྟན་པའི་ཕྱག་མཚན་འཕྱར་བའི་རྒྱལ་བསྟན་རྒྱལ་བའི་རྒྱལ་ཚབ་འཛིན་པའི་གར།།
རིག་གནས་ཡོངས་འདྲེན་མཁས་དབང་གཙུག་རྒྱན་ཀུན་གཟིགས་མ་ཧཱ་པཎ་ཆེན་ཏེ།།
དུས་རབས་འདི་རུ་བསྟན་པའི་རྒྱལ་མཚན་དགུང་ལ་འདེགས་པའི་སྐར་ཆེན་ལགས།།
འཆད་རྩལ་ཡངས་ཤིང་ཚིག་སྒྲོས་གཙང་བས་དོགས་གནད་མ་ལུས་དལ་གྱིས་དཀྲོལ།།
རྩོད་ངག་ལེགས་ཤིང་སུན་འབྱིན་ཟློག་པས་ལོག་ལྟའི་སྒྲོ་བསྐུར་བདུད་ལྟར་འཇོམས།།
རྩོམ་པའི་ལེགས་བཤད་ངོ་མཚར་སྟོང་གིས་འབར་བའི་མགྲིན་པའི་དཔལ་དུ་འཚར།།
མཁས་པའི་བྱ་བ་གསུམ་གྱིས་རྒྱན་པའི་འཇམ་དབྱངས་མཁྱེན་བརྩེ་དཔལ་དུ་འབར།།
ཡང་དག་པའི་ལྟ་བ།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་ཕུལ།
མྱི་གསར་བ།
ངས་ཁྱེད་རང་གསེར་དང་རྡོ་རྗེ་ཕ་ལམ་གྱིས་མཚོན་མི་འདོད
ཉི་ཟླ་གཉིས་ཀྱིས་མཚོན་མི་འདོད
མཐའ་ཡས་རྒྱ་མཚོ་དང་སྲིད་པའི་གངས་རིས་མཚོན་མི་འདོད
འོན་ཀྱང་ངས་ཁྱེད་རང་ཤིན་དུ་དྭངས་བའི་མིག་གིས་མཚོན་པར་བྱའོ
ཁྱེད་ཀྱིས་འཁྲུལ་སྣང་གི་གཟེབ་དྲྭ་གཏོར་དེ
ཤིན་ཏུ་བག་ཡང་གི་མི་ཚེ་ཞིག་རྩོམ་སྒྲིག་གནང་ཞིང
ཐག་རིང་གི་ང་ཚོར་དུས་ཚོད་ཀྱིས་འཕྲིན་པ་ཡང་ཡང་བསྐུར
ཁྱེད་ཀྱིས་ལོ་ངོ་ཁྲི་ཕྲག་ཏུ་གཏེར་ལ་སྦས་པའི་རལ་གྲི་ཞིག
འོད་ཟེར་དང་བཅས་མཁའ་ལ་ཕྱར་ཏེ
འཇིག་རྟེན་འདིར་མཚན་མོ་ལས་གཞན
འོད་སྣང་གིས་ཁེངས་བའི་ཉིན་མོ་ཞིག་བརྩམས་པར་གནང
ལྟོག་སྐོམ་ལ་སྐྲག་པའི་ང་ཚོར་འཁྲུལ་སྣང་ལས་གཞན་གང་ཡང་མེད་ཀྱང
ཁྱེད་ཀྱིས་ང་ཚོར་མྱང་འདས་ཀྱིས་ས་ཁྲ་ཞིག་གནང་ཡོད
རྨོངས་པའི་འགྱོད་བཤགས་དང་རྫོགས་ལྡན་གྱི་ཤེས་རབ།
རྫོང་སར་མཁྱེན་བརྩེ་ནོར་བུ་ལགས་ལ་ཕུལ།
ང་རང་འཇིག་རྟེན་འདིར་ཨུ་ཚུགས་ངང་གོམ་པ་སྤོ་བའི་ལོང་བ་ཞིག་ཡིན་ཏེ
ངས་ཤེས་རབ་ཀྱི་འོད་སྣང་མི་མཐོང་ལ རྨོངས་པའི་རང་གཤིས་ཀྱང་མ་མཐོང
ང་འདོད་ཆགས་ཀྱི་བྲན་དུ་གྱུར་ནས་ཡུན་རིང་འགོར་མོད
ངས་འདོད་ཆགས་འཇོམ་བྱེད་ཀྱི་ཆོག་ཤེས་མ་རྙེད
ང་འགྲན་རྩོད་ཀྱི་དུང་དུ་ལྷུང་ནས་ཡུན་རིང་འགོར་མོད
ངས་འགྲན་རྩོད་ཀྱི་དུང་ལས་ཐར་བའི་ཐབས་ཤེས་མ་རྙེད
ངས་རང་མགོ་རང་གིས་གཡོག་ནས་ཡུན་རིང་འགོར་མོད
ང་ད་དུང་འཇའ་ཚོན་གྱི་འཚོ་བར་འཁྱུད་ཅིང རྨི་ལམ་གྱི་མི་ཚེར་ཞེན
ངས་རང་གི་འཁྲུལ་བའི་དྲན་ཚུལ་དག་ཀྱང་ཆེས་ལེགས་པའི་དྲན་ཚུལ་ཡིན་པར་ཨུ་ཚུགས་བྱེད་ཀྱིན་འདུག
ངས་རང་ཉིད་རྒྱལ་ཁ་ཁོ་ནས་ཁྲོད་དུ་འཚར་ལོངས་བྱུང་ན་སྙམ་ཞིང
འདྲ་མི་ཆག་པས་རང་འདོད་ཁོ་ནས་འཇིག་རྟེན་ལ་བལྟས་ནས་འདུག
རྨོངས་རྟུལ་ཨུ་ཚུགས་ཆེ་བའི་ང་རང
འཁོར་བའི་བཙོན་མར་གྱུར་ནས་ཡུན་རིང་འགོར་སོང
༴འོན་ཀྱང སྐྱོ་ཡང་མི་ཤེས་རྣམ་ཤེས་གར་ལ་གཡེང༴
༴ངེས་འབྱུང་མ་སྐྱེས་འཁོར་བའི་འདམས་ལ་ཟུག༴
དེ་ལྟ་ནའང
ང་རང་འཇིག་རྟེན་མིག་བརྒྱ་འབྱེད་པའི་སྐྱེས་བུ་ཞིག་དང་མཇལ་མྱོང
བསོད་ནམས་ཤེས་རབ་རྩོལ་བའི་འཕགས་པ་ཞིག་ལ་བཏུད་མྱོང
གུ་ཡངས་བག་ཕེབས་གནང་བའི་ནམ་མཁའ་ཞིག་ལ་བལྟ་མྱོང
སྤྲོ་སྣང་དགའ་བ་འཕེལ་བའི་གཞོན་ནུ་ཞིག་དང་འཕྲད་མྱོང
རྫོགས་ལྡན་རེ་སྨོན་སྟོང་གི་ཡུལ་ལྗོངས་ཤིག་ལ་སླེབས་མྱོང
འཁོར་བའི་ཚ་གདུང་སེལ་བའི་གྲིབ་བསིལ་ཅིག་ལ་བརྟེན་མྱོང
སྐྱོ་སྣང་སྡུག་བསྔལ་སེལ་བའི་སྨན་མཆོག་ཅིག་ཀྱང་བཞེས་མྱོང
མཐར་འཛིན་དྲ་བ་གཅོད་པའི་དཔའ་བོ་ཞིག་ལ་བཅར་མྱོང
དེ་ནི་རྣམ་ཤེས་ཁྲི་ཕྲག་དུ་མའི་རྟེན་ས
རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ནོར་བུ་ལགས་ཡིན
ཁོང་ལ་རྣམ་ཤེས་དང་ཉེ་བར་བཅར་བའི་སྐད་བརྡ་མི་འདྲ་བ་ཞིག་འདུག་སྟེ
དུས་ཚོད་དང་བར་སྟོང་གང་གིས་ཀྱང་བཀག་རྒྱ་མི་ནུས
ཁོང་ལ་མི་གཤིས་དང་ཉེ་བར་བཅར་བའི་སྤྱོད་ལམ་མི་འདྲ་ཞིག་མངའ་སྟེ
སྲོལ་རྒྱུན་དང་དེང་རབས་གང་གིས་ཀྱང་མཐའ་ལ་ལྷུང་མི་སྲིད
ཁོང་ལ་འཁོར་འདས་ཀྱི་དེ་ཉིད་ཤེས་པའི་ཉམས་རྟོགས་ཤིག་གདའ་སྟེ
སྣང་ཚུལ་དང་གནས་ཚུལ་གྱི་འགལ་བའི་གཡང་ལ་ལྷུང་མི་སྲིད
མིག་གི་དབང་པོ རྣ་བའི་དབང་པོ ཡིད་ཀྱི་དབང་པོ ཤེས་རབ་ཀྱི་དབང་པོ
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Neteas