ཆང་འཐུང་དེའི་དངོས་མིང་ལ་ཅི་ཟེར།

    རྩོམ་པ་པོ། གཟུངས་འདུས་སྐྱབས།


ཆང་འཐུང་དེའི་དངོས་མིང་ལ་ཅི་ཟེར།

 
                     གཟུངས་འདུས་སྐྱབས།
གཅིག
           དེང་དུས་ཀྱི་མི་ཡ།བབ་བསྟུན་གྱི་སྤྲེལ་ལད་སྙིང་རྗེ་བ་རེ་འཁྲབ་ནས།རང་དོན་འབའ་ཞིག་མ་གཏོགས་བསམས་རྒྱུ་དང་བསྒྲུབས་རྒྱུ་མེད་པ་འདི་ནི།ཡེ་ཤུའི་ཆོས་ལུགས་སུ་བཤད་པའི་འཇིག་རྟེན་བསྐྲུན་པ་པོས་གསར་དུ་ཁ་སྣོན་བྱས་པའི་མིའི་རིགས་ཐུན་མོང་གི་གཤིས་ཀ་ཞིག་ཡིན་ནམ།ཡང་ན་བདག་ཅག་གི་སྟོན་པས་གསུངས་བའི་སྙིགས་མ་ལྔ་བདོ་ཟེར་བའི་དུས་དེར་དངོས་སུ་ཐོན་སོང་བ་ཡིན་ནམ།གང་ལྟར་རང་དང་དུས་མཉམ་པའི་མི་བུ་འདི་ཚོར་ཞེན་པ་གཏིང་ནས་ལོག་སོང་།ཆེས་མ་མཐའ་ཡང་རང་གི་མཐའ་འཁོར་གྱི་མི་བུ་འདི་དག་ལ་རྣམ་རྟོག་ཟ་ཞིང་།ཁོ་ཚོ་དང་མཉམ་དུ་དུས་ཡུན་ཉི་མ་གཅིག་ལ་ཡང་ཚེ་སྲོག་གི་གྲུབ་ཆར་གྱུར་བའི་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་གཏོང་འདོད་མི་འདུག ཁོ་ཚོས་ཁ་ཡར་གྲག་ལ་ང་ཚོ་དང་ཁ་མར་གྲག་ལ་ང་ཚོ་ཞེས་གླེང་མོད།དོན་དམ་དུ་རང་ཉིད་ཀྱི་མིང་གྲགས་སྐམ་པོ་ཙམ་དང་ཁེ་ཕན་ཉི་ཚེ་བ་ཞིག་གི་དོད་དུ་ཡིན་པ་སུས་མི་ཤེས།འཇིག་རྟེན་འདི་རུ་གདམ་གསེས་བྱ་ཆོག་པའི་ལམ་བུ་མང་ཡང་ཁོ་བོས་འདེད་འདོད་པའི་ལམ་ཕྲན་དེ་ནི་རང་ཉིད་གཅིག་པུ་འགྲོ་སའི་ལམ་བུ་དོག་མོ་དོག་མོ་ཞིག་རེད་ཅེས་བཤད་ཆོག་ལ།ཡང་ལམ་ཕྲན་འདི་ནི་རྒྱལ་བོ་རང་ཉིད་བྱས་ཆོག་ལ་མངའ་འབངས་དང་མངའ་ཁོངས་ཀྱང་རང་ཉིད་བྱས་ཆོག་པའི་ལམ་བུ་རྒྱ་ཆེ་བ་ཞིག་རེད་ཅེས་ལབ་ན་ཡང་ཅིས་མི་ཆོག
 
གཉིས།
     བདག་ལ་ཀུན་གྱིས་མིང་ལ་ཆང་འཐུང་དུ་འབོད་བཞིན་པའི་གྲོགས་པོ་ཞིག་ཡོད་ལ།ངས་ནི་ནམ་རྒྱུན་ཁོ་ལ་དཔེ་ཆ་བ་ཞེས་འབོད་བཞིན་ཡོད།བལྟས་ཡོང་ན་ཆང་འཐུང་ཞེས་པའི་མིང་དེ་དང་དཔེ་ཆ་བ་ཞེས་པའི་མིང་འདི་གཉིས་གང་ཡིན་ན་ཡང་ཆོག གྲོགས་པོ་ཁོ་དང་ཁོའི་སྤྱོད་པ་དང་ཧ་ཅང་འཚམ་པའི་མིང་གཉིས་རེད་བསམས་ཡོད་དེ།ངེད་གཉིས་ཀྱིས་ངོ་ཤེས་པའི་ལོ་འདི་དག་གི་རིང་ལ་ང་རང་ཁོ་སར་སོང་བ་བགྲང་གིས་མི་ལང་ལ།འགྲོ་ཐེངས་རེ་རེར་ཁོའི་ཉིན་རྒྱུན་གྱི་ལས་ཀ་ནི་དཔེ་ཆར་བལྟ་བ་མིན་ན་ཆང་འཐུང་བཞིན་ཡོད་པ་དང་།ཡང་ཆང་འཐུང་བ་མིན་ན་དཔེ་ཆར་བལྟ་བཞིན་ཡོད་པ་དེ་རེད།ངེད་གཉིས་ངོ་ཤེས་གྲོགས་པོ་རུ་གྱུར་ནས་དུས་ཡུན་རིང་བོ་ཞིག་འགོར་ཡོད་ཀྱང་།བདག་གིས་ཁོའི་དངོས་མིང་ལ་ཅི་ཟེར་བ་དུས་ད་ལྟ་ད་དུང་ཡང་མི་ཤེས།བདག་གིས་ཐེངས་དུ་མར་ཁྱོད་ཀྱི་དངོས་མིང་ལ་ཅི་ཟེར་བ་ཡིན་ཞེས་དྲིས་མོད།འོན་ཀྱང་ཁོས་ད་བར་དུ་ང་ལ་ཁོའི་དངོས་མིང་ལ་ཅི་ཡིན་པ་བཤད་མ་མྱོང་བ་མ་ཟད།ཁ་སང་ཡང་ངས་ཁོ་ལ་ཁྱོད་ཀྱི་དངོས་མིང་ལ་ཅི་ཟེར་བ་ཡིན་ཞེས་དྲིས་མ་ཐག ཁོས་ང་ལ་སྡང་མིག་ཅིག་དང་ཆང་དྲི་ཞིག་དང་མཉམ་དུ་'དཀོན་མཆོག་གསུམ་སུན་པ་ལ།བུ་ངར་བ་ཡིན་ན་ད་ནས་བཟུང་ཁྱོད་ཀྱིས་ང་ལ་ངའི་དངོས་མིང་ལ་ཅི་ཟེར་བ་ཡིན་ཞེས་ཐེངས་གཅིག་ཕྲིས་དང་།ངས་ཁྱོད་རང་ནེའུ་ཡོར་ཁུ་(Newyork)གྲོང་ཁྱེར་དུ་རྒྱང་ཕུད་གཏོང་མ་ཐུབ་ན་ངས་ད་ནས་བཟུང་དཔེ་ཆར་མི་བལྟ།'ཟེར།ཁ་སང་ཁོ་རང་དངོས་ནས་ཁོང་ཁྲོ་ལངས་ཡོད་པ་འདྲ།འོ་ན་དོན་དམ་དུ་དངོས་མིང་ཞིག་དྲིས་པ་ཙམ་གྱིས་ཁོ་རང་དེ་འདྲའི་ཁོང་ཁྲོ་སྐྱེས་དགོས་དོན་ཅི།ངས་ངོ་མ་ཧ་གོ་མ་སོང་།ངས་ངོ་མ་ཧ་གོ་མ་སོང་།
       ངས་རང་གི་ཁྱིམ་མི་དང་སྡེ་མི་ཚོར་ཆང་འཐུང་དེའི་དངོས་མིང་ལ་ཅི་ཟེར་བ་རེད་ཅེས་དྲིས་པ་ཡིན་མོད།འོན་ཀྱང་ཁོ་ཚོ་སུ་གཅིག་གིས་ཀྱང་ཆང་འཐུང་གི་དངོས་མིང་ཤེས་ཀྱིན་མི་འདུག་པ་མ་ཟད།ཁོ་རང་ཡུལ་གང་ཞིག་གི་མི་ཡིན་པ་ཡང་ཤེས་ཀྱིན་མི་འདུག གང་ལྟར་ང་ཚོ་ས་ཆའི་མི་ཞིག་མ་རེད་ཟེར།དཔེ་ཆ་བ་འདི་ངོ་མ་མི་ཡ་མཚན་ཞིག་རེད།ཁོ་རང་ཇི་ལྟར་གབ་ཚིག་ལྟ་བུའི་མི་ཞིག་ཏུ་གྱུར་བ་ཡིན་ན།ང་རང་ལྷག་ཏུ་ནས་ཀྱང་ཁོ་དང་ཉེ་སར་བཅར་འདོད་ཀྱི་འདུན་པ་ཇེ་ཆེར་གྱུར་ཞིང་།ཆང་འཐུང་དང་དཔེ་ཆ་བ་ཞེས་པའི་སེང་རས་འདིའི་འོག་ཏུ་ཡང་སྙིང་ཅི་ཞིག་སྦས་ཡོད་དམ་སྙམ་ན།ངས་ལྷག་ཏུ་ནས་ཀྱང་ཁོའི་དངོས་མིང་ལ་ཅི་ཟེར་བ་དང་།ཁོའི་ཕ་ཡུལ་གང་གི་ཡིན་པ།ཁོ་ལ་གཉེན་ཉེ་དུ་ཟེར་བ་ཞིག་ཡོད་དམ་མེད།མདོར་ན་ཁོ་རང་ཡང་སྙིང་སུ་ཡིན་པ་ཤེས་འདོད་ཆེན་པོ་སྐྱེས་སོང་།
 
གསུམ།
      ཕྱིར་འདང་ཞིག་བརྒྱབ་ན།དཔེ་ཆ་བ་དང་ངེད་གཉིས་དང་ཐོག་དཔེ་ཁང་ཞིག་ཏུ་ངོ་ཤེས་པ་ཡིན།ཉིན་དེར་ང་རང་བསྟོད་སྨོན་ཕྱོགས་བསྒྲིགས་དང་བཀྲ་ཤིས་བརྩེགས་པའི་ཁ་འདོན་དཔེ་ཆ་དེ་གཉིས་ཉོ་རུ་སོང་བ་ཡིན་ཞིང་།སྐབས་དེར་དཔེ་ཆ་བ་ཡང་དཔེ་ཁང་དེ་རུ་འདུག་ལ།ངས་ཁོ་རང་མཐོང་མ་ཐག་མི་འདི་ཅུང་རྒྱུན་ལྡན་ཞིག་མ་རེད་བསམས་བྱུང་།དེ་དུས་ཀྱི་དགུན་ཁ་ནི་ལོ་སྔ་མ་དག་ལས་ཡོང་སྔ་ཞིང་གྲང་འཁྱག་ཀྱང་ལོ་སྔ་མ་དག་ལས་ཤིན་ཏུ་ཆེ་བ་མ་ཟད།ཉིན་དེའི་བཙག་བསེར་བུ་གཉིས་ཀྱི་རྒྱུ་བ་ལྷག་ཏུ་ནས་ཀྱང་གདུག་རྩུབ་ཆེ་བ་ཞིག་ཡིན་སྟབས།སྲང་ལམ་གྱི་མི་ཚོས་ལུས་ལ་གྱོན་པའི་ལྭ་བ་སྔར་ལས་མཐུག་ཅིང་།ཉིན་དེར་མིག་ཤེལ་དང་སྐེ་གཅུས་གྱོན་པའི་མི་ཡང་ག་ས་གང་དུ་མཐོང་ཐུབ།ཡིན་ན་ཡང་།དཔེ་ཆ་བ་ནི་ངོ་མ་མི་ཡ་མཚན་ཞིག་སྟེ།ཁོས་ལྭ་བ་གྱོན་ཡོད་པ་དེ་དག་དབྱར་གཞུང་ལ་འཚམ་པའི་ལྭ་བ་ཏག་ཏག་ཡིན་ཞིང་།བྱ་གག་གི་མགོ་དབྱིབས་ལྟ་བུའི་ཞྭ་མོ་ཞིག་གྱོན་ཡོད་པ་ལ་བལྟས་ན།ཁོ་རང་སན་ཡཱ་(三亚)ལྗོངས་རྒྱུའི་གནས་ཁུལ་གྱི་རྒྱ་མཚོའི་འགྲམ་དུ་བག་ཡངས་སུ་འགྲོ་ཞིང་།གདོང་པགས་འཚིག་པར་དོགས་པའི་ཡུལ་སྐོར་བ་ཞིག་དང་འདྲ་ལ།མདོག་དཀར་པོའི་ཚི་ལེན་ཐར་རྐྱང་ཞིག་དང་སྨུག་མདོག་གི་རྐང་ཐུང་ཞིག་གྱོན་ཡོད་པ་ལ་བལྟས་ན།ཁོ་རང་ནམ་ཟླ་ཧ་ཅང་བཟང་བའི་དབྱར་ཁའི་ཉིན་མོ་ཞིག་ལ་རྨ་ཁུགས་རྩྭ་ཐང་གི་ཡུལ་གྲུ་གང་རུང་ཞིག་ཏུ་བསོར་གཡེང་བྱེད་པའི་རྒྱ་གཏིང་གི་རྒྱ་མི་ཞིག་དང་འདྲ་ཞིང་།ཡང་རྐང་འབོབ་མེད་པའི་འདྲུད་ལྷམ་ཞིག་ལས་སྟར་འགྲིག་པའི་རྐང་མཛུབ་དང་རྒྱགས་ཆེ་བའི་རྐང་མཐིལ་དག་ཕྱི་རུ་མངོན་ཡོད་པ་ལ་བལྟས་ན།ཁོ་རང་ཟི་ལིང་གྲོང་ཁྱེར་གྱི་ཞབས་ཞུའི་རིམ་པ་ཆེས་མཐོ་བའི་སོ་ནཱ་(Sauna)ནང་གི་འབྲོག་པ་གཏོང་ཕོད་ཅན་དེ་ཚོ་དང་འདྲ།གང་ལྟར་ཉིན་དེར་ཁོའི་རྒྱུན་ལྡན་མ་ཡིན་པའི་ལྭ་བ་གྱོན་སྟངས་དེས་ང་ལ་བག་ཆགས་མི་དམན་པ་ཞིག་བཞག་མྱོང་ཡོད།
       ང་མ་ཟད་དཔེ་ཁང་གི་བདག་པོ་དང་དཔེ་ཆ་ཉོ་རུ་ཡོང་མཁན་སུ་ཞིག་ཡིན་ན་ཡང་ཆོག མཉམ་བཞག་མ་བཞག་གི་བར་མཚམས་ནས་ཁོ་སར་ཡ་མཚར་བའི་མིག་མདངས་རེ་འཕེན་བཞིན་འདུག ཁོས་དཔེ་ཆ་ཉོ་སྟངས་དེ་ཡང་སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མིན་པའི་འབྲོག་པ་ཚོས་བཟའ་བཅའ་ཉོ་བ་ལྟར།དཔེ་ཆ་གཅིག་གཉིས་རེ་དང་ཡང་ན་གཉིས་གསུམ་རེ་ཉོས་པས་འཐུས་པ་ཞིག་མ་ཡིན་པར།དཔེ་ཁང་གི་བདག་པོ་དེའི་བཤད་པ་ལྟར།'ཆང་འཐུང་།ད་རེབ་ཡང་ཁྱོད་ཀྱིས་དཔེ་ཆ་པོ་ཏི་བརྒྱ་དང་ཉི་ཤུ་རྩ་བདུན་ཉོས་འདུག་པས།ཁྱོད་ལ་དམིགས་བསལ་གྱིས་རིན་གོང་ཕབ་གཅོག་བྱས་ཆོག'ཅེས་བཤད་པ་ལ་གཞིགས་ན།ཁོས་སྔོན་ཆད་ཀྱང་དཔེ་ཁང་འདི་རུ་ཉོ་ཐེངས་གཅིག་ལ་དཔེ་ཆ་མི་ཉུང་བ་ཞིག་ཉོས་ཡོད་པ་ཤེས་ལོས་ཐུབ།སྐབས་དེར་ངའི་སེམས་སུ་ཤར་བ་ནི།ཁོས་འདི་འདྲའི་དཔེ་ཆ་མང་བོ་ཞིག་ཅི་ལྟར་བྱས་ནས་འཁྱེར་རམ་སྙམ།ངས་རང་གིས་ཉོས་པའི་དཔེ་ཆའི་དཔེ་རིན་སྤྲོད་བཞིན་པའི་སྐབས་སུ་ཤོག་སྒམ་ཆེན་པོ་ཞིག་ཏུ་ཉོས་ཟིན་པའི་དཔེ་ཆ་དག་སྒྲུག་བཞིན་པའི་ཁོ་སར་ཅེར་ནས་བསྡད།དཔེ་རིན་སྤྲད་ཚར་མ་ཐག་ང་རང་ཤོག་སྒམ་དེའི་ཕྱོགས་གཅིག་ནས་ཁོ་དང་ཁ་གཏད་དུ་ལངས་ཏེ།'ངས་ཁྱེད་ལ་འཁྱེར་གྲོགས་བྱས་ཆོག'ཅེས་བཤད་པ་ན།ཁོས་ང་ལ་བལྟ་ཙམ་བྱས་པ་ལས་སྐད་ཆ་ཅི་ཡང་མ་བཤད་ལ།མུ་མཐུད་དུ་ལྷག་མའི་དཔེ་ཆ་དག་ཤོག་སྒམ་དེ་རུ་བསྒྲུགས་སོང་།
       ངེད་གཉིས་ཀྱིས་སྟོབས་ཤུགས་ཡོད་རྒུས་ཤོག་སྒམ་དེའི་མཐའ་གཉིས་ནས་བཟུང་ཏེ་དཔེ་ཁང་གི་སྒོ་རུ་བུད་པ་ན།ཁོས་ང་ལ་'སར་ཞོག'ཅེས་ཤོག་སྒམ་དེ་ས་རུ་འཇོག་པར་སྐུལ་བ་ན་ངས་ཀྱང་ཁོའི་ངག་བཞིན་དུ་བྱས་པ་ཡིན།ཤོག་སྒམ་སར་བཞག་རྗེས་ཁོ་རང་མི་དལ་མི་བྲེལ་གྱི་གོམ་སྟབས་ཤིག་དང་བཅས་ཏེ་དཔེ་ཁང་དེའི་ཕྱི་རོལ་གྱི་སྒེའུ་ཁུང་འགྲམ་དུ་སོང་ནས།ཡང་མི་ཆེ་མི་ཆུང་གི་ཤོག་སྒམ་གཞན་ཞིག་འཁྱེར་ནས་ཐོན་ཞིང་།ཤོག་སྒམ་གཞན་དེ་ཉིད་དཔེ་ཆ་བསྒྲུགས་ཡོད་པའི་ཤོག་སྒམ་དེའི་སྟེང་དུ་བཞག་པ་ན།ངེད་གཉིས་ཀྱི་འཁྱེར་བྱའི་དངོས་པོ་མངོན་སུམ་གྱིས་ཇེ་ལྕི་ལ་སོང་བ་མ་ཟད།དྲི་ཞིམ་ཞིག་ཀྱང་སྣ་ལམ་དུ་ཐུ་ལུ་ལུ་བྱེད་བཞིན་འདུག ལམ་བར་དུ་མི་མང་བོ་ཞིག་གིས་ངེད་གཉིས་ལ་མིག་མདངས་མི་འདྲ་བ་མང་བོ་ཞིག་གིས་བལྟས་འདུག་ཅིང་།ངས་བསམ་ན་དེ་ནི་མི་ཕུང་གསུམ་པ་འདིའི་གྱོན་པ་གོན་སྟངས་ལན་པ་ཡིན་བསམ།ལམ་བར་དུ་བདག་གིས་ཁོ་ལ་དབུགས་ཧལ་ཧལ་དུ་འདྲི་རྒྱུར།'ཁྱོད་ཀྱི་ཤོག་སྒམ་གཞན་པ་འདིའི་ནང་དུ་ཅི་ཞིག་ཡོད།'ཁོས་ཀྱང་དབུགས་ཧལ་ཧལ་དུ་ལན་བཏབ་པ་སྟེ།'དེ་ནི་ཚྭ་ཁུ་རྒྱ་མ་བཅུ་ཡིན་ཟེར།'
       'ཀུ་རེ་མ་རྩེ།ཚྭ་ཁུ་ལ་འདི་འདྲའི་དྲི་མ་ཞིག་ཡོད་མི་སྲིད།'
       'ཚྭ་ཁུ་ལ་དེ་འདྲའི་བྲོ་བ་ཞིག་མེད་ན།ངས་འདི་འདྲའི་བྱ་སྒོང་མང་བོ་ཞིག་ཉོ་དགོས་དོན་མེད།'
       'ཨ་ཅི་ཟེར།ཁྱོད་ཀྱིས་གང་ནས་བྱ་སྒོང་མང་བོ་ཞིག་ཉོས་པ་ཡིན།'
       'ད་སོ་མ་དཔེ་ཁང་དུ་ཉོས་པ་མ་ཡིན་ནམ།'
       ཁོས་དེ་འདྲའི་ཡ་མ་གཟུགས་ཀྱི་ལན་ཞིག་བཏབ་པས།ངས་ལམ་གྱི་རིང་ཐུང་གང་བོར་མཚར་སྣང་གི་བསམ་གཞིག་ཀློང་ནས་ཡང་དང་ཡང་དུ་རང་ལ་འོ་བརྒྱལ་བཟོ་བ་ལས།མིག་མདུན་གྱི་སྐྲ་རིང་བོ་སོག་འདབས་སུ་འཁྱིལ་ཞིང་།གདོང་གནག་ཅིང་ཕྲག་ཞེང་ཆེ་བ།གཟུགས་པོའི་རིང་ཚད་ལ་ཧ་ལམ་སྤྱི་ཁྲེ་གཅིག་ཚེག་བདུན་ལྔ་ཙམ་ཡོད་པའི་མི་ཕུང་གསུམ་པ་འདི་ལ་སྐད་ཆ་བཤད་རྒྱུ་ཡང་ཅུང་དོགས་མི་བདེ་བ་ལྟ་བུ་ཞིག་ཏུ་གྱུར་སོང་།
       ཁོ་རང་འདུག་སའི་ཁང་མིག་དང་དཔེ་ཁང་དེའི་བར་ཐག་དེ་འདྲའི་རིང་བོ་ཞིག་མ་རེད།ངས་ཁོ་ལ་རོགས་བྱས་ཏེ་ཤོག་སྒམ་དེ་གཉིས་ཁོའི་འདུག་ཁང་གི་སྒོ་རུ་བསྐྱལ་རྗེས་ང་རང་ཕྱིར་ཡོང་གྲབས་བྱས་པ་ན།ཁོས་ང་ལ་'ཅུང་ཙམ་སྒུག་དང་།'ཞེས་ཁྱིམ་དུ་སོང་ནས་དཔེ་དེབ་ཅིག་འཁྱེར་ཡོང་ནས་ངའི་ལག་ཏུ་འཇོག་ཞོར་དུ་'སྒོར་མོ་འདི་དག་ངས་བཀོལ་ཚར་སོང་བས་ང་ལ་ཡང་བསྐྱར་དགོས་དོན་མེད།ད་ནི་ཁྱོད་ཀྱིས་འཁྱེར་སོང་ནས་ཁོལ་ཞིག'ཟེར།ཁོས་ཡང་ང་ལ་ཀུ་རེ་རྩེ་བཞིན་འདུག དོན་དམ་དུ་འདི་ནི་དཔེ་དེབ་ཅིག་ལས་སྒོར་མོ་ཞིག་གང་ནས་ཡིན།ངས་ཁོ་ལ་དེ་ལྟར་བཤད་རྩིས་བྱས་མོད།འོན་ཀྱང་ཁོས་ང་ལ་ཁོའི་སེམས་ནང་གི་སྒོར་མོ་དེ་བྱིན་རྗེས་སླར་ཡང་ཁྱིམ་དུ་སོང་ཞིང་།དེ་མུར་གནམ་ས་གཡོ་བ་ལྟ་བུའི་གླུ་སྐད་ཅིག་ཁོའི་འདུག་ཁང་གི་ཕྱི་ནང་དུ་མཆེད་ཅིང་།མི་རིང་བར་ཁོས་འདུག་ཁང་དེའི་སྒོ་ཕྱི་རུ་ལག་འདྲུད་སྒྲ་སྒམ་ཧ་ལམ་མིའི་ཆེ་ཆུང་དང་མཉམ་པ་ཞིག་འདྲུད་མ་བཀྱགས་ཀྱིས་འཁྱེར་ནས་ཐོན་ཞིང་།གླུ་དབྱངས་ཀྱི་དབྱངས་འགྲོས་དང་བསྟུན་ནས་ཚྭ་ཁུ་རྒྱ་མ་བཅུ་ཡིན་ཟེར་བའི་ཤོག་སྒམ་དེ་ཁང་བའི་ནང་དུ་འཁྱེར་ཞིང་།དེ་ནས་ཡང་མུ་མཐུད་དུ་ནང་དུ་ཡོད་པ་ནི་བྱ་སྒོང་ཡིན་ཟེར་བའི་ཤོག་སྒམ་ཆེན་པོ་དེའི་ཁ་ཕྱེས་ཏེ་དཔེ་ཆ་རེ་རེ་བྱས་ཏེ་ཁྱིམ་དུ་སྐྱེལ་འགོ་བརྩམས་སོང་།ངོ་མ་འཇིག་རྟེན་གྱི་ཁ་དཔེ་ལ་མི་མ་ཤི་བར་བསྡད་ན་རིག་རྒྱུ་མཐོང་རྒྱུ་ཅི་འདྲའི་མང་བ་ལ།ངས་ད་བར་དུ་ཁོ་ལྟ་བུའི་མི་ཡ་མཚན་ཞིག་རིག་མ་མྱོང་།སོམས་དང་།ཁོའི་ཕྱི་ལུས་ཀྱི་གོན་པ་གྱོན་སྟངས་དང་ནང་སེམས་ཀྱི་སྐད་ཆ་ཕྱི་རུ་བྱོ་སྟངས་དག་ཅི་འདྲའི་བློས་དཔག་དཀའ་བ་ཞིག་རེད།
 
བཞི།
      ཉིན་འགའི་རྗེས་ནས་ང་རང་བསམ་གཟས་ཏེ་མི་ཡ་མཚན་དེ་ཡོད་སར་སོང་བ་ཡིན།ངས་སྒོ་ཕྱི་རུ་ཡུད་ཙམ་ལ་ཁ་རོག་གེར་ཁང་བ་དེའི་ནང་ཁྱིམ་གྱི་གྲག་འགུལ་ལ་མཉམ་བཞག་ནས་བསྡད་ཀྱང་།ཁོའི་སྡོད་ཁང་དེའི་ཕྱི་ནང་མཐའ་གསུམ་ཡང་ང་དང་འདྲ་བར་ཁུ་སིམ་མེར་འདུག་པ་ལས་གྲག་འགུལ་ཅི་ཡང་མེད་པ་འདྲ།དེ་ནས་ང་རང་རྐང་འཇབ་ལག་འཇབ་ཀྱིས་ཁང་བའི་སྒོ་རྩ་རུ་སོང་ནས་རྣ་བ་ཡ་གཅིག་ཁང་སྒོ་ལ་གླན་ཏེ་ཉན་པ་ཡིན་མོད།འོན་ཀྱང་སྔར་བཞིན་གྲག་འགུལ་ཅི་ཡང་མི་འདུག་པས།ངའི་སེམས་སུ་ཁོ་རང་ཁྱིམ་དུ་མི་འདུག་བསམ་ནས་ཕྱིར་འགྲོ་རྩིས་བྱེད་སྐབས།'ལྐོག་ལྐོག་སུད་སུད་ཀྱི་སྦྱོར་བ་ལ་ང་རང་སྔར་ནས་སུན་པོ་བྱུང་ཡོད།ཁྱོད་ལ་དོན་དག་ཡོད་ན་ཁྱིམ་དུ་ཤོགས།དོན་དག་མེད་ན་བདག་གིས་ཟ་མ་གཡོས་སྦྱོར་བྱེད་ཀྱིན་པ་ལ་བར་ཆད་མ་གཏོང་།'ཞེས་ཉིན་འགའི་སྔོན་ལ་ངས་ཐོས་མྱོང་བའི་སྐད་གདངས་ཤིག་གྲག་འགུལ་མེད་པའི་ནང་ཁྱིམ་དེ་ནས་ཕྱི་རུ་གྲགས་འོང་བ་ན།ང་རང་ཅུང་རྟབ་རྟབ་པོར་གྱུར་ཞིང་གློ་བུར་དུ་ཕྱིར་ཇི་ལྟར་བྱས་ཏེ་ལན་འདེབས་དགོས་པ་ཡང་མ་ཤེས་པར་ཡོད་དུས།སྒོའི་ཙིར་སྒྲ་ཞིག་དང་ལྷན་དུ་མི་ཕུང་གསུམ་པ་དེ་སྒོ་ཕྱི་རུ་ཐོན་སོང་།ཁོས་ལྭ་བ་གོན་སྟངས་དེ་ཉིན་འགའི་སྔོན་ལ་ངེད་གཉིས་དཔེ་ཁང་དུ་འཕྲད་སྐབས་དང་གཅིག་མཚུངས་ཡིན་ཡང་།ད་རེབ་སྔ་མ་དང་མི་འདྲ་ས་ཞིག་ཡོད་པ་ནི་ཁོའི་དཔྲལ་ཞབས་སུ་འཕྲེད་དུ་བསྐྱོན་ཡོད་པའི་ཤེལ་མདོག་དཀར་པོ་ཅན་གྱི་མིག་ཤེལ་དེ་རེད།མིག་ཤེལ་དེས་ཁོ་རང་དཔེ་ཆ་བ་ཞིག་གམ་ཚན་རིག་པ་ཞིག ཡང་ན་རྩོམ་པ་པོ་ཞིག་ལོས་ཡིན་སྙམ་པའི་སྣང་བརྙན་བསྐྲུན་ཐུབ་པ་མ་ཟད།ཉིན་འགའི་སྔོན་ལ་ཁོས་དཔེ་ཆ་པོ་ཏི་བརྒྱ་དང་ཉི་ཤུ་རྩ་བདུན་ཉོས་པའི་དོན་དེའི་ཕྱི་ནང་བར་གསུམ་ལ་ཡང་ཟོལ་རྫུ་མ་ཡིན་པའི་བདེན་པའི་ར་སྤྲོད་བྱེད་པ་དང་འདྲ་བའི་སྣང་བརྙན་ཞིག་ཀྱང་རང་ཤུགས་སུ་གྲུབ་ཐུབ་འདུག
       ང་རང་ཁོའི་རྗེས་སུ་འབྲངས་ཏེ་ཁྱིམ་དུ་འཛུལ་མ་ཐག ཁང་བ་འདི་ལ་ཁང་བ་གཞན་དང་མ་འདྲ་བའི་མྱོང་ཚོར་ཟབ་མོ་ཞིག་སྐྱེ་འགོ་བརྩམས་སོང་སྟེ།མལ་ཁྲི་ཆུང་ཆུང་ཞིག་དང་མལ་ཐུལ་མཐུག་པོ་ཞིག རྩམ་སྒམ་ཆུང་ཆུང་ཞིག་དང་ཅ་ནེ་ཁ་ཆག་ཅིག ད་དུང་བཙའ་ཡིས་ཟིན་པའི་ལྕགས་ཐབ་ཅིག་དང་དུ་དྲེག་ཆགས་པའི་རྫ་མ་ཞིག ཆང་འཐུང་བྱེད་ཀྱི་ཆང་ཕོར་ཞིག་དང་ཇ་འཐུང་བྱེད་ཀྱི་ཇ་ཕོར་ཞིག་ཡོད་པ་ཕུད།ཁང་བའི་ག་ས་གང་དུ་ཡིག་རིགས་འདྲ་མིན་གྱི་དཔེ་ཆ་དང་ཏུའུ་ཚད་དམ་བཟི་ཚད་འདྲ་མིན་གྱི་ཆང་དམ་སྟོང་བ་དང་ཡང་ན་ཁ་ཕྱེས་མེད་པའི་ཆང་དམ་གསོན་པོས་བཀང་འདུག
       'དེ་རུ་ཙོག་དང་ངས་ཁྱོད་ལ་ཇ་ལྡུགས།'
       བདག་གིས་མི་བུ་ཕུང་གསུམ་པ་དེའི་ངག་བཞིན་དུ་ཁོའི་མལ་ཁྲི་ཡིན་ལ་རྐུབ་སྟེགས་ཀྱང་ཡིན་པའི་མལ་ཁྲི་དེའི་གཞོགས་གཅིག་ནས་མར་ཙོག་མ་ཐག ཁོས་ང་ལ་སྙན་ངག་གི་དཔེ་དེབ་ཅིག་སྟེར་ཞོར།'ཇ་འདི་ཞིམ་པ་ལ་ཚད་ཅིག་མི་འདུག'ཟེར།བལྟས་ཡོང་ན་ཁོས་བཤད་ཀྱིན་པའི་ཞིམ་མངར་ཆེ་བའི་ཇ་ནི་སྙན་ངག་གི་དཔེ་དེབ་འདི་ཡིན་པ་འདྲ།ངས་སྙན་ངག་གི་དཔེ་དེབ་དེའི་ཤོག་ལྷེ་དག་ཕར་བསློགས་ཚུར་བསློགས་ཙམ་བྱེད་པའི་མོད་ལ།'ཅི་རེད།ཁྱོད་རང་འདི་ནས་འདྲེ་ཉལ་རྒྱག་རྒྱུ་ཡིན་ནམ།'ཁོས་ང་ལ་སྡང་མིག་ཅིག་དང་བཅས་ཏེ་དེ་ལྟར་བཤད་བྱུང་བས།ང་རང་དེ་མ་ཐག་ཡར་ལངས་ཏེ་ཁང་བའི་སྒོ་ཕྱི་རུ་འགྲོ་སྐབས།ཁོས་ངའི་གཞུག་ཏུ་'རྗེས་ནས་བཟུང་ཁོམ་པ་ཡོད་ན་ང་སར་ཤོགས་དང་།ངས་ཁྱེད་ལ་ཀ་ར་དང་གོ་རེ་སྟེར།'ཟེར།དུས་དེ་ནས་བཟུང་ང་རང་ནམ་རྒྱུན་ཁོ་སར་ཀ་ར་དང་གོ་རེ་ལེན་དུ་སོང་བ་ཡིན་ལ།དུས་དེ་ནས་བཟུང་ངེད་གཉིས་བར་གྱི་སྟེར་མཁན་དང་ལེན་མཁན་བར་གྱི་འབྲེལ་བ་ཡང་ཇེ་ཟབ་ནས་ཇེ་ཟབ་དུ་སོང་བས།དུས་དེ་ནས་བཟུང་ས་ཆ་འདི་རུ་ཁོའི་ཁེད་དང་འདྲ་བའི་བྱ་ལུགས་བྱེད་ལུགས་ལ་ཆེས་ཆ་རྒྱུས་ཡོད་མཁན་གྱི་མི་དེ་ནི་ང་མིན་ན་སུ་ཡིན།འོན་ཀྱང་དོན་དམ་དུ་ཁོའི་དངོས་མིང་ལ་ཅི་ཟེར་བ་ཡིན་ནམ།ཁ་སང་དངོས་མིང་ཞིག་དྲིས་པ་ཙམ་གྱིས་ཁོ་རང་དེ་འདྲའི་ཁོང་ཁྲོ་ཟ་དགོས་དོན་ཅི་ཡིན་ནམ།
 
ལྔ།
       དེ་རིང་ང་ཁོ་ཡོད་སར་ཀ་ར་དང་གོ་རེ་ལེན་དུ་མ་སོང་།སང་ཉིན་ཡང་མི་འགྲོ་ཐག་ཆོད་ཡིན།གལ་ཏེ་ངས་མུ་མཐུད་དུ་ཁོ་དང་བར་ཐག་ངེས་ཅན་ཞིག་བཟུང་ནས་བསྡད་པ་ཡིན་ན།མི་ཕུང་གསུམ་པ་འདིའི་རང་གཟུགས་ངོ་མ་དེ་ལྷང་ལ་འབུད་ཀྱང་སྲིད།ཡང་གཅིག་བཤད་ན།ཉེ་ཆར་ངས་ལན་ཀྲུག་གྲོང་ཁྱེར་དུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་བུད་མེད་ཅིག་ལ་ཁ་པར་ལམ་ནས་དགའ་རོགས་བསྒྲིགས་ཡོད་པ་མ་ཟད།མོས་ང་རང་ནམ་ཡོང་ན་ནམ་སྒུག་འདུག་ཅེས་ཚིག་རྟིང་མནའ་ཡིས་བསྣན་ཡོད་པས།ཉིན་འདི་ཚོའི་གོ་སྐབས་དང་བསྟུན་ནས་ང་རང་མོ་ཡོད་སར་སོང་ན་ཡང་མི་བཟང་རྒྱུ་མེད་ལ།ཕྱིར་ཐོན་རྗེས་ད་གཟོད་མི་ཕུང་གསུམ་པ་དེ་ཡང་སྙིང་སུ་ཞིག་ཡིན་པ་རྩད་གཅོད་བྱས་ན་ཡང་འཕྱི་མི་འདུག་སྙམ་པས།ངས་མདོག་ནག་པོ་ཡིན་པའི་ཀོ་བའི་རྒྱབ་ཁུག་དེ་རུ་ཁ་པར་གློག་གསོག་སྐུད་པ་དང་གློག་གསོག་ཆས།ད་དུང་དེ་སྔ་མི་ཕུང་གསུམ་པ་དེས་བྱིན་པའི་ཀ་ར་དང་གོ་རེའམ་ཡང་ན་སྙན་ངག་གི་དཔེ་དེབ་དེ་དང་།ཁ་ལག་བཀྲུ་བྱེད་ཀྱི་སྣོད་ཅ་ལག་ཆུང་ཆུང་སྐོར་ཞིག་བསྡུ་གསོག་བརྒྱབ་རྗེས་གཞི་ནས་ལན་ཀྲུག་གྲོང་ཁྱེར་དུ་ལམ་ལ་ཆས་སོང་།
       ང་རང་སྟོང་འདང་ཏ་ལེན་གང་དང་མཉམ་དུ་ལན་ཀྲུག་གྲོང་ཁྱེར་དུ་འབྱོར་སོང་།ངས་ཁ་པར་ལམ་ནས་ནས་བུད་མེད་དེ་ལ་འབྲེལ་བ་བྱེད་འགོ་བརྩམས།
       'བདེ་མོ།'
       'བདེ་མོ་ཡིན།'
       'ང་ཁྱོད་ལ་བལྟ་རུ་ཐོན་ཡོད།'
       བུད་མེད་དེས་རང་གི་རྣ་བ་ལ་ཡིད་མི་ཆེས་པ་ལྟར་'ཨ།ངོ་མ་ཟེར་བ་ཡིན་ནམ།ཁྱོད་འདི་ངོ་མ་མི་དྲང་མོ་ཞིག་རེད།བཀའ་དྲིན་ཆེ།'ཏུའུ་་་ཁ་པར་གྱི་སྒོ་བརྒྱབ་སོང་།ངས་ཡང་བསྐྱར་མོ་ལ་ཁ་པར་ཐེངས་འགར་བཏང་ཡང་ཁ་པར་གྱི་སྒོ་གཏན་དུ་ཕྱེ་རྒྱུ་མིན་པ་འདྲ།ངོ་མ་སྐྲ་རིང་མ་དང་བློ་ཐུང་མ་ཟེར་བ་ཅི་མ་བདེན།གནམ་འོག་གི་བུད་མེད་ཡོད་ཚད་འདི་འདྲ་ཞིག་ཡིན་ནམ།ང་རང་ཅུང་སེམས་སྡུག་དང་འདང་རྒྱག་ཅིག་དང་ལྷན་དུ་ལན་ཀྲུག་རྨ་ཆའི་ལྕགས་ཟམ་གྱི་ལན་ཀན་ཞིག་ལ་རྒྱབ་བསྙེས་ཏེ་ཕར་འགྲོ་ཚུར་འོང་གི་མི་ཚོགས་ལ་ཅེར་ནས་བསྡད་ཅིང་།ལྕགས་ཟམ་སྟེང་གི་ཡར་བཞུད་མར་བཞུད་ཀྱི་མི་བུ་སུ་ཞིག་ཡིན་ན་ཡང་ཆོག སོ་སོར་སོ་སོའི་དངོས་མིང་དང་སྐྱེ་ཁུངས་ཀྱི་ལོ་རྒྱུས་ཡོད་པ་རེད།འོ་ན་མི་ཕུང་གསུམ་པ་དེའི་དངོས་མིང་ལ་ཅི་ཟེར་རམ།ཁོའི་སྐྱེ་ཁུངས་ཀྱི་ལོ་རྒྱུས་ག་འདྲ་ཞིག་ཡིན་ནམ།ངས་ཡང་བསྐྱར་མི་ཕུང་གསུམ་པ་དེའི་ཆེད་དུ་མནོ་བསམ་གཏོང་འགོ་བརྩམས་པའི་མོད་ལ།གློ་བུར་དུ་ངའི་ཁ་པར་གྱི་འབོད་སྒྲ་མཚམས་མེད་དུ་གྲགས་བྱུང་།ངའི་སེམས་སུ་དེ་ནི་ཕལ་ཆེར་བུད་མེད་དེས་བཏང་བ་ཡིན་རྒྱུ་རེད་བསམས་མོད།འོན་ཀྱང་ཡིད་ལ་ཡང་མ་ཤར་བ་ཞིག་ལ་ཁ་པར་གྱི་ཨང་གྲངས་དེ་ནི་ཅུང་འཇིགས་སུ་རུང་བ་ཞིག་སྟེ་མངགས་གཏོང་ཁང་གི་གཅིག་གྱུར་གྱི་སྟབས་བདེའི་ཨང་གྲངས་ཏེ་'110'རེད་འདུག ངས་སྐྲག་སྣང་དང་ཐེ་ཚོམ་གྱི་སྒོ་ནས་ཁ་པར་གྱི་སྒོ་དལ་མོར་ཕྱེས་མ་ཐག
       'ཁྱོད་རང་ཁ་པར་ཨང་གྲངས་འདིའི་བདག་པོ་ཡིན་ནམ།'
       ང་རང་དངོས་ནས་སྐྲག་ཐག་ཆོད་སོང་།
       'ཡིན།'
       'ཁྱོད་རང་མྱུར་དུ་གཡུ་འབྲུག་རྫོོང་མི་དམངས་མངགས་གཏོང་ཁང་དུ་ཤོགས།དོན་དག་ཅིག་འདུག'ཏུའུ་་་ཁ་པར་གྱི་སྒོ་བརྒྱབ་སོང་མོད།ངའི་སྙིང་གི་འཕར་ལྡིང་བྱེད་ཚད་ཇེ་མགྱོགས་སུ་སོང་ནས་ལྡིང་མཚམས་གཅོད་དཀའ་བ་ལྟར་གྱུར།ནམ་རྒྱུན་དུ་མི་དམངས་མངགས་གཏོང་ཁང་ནི་རང་གི་ཁེ་དབང་གང་ཞིག་ལ་ཕོག་ཐུག་བྱུང་ན་ཡར་ཞུ་བྱེད་སའི་ལས་ཁུངས་ནུས་པ་ཅན་ཞིག་རེད་བསམས་ཡོད།འོན་ཀྱང་།དེ་རིང་རང་ཉིད་དངོས་སུ་མངགས་གཏོང་ཁང་གིས་མགྲོན་དུ་བོས་པ་ཡིན་ན།དེའི་སྐབས་ཀྱི་ཚོར་བ་ནི་དེ་འདྲའི་སྐྱིད་པོ་ཞིག་གཏན་ནས་མ་རེད།རེད་ཡ།དོན་དག་ཅིག་འདུག་ཟེར་བ་ནི་ཡང་སྙིང་དོན་དག་ཅི་ཞིག་ཡིན་ནམ།
 
དྲུག 
       ང་རང་ལན་ཀྲུག་གྲོང་ཁྱེར་ནས་ཕྱིར་གཡུ་འབྲུག་རྫོང་དུ་ཐོན་མ་ཐག ཐད་ཀར་དུ་རྫོང་མངགས་གཏོང་ཁང་དུ་སོང་བ་ཡིན།མངགས་གཏོང་ཁང་གི་ཉེན་རྟོག་པ་ཚོས་ང་ལ་འདྲ་པར་ཞིག་བསྟན་ནས་'ཁྱོད་ཀྱིས་མི་འདི་ངོ་ཤེས་སམ།'ཟེར།གནམ་རྒན་མ་འདྲ་པར་དེ་ནི་དཔེ་ཆ་བ་དེ་མ་ཡིན་ནམ།
       'ངོ་ཤེས།'
       'བཟང་གི མི་འདིས་ཁ་སང་ཕྱི་དྲོར་ང་ཚོར་ཁ་པར་བཏང་ནས་ཁོས་ལྕགས་སྨྱུག་ཅིག་གི་སྣེ་རྩེ་ཡིས་ཁྱོད་རང་བསད་སོང་ཟེར།ང་ཚོས་དངོས་ནས་ཁྱོད་རང་ཤི་སོང་ཡོད་བསམ་ཡོད།ཡིན་ན་ཡང་ང་ཚོས་འདྲི་རྩད་བྱས་པ་བརྒྱུད་ཁོ་རང་རྩ་མི་ཚང་བའི་མི་ཞིག་ཡིན་པ་རྟོགས་བྱུང་བས།ཅུང་ཙམ་ནས་ཁོ་རང་གློད་གྲོལ་གཏོང་རྒྱུ་ཡིན།ཁྱོད་རང་འདིར་འབོད་དོན་ནི་ཁྱོད་ཀྱིས་ཁྱོད་རང་ཤི་མེད་པའི་བདེན་དཔང་ཡི་གེའི་སྟེང་དུ་མཛུབ་མཐེལ་ཞིག་གནོན་རོགས་ཞུ།'ཟེར།
       མ་གཞི་ཉེན་རྟོག་པ་འདི་ཚོ་གཞུང་དོན་བསྒྲུབ་པ་ལ་ཡོ་ཀྱོག་མེད་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་དགའ་ཏག་ཏག་རེད།ཁོ་ཚོས་ང་ལ་དེ་ལྟར་གནས་ཚུལ་གསལ་བཤད་བྱས་རྗེས་ངའི་སྙིང་གི་འགྲོས་ཚད་ཀྱང་རྒྱུན་ལྡན་ལྟར་ཅུང་ཙམ་ལྷོད་ལ་འབབ་ཐུབ་སོང་མོད།འོན་ཀྱང་མི་ཕུང་གསུམ་པ་དེར་སྐྲག་རྒྱུ་འཇིགས་རྒྱུ་མེད་པར་ཉེན་རྟོག་པ་ལ་མི་བསད་པའི་གྱོད་དོན་རྫུན་མ་ཡར་ཞུ་བྱེད་སྤོབས་པའི་དཔའ་སྙིང་དེ་གང་ནས་བྱུང་ངམ་སྙམ།འགྲོ་ལུགས་མཐའ་དག་བསྒྲུབ་ཚར་རྗེས་ཉེན་རྟོག་པས་མི་ཕུང་གསུམ་པ་དེ་བཀག་ཉར་ཁང་ནས་ཁྲིད་ཡོང་ཞིང་ངེད་གཉིས་མཉམ་དུ་སྒོ་ཕྱི་རུ་འགྲོ་རུ་བཅུག་སོང་།ངེད་གཉིས་སྒོར་བུད་རྗེས་སྔར་བཞིན་མཉམ་དུ་འགྲོ་བཞིན་ཡོད་ཀྱང་ཕན་ཚུན་ལ་སྐད་ཆ་ཅི་ཡང་མ་བཤད།ཧ་ལམ་གོམ་པ་བརྒྱ་ལྷག་ཙམ་ལ་སོང་རྗེས་ངས་ཁོ་ལ་ཅུང་མི་དགའ་བའི་ཚུལ་གྱིས་'ཁྱོད་ཀྱིས་ལྕགས་སྨྱུག་གི་སྣེ་རྩེ་ཡིས་ང་རང་གསོད་འདོད་དམ།'ཞེས་དྲིས་པ་ན།ཁོས་ཧབ་ཆ་དིར་རེ་བ་ཞིག་བརྒྱབ་ཚར་མཐར།'ངས་རྩོམ་རིག་གི་སྐད་ཆས་ཁྱོད་གཅིག་པུ་ཕར་ཞོག མི་བརྒྱ་ཤོག་དང་བརྒྱ་ཤོག་བྱས་ནས་གསད་ཐུབ།'ཟེར།
       ཉེན་རྟོག་པ་ཚོས་བཤད་པ་ལྟར་ཁོ་ནི་དངོས་ནས་རྩ་མི་ཚང་བའི་མི་ཞིག་རེད།ཡིན་ན་ཡང་ད་རེབ་ངས་ཀྱང་ཁོའི་སྐད་ཆའི་ལུགས་དང་བསྟུན་ཅི་ཐུབ་བྱས་པ་སྟེ།'ཁྱོད་ཀྱིས་རྩོམ་རིག་གི་སྐད་ཆས་ང་རང་གསོད་དགོས་དོན་ཅི་ཡིན།'ཞེས་དྲིས་མ་ཐག ཁོ་རང་འགྲོ་མཚམས་བཞག་ཅིང་ངའི་ལུས་ཡོངས་ལ་ཞིབ་བལྟ་ཐེངས་ཤིག་བྱས་རྗེས་གནག་ཅིང་གནག་པའི་ངོ་གདོང་དེ་རུ་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་ཞིང་།'སང་ཉིན་ཆང་དཀར་རྒྱ་མ་དོ་ཉོས་ནས་ང་སར་ཡོང་ཨེ་ཐུབ།གལ་ཏེ་ཡོང་ཐུབ་ན་སང་ཉིན་གཅིག་པུར་ངས་ཁྱོད་ལ་ངའི་དངོས་མིང་བཤད་ཆོག'ཅེས་ཁོ་རང་རང་གི་འདུག་ཁང་གི་ཕྱོགས་སུ་གཟས་ཏེ་བུད་སོང་།ང་ལ་མཚོན་ན་ཆང་དཀར་རྒྱ་མ་དོ་ཡི་འགྲོ་སོང་ལ་བརྟེན་ནས་ད་བར་དུ་དངོས་མིང་གབ་པའི་མི་ཕུང་གསུམ་པ་དེའི་དངོས་མིང་ཤེས་ཐུབ་པ་བྱ་རྒྱུ་ནི་ཅི་འདྲའི་དགའ་འོས་པའི་དོན་ཆེན་ཞིག་རེད།ཁོ་རང་སོང་རྗེས་ང་རང་ལམ་སང་རྗོང་གི་ཤར་ཕྱོགས་སུ་ཡོད་པའི་ཐ་མ་ཁ་དགའ་བོ་དང་ཆང་དགའ་བོ་བཙོངས་རྒྱུ་ཡོད་པའི་ཚོང་ཁང་ཆེན་མོ་དེའི་ཕྱོགས་སུ་ལམ་ལ་ཆས་ཏེ་སང་ཉིན་གྱི་རྒྱལ་ཁ་ལ་སྟ་གོན་བྱས་པ་ཡིན།
 
བདུན།
      དེ་རིང་ཞོགས་པར་ནམ་མཁར་སྤྲིན་པ་དུམ་བུ་དང་དུམ་བུ་བྱས་ནས་རྒྱུ་བས།སའི་གོ་ལ་ལས་ལྡབ་སྟོང་འགྱུར་ཁྲི་འགྱུར་གྱིས་ཆེ་བའི་ཉི་མའི་གོ་ལ་དེ་ཡང་མཚམས་རེར་འཛུམ་ཞིང་མཚམས་རེར་ངུ་།ངས་ཆང་དཀར་དམ་བེ་གཉིས་འཁྱེར་དེ་དཔེ་ཆ་བའི་འདུག་ཁང་གི་ཕྱོགས་སུ་གོམ་སྟབས་བསྒྱུར་ནས་ཅང་མ་འགོར་བར།བྱང་རླུང་འཇམ་པོ་ཞིག་གིས་བདག་གི་སྐྲའི་ཉག་མ་དག་ཕར་གཡུག་ཚུར་གཡུག་བྱེད་འགོ་བརྩམས་ཤིང་།ནམ་མཁའ་ན་རྒྱུ་བའི་སྤྲིན་ཕུང་དེ་དག་ཀྱང་བདག་གི་སྐྲ་ལོའི་ཉག་མ་དང་འདྲ་བར་ཕར་འདེད་ཚུར་འདེད་བྱས་པས་ཉི་མའི་འོད་མདངས་སྔར་ལས་ཇེ་གསལ་དུ་སོང་ཞིང་།ཉི་འོད་ཇེ་གསལ་དུ་སོང་བ་ནི་ལྐོག་གྱུར་གྱི་བྱ་དངོས་ཤིག་ཇེ་གསལ་དུ་འགྲོ་རྒྱུ་ཡིན་པ་འདྲ།
       ང་རང་དཔེ་ཆ་བའི་གམ་དུ་ཐོན་ཞིང་ཆང་དཀར་དམ་བེ་གཉིས་ཡོད་པ་དེ་ཁོའི་མདུན་དུ་བཤམས་པ་ན།ཁོ་ལ་ཡང་གྲ་སྒྲིག་ཡོད་པ་ལྟར་ལྟེབ་བརྩེགས་བྱས་པའི་ཤོག་བྱང་ཞིག་ང་སར་བསྲིངས་ཏེ་'འདི།ཤོག་བྱང་འདིའི་སྟེང་དུ་ངའི་དངོས་མིང་བྲིས་ཡོད།ཡིན་ན་ཡང་ཁྱོད་ཀྱིས་སང་ཉིན་མ་གཏོགས་བལྟ་མི་ཆོག དེའི་ཆེད་དུ་མནའ་ཞིག་ཀྱང་བསྐྱལ་དགོས།'ཟེར།
       མི་ཕུང་གསུམ་པ་འདིའི་མིག་ཤེལ་གཡས་གཡོན་གྱི་ཤེལ་གོར་ཆ་མཉམ་པ་གཉིས་ཡོད་པ་དེ་ལས་ཆེ་ཞིང་ཆེ་བའི་མིག་དེ་གཉིས་ལ་གཡོ་བ་མེད་པར་ངའི་གདོང་ལ་གཟབ་ནན་གྱིས་ཅེར་འདུག
       'ཡུམ།'
       'བཟང་གི དེ་རིང་ཁྱོད་ཀྱིས་ང་ལ་དཔེ་ཆ་བལྟ་རོགས་བྱེད་ཐུབ་བམ།ངས་དཔེ་ཆ་བལྟ་ཞོར་དུ་ཁྱོད་ལ་ངའི་འདས་ཟིན་པ་གླེང་ཆོག'
       ཁོས་ང་ལ་ཡང་ཀུ་རེ་ཅི་ཞིག་རྩེད་བཞིན་འདུག་གམ།གང་ལྟར་ད་ནི་ང་རང་ཁོའི་ཀུ་རེ་རྩེད་སྲོལ་དེ་ལ་གོམས་ལོབས་བྱུང་ཡོད་པས།ངས་ཀྱང་ཁོའི་ལན་དུ་'བལྟ་རོགས་བྱེད་ལོས་ཐུབ།དཔེ་ཆ་གང་ལ་བལྟའམ།'ཞེས་དྲིས་མ་ཐག ཁོས་མིག་ཤེལ་ཕུད་ཞོར་དུ་'ཁྱོད་ཀྱིས་འཁྱེར་ནས་ཡོང་བའི་དཔེ་ཆ་འདི་གཉིས་ཀྱིས་ཆོག'ཟེར་བཞིན་བདག་གིས་ཚོང་ཁང་ཆེན་མོ་ནས་ཉོས་ཡོང་བའི་ཆང་དཀར་དམ་བེ་དེ་གཉིས་ལ་མཆུ་སྟོན་ཞིག་བྱས་པ་དང་ཆབས་ཅིག འདུག་ཁང་འདིའི་ནང་དུ་ཡོད་པའི་ཆང་ཕོར་དེ་ངའི་མདུན་དུ་བཞག་ཅིང་ཇ་ཕོར་ཞིག་ཡོད་པ་དེ་ཁོ་རང་གི་མདུན་དུ་བཞག་སོང་།ཀུན་གྱིས་ཆང་འཐུང་དུ་འབོད་པའི་དཔེ་ཆ་བ་འདི་འདི་ངོ་མ་མི་ཡ་མཚན་ཞིག་རེད།ཅིས་ཀྱང་ད་ནི་ཁོ་དང་མཉམ་དུ་ཆང་ཞིག་ཀྱང་འཐུང་དགོས་བྱུང་སོང་།ཁོས་བྱང་ཆ་དོད་པའི་སྒོ་ནས་ཆང་དཀར་དམ་བེ་གཅིག་གི་ཁ་ཕྱེས་རྗེས་ངའི་མདུན་དུ་བཞག་ཡོད་པའི་ཆང་ཕོར་དེ་རུ་ཆང་དཀར་ཆང་ཕོར་རྐེད་ཙམ་བླུགས་ཤིང་།དེ་ནས་ཁོའི་མདུན་དུ་ཡོད་པའི་ཇ་ཕོར་དེ་རུ་ཡང་ཆང་དཀར་ཇ་ཕོར་རྐེད་ཙམ་བླུགས་རྗེས།'ད་ནི་ངས་ཁྱོད་ལ་ངའི་འདས་ཟིན་པ་གླེང་བར་བྱེད།'ཅེས་ཁོ་རང་མདུན་དུ་ང་སར་སྣུར་ཙམ་བྱས་པའི་གྲ་སྒྲིག་གི་སྦྱོར་བ་དེ་ལ་བལྟས་ན།ཁྲིགས་ཁྲིགས་མེད་ན་ཁོས་ང་ལ་གཏམ་རྒྱུད་རིང་བོ་རིང་བོ་ཞིག་འཆད་རྒྱུ་ཡིན་པ་འདྲ།
   
བརྒྱད།
           ས་ཆ་འདིའི་མི་རྣམས་ཀྱིས་ང་ལ་'ཆང་འཐུང་།'ཞེས་འབོད་ལ་ང་རང་མིང་དེ་ལ་དམིགས་བསལ་གྱིས་ཧ་ཅང་དགའ་བོ་བྱུང་ཡོད།གལ་སྲིད་ང་རང་ངའི་དངོས་མིང་ནས་འབོད་སྲིད་པའི་ཕ་ཡུལ་ཞེས་པ་དེ་རུ་ཕྱིར་ལོག་པ་ཡིན་ན།ངས་འདི་ལྟར་རང་དབང་གི་འདུག་ཁང་ཞིག་ནས་ཀ་ར་དང་གོ་རེ་ཟོས་ནས་འདུག་མི་ཐུབ་ལ།བྱ་སྒོང་ཚྭ་ཁུ་རུ་བསྒྲེས་ནས་ལྷག་ཏུ་ནས་ཀྱང་ཟ་ག་ལ་ཐུབ།ང་རང་དངོས་ནས་ཕ་ཡུལ་ལ་དུངས་ཞེན་ཆེ་བའི་མི་ཞིག་ཡིན་ཡང་།ཕ་ཡུལ་གྱི་ཆེས་སྙིང་ཉེ་བའི་ཡུལ་མི་སྤུན་ཟླ་རེ་ཟུང་གིས་ང་རང་འཇིག་རྟེན་མིའི་མཐུན་འཇུག་ལ་ཞེན་པ་ལོག་པར་བྱས་སོང་བས།ངས་ཕ་ཡུལ་དང་ལེ་བར་སྟོང་ཕྲག་གིས་ཆོད་པའི་ས་མཐའ་འདི་ནས་གཞན་གྱིས་རང་ལ་འཕྱ་སྨོད་བྱེད་པར་སྨོན་ལམ་བཏབ་པ་ཡིན།ངའི་འདས་ཟིན་པའི་འཚོ་བའི་ཁྲོད་དུ་ང་དང་ཕ་ཡུལ་གཅིག་པའི་ནེའུ་ལྡངས་གྲོགས་མཆོག་ཅིག་ཡོད་ལ།ངེད་གཉིས་ནི་དམའ་འབྲིང་ལོ་གསུམ་དང་མཐོ་འབྲིང་ལོ་གསུམ་རིང་གི་སློབ་གྲོགས་ཀྱང་ཡིན།སློབ་གྲྭར་འགྲོ་བའི་སྐབས་སུ་ངེད་གཉིས་ཀྱིས་འཐུང་དཀར་གཅིག་གི་ནང་དུ་ཟ་མ་ཟོས་མྱོང་མོད།གཞུག་ནས་ངས་འཐུང་དཀར་དེ་ཉིད་རྨ་ཆུ་རུ་ཆུ་ལ་བསྐུར་སོང་།འཐུང་དཀར་དེས་རྨ་ཆུའི་གཏིང་ཟབ་ལ་མུན་ནག་གིས་གཏམས་པའི་མིད་ཐག་དེར་སྐྲག་ནས་ཡང་དང་ཡང་དུ་ངུ་འབོད་བྱེད་སྐབས།བདག་གིས་ངེད་གྲོགས་པོ་གཉིས་ཀྱི་མཉམ་ཟ་མཉམ་འཐུང་གི་འཚོ་བ་ལ་ཞེ་སྐྱོ་བའི་ངང་ནས་ཕྱིར་དྲན་ཞིག་ཀྱང་མི་བྱེད་རང་བྱེད་དུ་གྱུར་སོང་ལ།ངས་འཐུང་དཀར་དེ་ལ་ཉེས་པ་མེད་པ་མངོན་སུམ་དུ་ཤེས་ཡོད་ལ།ཡོད་ཚད་སྐྱུག་ལོག་པའི་གྲོགས་པོ་ང་རྒྱལ་ཅན་དེ་ལན་པ་ཡང་མངོན་སུམ་དུ་ཤེས་ཡོད།འཇིག་རྟེན་གནམ་གྱི་འོག་ན་རང་ཉིད་མ་གཏོགས་སློབ་ཆེན་ལ་རྒྱུགས་འཕྲོད་མཁན་མེད་སྙམ་པ་དང་འདྲ་བའི་སློབ་ཆེན་པ་འདི་ཚོའི་ངོ་ལ་ཐལ་གྱིས་མཆོད་དོ་སྐྱབས་སུ་མཆི།ལོ་དེར་གྲོགས་པོས་ཀྲུང་དབྱང་མི་རིགས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་གཏམ་བཟང་དེ་ཐོས་འཕྲལ་ངས་ཁོ་ལ་ཁ་པར་བཏང་ནས་རྟེན་འབྲེལ་ཞུ་བསམ་པ་ཡིན་མོད།འོན་ཀྱང་ཁོའི་བྱ་སྤྱོད་ཅིག་གིས་ང་རང་ཧང་སངས་བར་བྱས་པ་སྟེ།'ཨུན་་་ད་ནས་བཟུང་ཁྱོད་ཀྱིས་ངའི་མིང་ནས་མ་འབོད་མ་གཏོགས།ཨུན་་་ངའི་་་ཁ་ལས་རླུང་རྟ་ལ་གནོད་གི'ཞེས་སྐད་ཆའི་བར་ཐག་སྔར་ལས་ཇེ་རིང་དུ་གཏོང་བཞིན་བཤད་སོང་།ཁོག་ན་རྩྭ་མ་གཏོགས་མེད་པའི་མི་འདིའི་རིགས་ནམ་ཞིག་ཤི་བར་གྱུར་པའི་ཚེ་ན་རྒོད་ཐང་དཀར་ཡིན་ཡང་རྣམ་རྟོག་ལོས་ཟ།མི་འདིའི་རིགས་ཀྱིས་ལོ་ཐོག་ལ་ལོ་བཞག་ནས་ཕ་མའི་ཤ་ཁྲག་ལ་སོ་བཏབ་བཏབ་པའི་རིན་དོད་དུ་ཡོན་ཏན་བྱིའུ་སྐྱག་ལྟ་བུ་རེ་འབྱོར་ཡོད་ཀྱང་སྲིད་མོད།མི་འདིའི་རིགས་ཀྱིས་མཐར་ཕྱིན་དཔང་ཡིག་ཅིག་ངོམ་སོ་བྱེད་པ་ལས་སྤྱི་ཕན་གྱི་བྱས་རྗེས་ཅི་ཞིག་འཇོག་ཐུབ་བམ།དོན་དམ་དུ་གལ་ལ་ཐུག་དུས་མིའི་རིགས་དང་ཕ་ཡུལ་ལ་ཕན་ཐོགས་མཁན་ངོ་མ་ནི་ཁེངས་པ་སྐྱུང་བའི་ཕལ་བའི་མང་ཚོགས་དེ་ཚོ་རེད་བསམ།ངས་མུ་མཐུད་དུ་ཕག་གསོས་མ་རེ་དང་འདྲ་བའི་ང་རྒྱལ་ཅན་གྱི་སློབ་ཆེན་པ་དེ་ཚོ་དང་མཉམ་དུ་ཁོར་ཡུག་གཅིག་གི་མཁའ་དབུགས་རྔུབ་མི་འདོད་པས།ང་རང་ས་མཐར་འགྲིམ་འདོད་ཀྱི་བསམ་པའི་སྒང་གི་ཐོག་མའི་ས་བོན་ཡང་ཞེ་མེར་བའི་གཏམ་རྒྱུད་དེ་ལྟ་བུ་ཞིག་ནས་འགོ་བརྩམས་པ་ཡིན།
       'ཁྱོད་ཀྱིས་མུ་མཐུད་དུ་ངའི་འདས་ཟིན་པའི་སྐྱོ་གར་ལ་ཉན་འདོད་དམ།'
       'ལོས་འདོད།'
       དཔེ་ཆ་བ་འདིས་འདས་ཟིན་པ་ནི་འདས་ཟིན་པ་རང་ཡིན་པས་དེ་ལ་བསྒྱུར་ཐབས་མེད་པ་ཤེས་ཡོད་ལས་ཆེ།གང་ལྟར་ཁོས་འདས་ཟིན་པ་གླེང་སྐབས་ད་གཟོད་རྒྱུན་ལྡན་གྱི་མི་ཞིག་དང་འདྲ་བར་གོ་སླ་བའི་སྐད་ཆ་ཏག་ཏག་བཤད་ཀྱིན་འདུག་པས།ངས་ཁོ་ནི་ངའི་སེམས་ནང་གི་མི་བུ་ཕུང་གསུམ་པ་དེ་དང་ཡང་ན་ཉེན་རྟོག་པ་ཚོས་བཤད་པའི་རྩ་མི་ཚང་བའི་མི་དེ་མིན་པ་ཡིད་ཆེས་སྐྱེས་སོང་།ཉོན་དང་།ཁོས་མུ་མཐུད་དུ་འདས་ཟིན་པ་གླེང་རྒྱུ་རེད།
       ངའི་འདས་ཟིན་པའི་འཚོ་བའི་ཁྲོད་དུ་གཞན་ལ་བཤད་སྲོལ་མེད་པའི་གཉེན་སྒྲིག་ཕྱོགས་ཀྱི་ངོ་ཚ་བའི་གཏམ་རྒྱུད་ཅིག་ཀྱང་ཡོད།བུ་མོ་དེ་ནི་གཟུགས་དེ་འདྲ་རིང་རྒྱུ་མེད་ཀྱང་སྙིང་རྗེ་ཞིང་ཡིད་དུ་འོང་བའི་བྱད་བཞིན་གྱི་མཛེས་པ་དེས་ངའི་ཡིད་སེམས་ཅིག་ཅར་དུ་འཕྲོག་ཅིང་།མོས་ཀྱང་ང་ནི་མོའི་སེམས་ནང་གི་ཆེས་དགའ་སའི་མི་དེ་ཡིན་པར་སྨྲ་བས།ངེད་གཉིས་ཀྱིས་བཟའ་ཚང་གི་རྨང་གཞིར་གྱུར་བའི་དགའ་རོགས་ཀྱི་སྐས་ཐེམ་ལས་བརྒལ་ཏེ་གཉེན་སྒྲིག་གི་སྟོན་མོ་གཟབ་རྒྱས་དང་ལྡན་པ་ཞིག་བྱེད་གྲབས་ཡོད་མོད།འོན་ཀྱང་ཡིད་ལ་ཡང་མ་དྲན་པ་ཞིག་ལ་སྟོན་མོ་མ་བྱས་གོང་གི་སྔར་ཉིན་རྔ་མ་སྐྱེས་མེད་པའི་ཁྱི་རྒན་མ་དེ་སྐྱེས་པ་གཞན་ཞིག་གི་རྗེས་ལ་ཁྱི་འདེད་འདེད་བྱས་ནས་བུད་སོང་ཟེར།ཉིན་དེ་ནས་བཟུང་སྡེ་བའི་ནང་གི་མི་ཚོས་གསར་འགྱུར་ཡིན་མིན་གྱི་གཏམ་སྣ་མ་སྣ་ཚོགས་སྒྲོ་འདོགས་དང་སྐུར་བ་བཏབ་ནས་བསྒྲགས་མོད།ངས་དེ་ཚོས་བཤད་པའི་སྐད་ཆ་ལ་རྣ་རྒྱབ་ཀྱི་རླུང་ལྟར་དེ་འདྲའི་དོ་སྣང་མ་བྱས།ཡིན་ན་ཡང་ཡིད་སྐྱོ་བ་ཞིག་ལ་ང་དང་ཤ་དང་རུས་པ་གཅིག་ཡིན་ཟེར་བའི་གཉེན་ཉེ་དུ་དེ་ཚོས་ཀྱང་མངོན་ལྐོག་གཉིས་ཀ་ཐོ་མི་ཐུག་པའི་བཤད་ཡམས་སྣ་ཚོགས་ཤིག་སྡེ་བའི་ག་ས་གང་དུ་ཁྱབ་པར་བྱས་པས།ངས་རང་གི་ལུས་སྟེང་དུ་རྒྱུ་བའི་ཁྲག་རིགས་Aའདི་ཡང་ཁྲག་རིགས་Bརུ་བསྒྱུར་ཐུབ་ན་བསམ་ཡོད་ཀྱང་།དེང་རབས་གསོ་བ་རིག་པར་དེའི་ནུས་པ་ཡོད་དམ་སྙམ།
       ངེད་གཉིས་ཀྱི་ཆང་དམ་ནང་གི་ཆང་དཀར་གྱི་མེར་ཚད་ཇེ་དམའ་ནས་ཇེ་དམའ་རེད་ལ།དཔེ་ཆ་བའི་སྐད་གདངས་ཇེ་མཐོ་ནས་ཇེ་མཐོ་རེད།ངའི་ཉན་འདོད་ཀྱི་འདུན་པ་ཡང་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་མ་ཟད།སེམས་ཀྱི་ཚོར་བ་ཡང་ཇེ་དྲག་ནས་ཇེ་དྲག་ཡིན་པར་བལྟས་ན།ད་ནི་ཕལ་ཆེར་ཆང་དཀར་གྱི་བདུད་རྩི་དག་ལུས་ཀྱི་རྩ་ལམ་སོ་སོ་རུ་འཁྱམས་འཁྱམས་མཐར་སླར་ཡང་སྙིང་ཐོག་ལ་རྒྱག་བཞིན་ཡོད་པ་འདྲ།དཔེ་ཆ་བས་མྱངས་ཟིན་པའི་འདས་དོན་ལ་ལ་ཞིག་མིག་སྔར་ང་རང་གིས་ཀྱང་གསར་དུ་མྱངས་ཡོད་པ་འདྲ་སྟེ།དཔེར་ན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་བུ་མོ་དེ་རེད།ངས་ཀྱང་ནམ་ཞིག་མི་གཞན་ལ་དཔེ་ཆ་བ་འདི་དང་འདྲ་བར་ལན་ཀྲུག་རྨ་ཆུའི་ལྕགས་ཟམ་ནི་རང་ལ་མཚོན་ན་ན་ཟུག་ཅིག་ཡིན་པར་ལབ་ཀྱང་སྲིད།གང་ལྟར་དེ་རིང་ངས་ཉན་མཁན་ཞིག་གི་སྐྱེ་བ་བླངས་ཡོད་ལ་དཔེ་ཆ་བས་མུ་མཐུད་དུ་ཆང་འཐུང་ཞོར་དང་གཏམ་བཤད་ཞོར་བྱེད་བཞིན་འདུག
       ང་རང་མིང་གྲགས་མེད་པའི་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་ནས་སློབ་མཐར་ཕྱིན་མ་ཐག ངོ་ཐང་ཆུང་བའི་མཐར་ཕྱིན་དཔང་རྟགས་དེ་འཁྱེར་ནས་གཞུང་ཞབས་པ་ལ་ཐེངས་འགར་རྒྱུགས་སྤྲད་ཀྱང་།ཐ་ན་ཁ་རྒྱུགས་སུ་འགྲོ་བའི་གོ་སྐབས་ཀྱང་མ་བྱུང་སྟབས་ཕ་མ་གཉིས་ཀྱིས་ང་ལ་རེ་ཐག་ཆད་པའི་རྣམ་འགྱུར་བསྟན་ཞིང་།ནུ་བོ་ནི་ད་གཟོད་ཁྱིམ་ཚང་འདིའི་རེ་བ་ཡོད་ཚད་བཅོལ་ས་ཡིན་ཟེར།གཞུག་ནས་ངས་འཛུགས་བསྐྲུན་ཅུའུ་ཡི་ལས་ཁུངས་ཤིག་ཏུ་དུས་ཡུན་ལོ་གསུམ་རིང་གི་གན་རྒྱའི་ཡི་གེ་བྲིས་ནས་བྱ་བ་ཞིག་ལས་འགོ་བརྩམས་མོད།འོན་ཀྱང་ཟླ་གསུམ་མ་འགོར་བར་ང་རང་ལས་ཁུངས་དེ་ནས་ཕྱིར་འབུད་བརྒྱབ་པ་ལ་ཡང་ཁག་ག་ལ་ཡོད་དེ།ལས་ཁུངས་དེའི་ནང་གི་དཀའ་ལས་ཆེས་ཆེ་བའི་བྱ་བ་རྣམས་ང་ཚོ་གན་རྒྱ་འཇོག་མཁན་དག་གིས་བསྒྲུབ་དགོས་ཀྱང་།ཟླ་ཕོགས་མཐོ་ཤོས་དང་ལས་ཁུངས་ཀྱི་མཚན་བཟང་ཡོད་ཚད་མཐར་ལས་ཁུངས་སུ་ཙོག་ནས་འདུག་རྒྱུ་ཡང་སུན་སྣང་ཆེ་བའི་འགོ་ཁྲིད་ལ་ལར་དབང་འགྲོ་བ་མ་ཟད།ད་དུང་འགོ་ཁྲིད་དེ་དག་གིས་ལས་ཁུངས་ནང་གི་གསར་དུ་ཐོན་པ་དང་ཡང་ན་གསར་དུ་ཐོན་པ་མ་ཡིན་པའི་བུད་མེད་ལས་བྱེད་པ་དག་ལ་ཐབས་བརྒྱ་ཇུས་སྟོང་གིས་བསླུ་བྲིད་གཏོང་བའི་སེམས་ཤུགས་དང་ལུས་ཤུགས།ཡང་ན་རྒྱུ་ཤུགས་དེ་ལྟ་བུ་ཞིག་ལས་ཁུངས་ཀྱི་ལས་དོན་གྱི་ཆེད་དུ་འབུལ་ཐུབ་ཀྱིན་མི་འདུག་ལ།བུད་མེད་ལས་བྱེད་པ་མང་པོ་ཞིག་གིས་ཀྱང་ཐོབ་དང་གོ་ས་བསམ་པ་ཡིན་ནམ།ཡང་ན་རྒྱུ་དང་ནོམ་པ་བསམ་པ་ཡིན་ནམ།དེ་མིན་ད་དུང་འཚོ་བའི་འཚོ་ཐབས་བསམ་པ་ཡིན་ནམ།གང་ལྟར་ང་རང་ལས་ཁུངས་དེའི་ནང་དུ་བསྡད་པའི་རིང་ལ་བུད་མེད་ལས་བྱེད་པ་མང་བོ་ཞིག་གིས་རང་ལུས་རིན་ཆེན་གསེར་ནག་གི་རིན་ཐང་མ་ཤེས་པར་སྤྱི་སྤྱོད་གསང་སྤྱོད་ཁང་ཞིག་ལྟར་སྐྱག་འབུ་ལྟ་བུའི་འགོ་ཁྲིད་མང་བོ་ཞིག་གི་རེ་བ་སྐོང་བཞིན་པ་མཐོང་སོང་།དུས་དེ་ནས་བཟུང་ང་རང་ཚོགས་གཏམ་སྒྲོག་སའི་ཚོགས་ར་གང་ཞིག་ཡིན་ཡང་ཆོག ང་ཚོ་དང་ང་ཚོ་ཞེས་གླེང་སྤྲོ་བའི་མི་ཆེན་ལ་ལ་ཞིག་གི་གཏམ་དང་སྤྱོད་པ་ལ་དོགས་པས་ཁེངས་ཡོད།
       ང་རང་འཛུགས་སྐྲུན་ཅུའུ་ཡི་ལས་ཁུངས་དེ་ལས་ཕྱིར་བུད་རྗེས།འབྲོག་ཁྱིམ་ཕྱུག་པོ་ཞིག་གི་རྟ་རྫི་བྱས་ནས་བསྡད་པ་ཡིན།མཐའ་ཡས་པའི་རྩྭ་ཐང་གི་སྣོད་བཅུད་མཐའ་དག་ཅི་འདྲའི་འབྱོར་ཕྱུག་དང་ལྡན་པ་ཞིག་རེད།འདི་རུ་གངས་རི་དང་རྫ་རིའི་མུ་ཁྱུད་ཀྱིས་བསྐོར་ཞིང་།ཁོ་ར་ཁོར་ཡུག་ཀུན་དུ་མིང་ཐོགས་དཀའ་བའི་རྩྭ་དང་རྩི་ཤིང་གིས་བཀང་ཡོད་པ་དང་།ན་འདམ་དང་སྤང་ལྗོངས།བྲག་གསེང་དང་ནགས་རྫབ་རྫུབས་སུ་རྒྱུ་བའི་སེམས་ཅན་རི་དྭགས་ཀྱི་རིགས་དེ་དག་ནི་ཅི་འདྲའི་རང་དབང་དང་ལྡན་པ་ལ་ཨང་།རྩོམ་པ་པོ་དག་གི་སྨྱུག་རྩེ་དང་གསར་འགོད་པ་དག་གི་བརྙན་ལམ་ནས་ཐོན་པའི་འབྱོར་འབྲིང་སྤྱི་ཚོགས་ཞེས་པ་ཡང་སྙིང་ཇི་ལྟ་བུ་ཞིག་ཡིན་པ་བདག་གིས་མི་ཤེས་ཀྱང་།གལ་སྲིད་ང་རང་ཡུལ་འདིའི་རྒྱལ་བོ་ཞིག་ཡིན་པའི་དབང་དུ་བཏང་ན།ངས་རྒྱལ་ཁབ་དར་རྒྱས་སུ་འགྲོ་བའི་སྲོག་རྩ་ནི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་མི་བྱེད་པ་དེ་ནི་མ་མཐའི་ཆ་རྐྱེན་དང་པོ་རུ་འཇོག་འདོད་ཅིང་།མིའི་དགོས་མཁོ་དང་རང་བྱུང་ཁམས་ཆེན་མོའི་གནང་སྦྱིན་བར་ལ་དོ་མཉམ་ཞེས་པའི་ཁྲིམས་ལུགས་ཤིག་གསར་གཏོད་བྱེད་འདོད་ཀྱང་།འདི་ནི་ངའི་སྟོང་བསམ་འཕྲུལ་སྣང་རིང་ལུགས་འབའ་ཞིག་ཡིན་པ་ཙམ་ལས་དངོས་ཡོད་སྤྱི་ཚོགས་རིང་ལུགས་ཤིག་ཏུ་གང་ནས་འགྱུར་ཐུབ་བམ།
       ད་སྐབས་འབྲོག་པ་མང་བོ་ཞིག་གིས་ཕ་ས་མ་མོའི་བྲང་མགོ་ལྟ་བུ་འདི་རྒྱབ་ཏུ་བསྐྱུར་ཞིང་།གྲོང་ཁྱེར་གྱི་རྒྱ་ལམ་འགྲམ་གྱི་གློག་སྡོང་དག་གི་གློག་འོད་དུ་རྒྱུ་བའི་སྲིན་འབུ་མེ་ལྕེབས་ལྟ་བུའི་སྐྱེ་བ་རེ་ལེན་བཞིན་འདུག་ལ།ཤུལ་དུ་ལྷག་ཡོད་པའི་འབྲོག་པ་རྣམས་ཀྱི་རྣལ་མའི་གཤིས་ཀ་དེ་ལ་ཡང་ནག་ནོག་གི་དྲི་མས་གོས་འགོ་བརྩམས་པ་སྟེ།སྔོན་ཆད་བླ་རྒྱུད་དང་དཔོན་རྒྱུད་འཁྲུལ་མེད་འཁྲུངས་མྱོང་བའི་ཁྱིམ་ཚང་ཞིག་ལ་མཚོན་ན།དེང་སྐབས་ཁྱིམ་ཚང་དེ་ཉིད་རྒྱུ་ནོར་གྱིས་དབུལ་བ་ཡིན་ན་ནི་ཀུན་གྱིས་བླ་རྒྱུད་དང་དཔོན་རྒྱུད་ཡིན་པ་ཁས་ལེན་མི་སྲིད་ལ།བརྒྱ་ལ་རྒྱུ་འབྱོར་ཅན་གྱི་ཁྱིམ་ཚང་ཞིག་ཡིན་ཕྱིན།ཁྱིམ་ཚང་དེ་ཉིད་སྔོན་ཆད་དཔོན་པོ་སུ་ཞིག་གི་གཡོག་ཟས་གཡོག་ཆུ་འཐུང་ནས་ཡོང་བ་ཡིན་ན་ཡང་ད་ལྟ་དེ་ཉིད་དཔོན་རྒྱུད་ལྟ་བུ་ཞིག་ཏུ་བརྩི་སྲིད།བདག་གིས་དཔོན་རྒྱུད་དང་བླ་རྒྱུད་ལ་ཡིད་སྨོན་བྱེད་ཀྱིན་མེད་མོད་ཀྱང་།བླ་རྒྱུད་དང་དཔོན་རྒྱུད་ཡིན་མིན་དེ་རྒྱུ་ནོར་གྱིས་གཏིང་ཐག་ཆོད་པའི་ལུགས་སྲོལ་གསར་མ་འདིའི་རིགས་ལ་བསྐལ་བ་སྟོང་གི་བར་དུ་མཆིལ་ཞགས་འཕེན་འདོད།གོ་ཐོས་སུ་ད་སྐབས་ཞིང་བ་ཚོ་ལ་ཡང་དར་མི་རུང་བའི་དར་སྲོལ་གསར་མ་མང་བོ་ཞིག་དར་གྱིན་འདུག་ཟེར།
       འབྲོག་པའི་གཞུང་རྒྱུད་དྲང་ཞིང་ཁེངས་པ་སྐྱུང་བའི་མི་གཤིས་གསེར་གྱི་ཀ་བ་ལ་དར་སྲོལ་གསར་མའི་ལུགས་ངན་སྣ་ཚོགས་ཀྱི་རག་སེར་བོས་ག་ལེར་ག་ལེར་སློད་ཀྱིན་པའི་སྣང་ཚུལ་འདིས་བདག་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་སོང་།ངས་མུ་མཐའ་བྲལ་བའི་འབྲོག་ཐང་དེ་ལ་འབྲལ་མི་ཕོད་པའི་བདེ་མོ་འཇོག་སྐབས་རྟ་མཆོག་རྐྱང་རྐྱང་སྤུ་མདོག་དམར་བོ་མེ་ལྟ་བུ་ཞིག་ཡོད་པ་དེས་ཡང་དང་ཡང་དུ་ངའི་རྗེས་སུ་འཚེར་སྐད་ཕྲ་མོ་སེམས་སུ་ཟུག་འགྲོ་བ་རེ་བསྒྲགས་ཀྱང་།ངས་དེ་ལ་ཁ་ཡ་མི་བྱེད་ཁུལ་བྱས་ནས་ཉམས་དགའ་བའི་རྩྭ་ཐང་ཆེན་མོ་དེ་ལ་གྱེས་ཕྱག་འཚལ་སོང་།ང་རང་ས་མཐར་འགྲིམ་པའི་ཐོག་མའི་སྐབས་དེ་ལ་སེམས་སུ་ཡང་དང་ཡང་དུ་ཕ་ཡུལ་གྱི་སེམས་སྐྱོ་བའི་སྣང་བརྙན་དེ་དག་རེས་མོས་ལྟར་གློག་བརྙན་བཞིན་དུ་འཆར་འོང་བས།ངས་ཚྭ་ཁུ་ལྟ་བུའི་ཆང་འདི་འཐུང་འགོ་བརྩམས་ཤིང་།ཆང་འཐུང་ཐེངས་རེ་ལ་སེམས་ཀྱི་སྡུག་བསྔལ་ལྕི་མོ་དག་ཇེ་ཡང་ལ་གཏོང་བ་ལྟ་བུའི་ནུས་པ་ཞིག་ཐོན་པས།དུས་དེ་ནས་བཟུང་ཚྭ་ཁུ་ལྟ་བུའི་ཆང་གི་བདུད་རྩི་ནི་བདག་གི་འགྲོ་རོགས་ཁོ་ནའོ།ཡིན་ན་ཡང་བདག་གི་འགྲོ་རོགས་ལྟ་བུའི་ཨ་རག་ཆང་ལ་ངན་གཤིས་ཤིག་ཡོད་པ་ནི་ངང་རྒྱུད་ཐུང་དྲགས་པ་དེ་རེད།དུས་དང་རྣམ་པ་ཀུན་དུ་ངས་ཁོ་ལ་ཕར་ངོ་དགའ་ཏག་ཏག་བྱས་ནས་གྲོགས་སུ་བསྟེན་དགོས་པ་ལས།གལ་ཏེ་ངས་ཁོ་ལ་ཕར་ཁ་ཡ་མ་བྱས་པར་བསྡད་པ་ཡིན་ན་ནི།ཁོས་ཚུར་ང་ལ་གཏན་ནས་ཁ་ཡ་བྱེད་མི་སྲིད།ཁོ་ལ་བཟང་ཆ་ཞིག་ཡོད་པ་ནི་དུས་ནམ་ཞིག་ལ་ཁོ་རང་གྲོགས་སུ་བོས་པ་ཡིན་ན།དུས་སྐད་ཅིག་མ་དེ་ཉིད་དུ་ཁོ་རང་ངའི་གམ་དུ་ཐོན་སྲིད་པས་ཁོ་རང་གཞི་བདག་ཅིག་ཡིན་ན་ཅི་མ་རུང་སྙམ།ཨ་རག་ཆང་དང་ངེད་གཉིས་གྲོགས་པོར་གྱུར་ནས་ཅང་འགོར་བར།ངས་རང་གི་ཁེར་རྐྱང་གི་སྡུག་བསྔལ་སེལ་ཆེད་སྐད་ཆ་བཤད་མི་ཤེས་ཀྱང་སེམས་པ་ཡོད་པ་ལྟ་བུའི་དཔེ་ཆ་རེ་ཟུང་ལ་ཡང་བལྟས་པ་ཡིན།བལྟས་ཀྱིན་བལྟས་ཀྱིན་དཔེ་ཆས་ཀྱང་ང་ལ་འདུག་གྲོགས་བྱེད་ཐུབ་པ་མ་ཟད།དེ་ཉིད་ཆང་དང་བསྒྲེས་ན་ལྷག་ཏུ་ནས་ཀྱང་སྐྱིད་པོ་སྐྱིད་པོ་ཞིག་ཡིན་པའི་སྣང་བ་སྟེར་བས།དུས་དེ་ནས་བཟུང་བདག་གིས་བྱ་སྒོང་ལྟ་བུའི་དཔེ་ཆ་དག་ཚྭ་ཁུ་ལྟ་བུའི་ཆང་ལ་བསྒྲེས་ནས་རང་སེམས་ལ་ངར་བླུད་པ་ཡིན།ངས་བསམ་ན་ངེད་གསུམ་པོ་མཉམ་རུབ་བྱས་པ་ནི་སྟོབས་ཤུགས་ཆེན་པོ་ཞིག་རེད་དེ།དེས་བདག་སེམས་ཀྱི་སྐྱོ་བ་མཐའ་དག་ལ་སྙིང་བོས་དབེན་པའི་གནས་ལུགས་ཀྱི་བདེན་པ་རྙེད་ཐུབ་པ་མ་ཟད།རང་གི་མི་ཚེ་ལ་གསར་བརྗེ་རབ་དང་རིམ་པ་བསླངས་ནས་འོད་ཟེར་འཕྲོ་བའི་ལོ་རྒྱུས་ཀྱི་རིན་ཐང་རེ་རེ་ཡང་བསྐྲུན་ལོས་ཐུབ་སྙམ་པའི་རེ་བ་ཆེན་པོ་བསྩལ་བས།འཇིག་རྟེན་འདིར་དཔེ་ཆ་དང་ཨ་རག་ལྟ་བུའི་རྡུལ་ཕྲན་མཚོན་ཆ་ནུས་ལྡན་ཞིག་མི་འདུག་བསམ་ལ།ངས་མུ་མཐུད་དུ་གཡུ་འབྲུག་རྫོང་མཁར་ལྟ་བུའི་ས་མཐའི་ཡུལ་གྲུ་མང་བོ་ཞིག་རྡོག་པས་མནན་ཏེ་རྒྱང་རིང་རྒྱང་རིང་གི་བྱང་ཕྱོགས་ཤམ་བྷ་ལ་ལྟ་བུའི་ཆེས་མཐའ་མཇུག་གི་གནས་མལ་དེ་རུ་འཕུར་ན་བསམ།མི་ཚོས་བཤད་པ་ལྟར་ན་ཤམ་བྷ་ལ་རུ་ཟས་རང་གྲུབ་དང་གོས་རང་གྲུབ་ཡིན་རབས་བཤད་ཀྱང་།ང་རང་གནས་དེར་འགྲོ་འདོད་ཀྱི་འདུན་པ་འདི་ལྟ་བུ་ཞིག་སྐྱེ་དོན་ནི་ཟ་མ་དང་གོན་རྒྱུའི་ཆེད་དུ་མ་ཡིན་པར།མིག་སྔར་ང་རང་འཚོ་ཞིང་གནས་པའི་མི་ཡུལ་འདི་ལ་ཞེན་པ་ལོག་པས་ཡིན།
       དཔེ་ཆ་བའི་འདས་དོན་གླེང་ཚར་ལ་ཆང་དཀར་རྒྱ་མ་དོ་ཡོད་པ་ཡང་ཧ་ལམ་འཐུང་ཚར་ལ་ཉེ།དཔེ་ཆ་བས་འདས་དོན་དེ་དག་གླེང་ཚར་རྗེས་དོན་དག་ཆེན་པོ་ཞིག་འགྲུབ་སོང་བ་ལྟར་སེམས་པ་དགའ་སྤྲོའི་ཁེངས་ཡོད་པ་ནི་ངས་ཁོའི་གདོང་གི་འཛུམ་མདངས་ལ་བལྟས་པས་ཀྱང་ཚོད་དཔག་བྱེད་ཐུབ།འདི་ནི་ངེད་གཉིས་ངོ་ཤེས་སུ་གྱུར་ནས་ད་ལ་ཐུག་གི་བར་དུ་ངས་ཁོའི་ངོ་གདོང་ནས་མཐོང་བའི་ཆེས་ཐོག་མའི་འཛུམ་མདངས་དེ་ཡིན།མ་གཞི་མི་ཕུང་གསུམ་པ་ལྟ་བུའི་དཔེ་ཆ་བ་ཁོ་ནི་སྡེ་མི་ཚོས་བཤད་པའི་ཆང་འཐུང་ཁོ་ན་ཞིག་མ་ཡིན་ལ།ཉེན་རྟོག་པ་ཚོས་བཤད་པའི་རྩ་མི་ཚང་བའི་མི་དེ་ཡང་མ་ཡིན་པར།ཁོ་ནི་ཆེས་མ་མཐའ་ཡང་ངའི་བློ་ངོར་ཤོང་ཡོད་པའི་ཐ་སྙད་དེ་དག་གིས་མཚོན་དཀའ་བའི་མི་ཡ་མཚན་ཞིག་རེད།ཁོ་རང་ཅུང་བཟི་ཡོད་པའི་གོ་སྐབས་འདི་དང་བསྟུན་ནས་ངས་ཨེན་ཙམ་མིན་ན་ཤོག་རྐྱང་དེའི་ཁ་ཕྱེ་ལ་ཁད་ཅིག་བྱས་ཤིང་།གློ་བུར་དུ་ཁས་བླངས་པ་དང་མནའ་བསྐྱལ་བའི་དོན་དེ་དྲན་པས་ངས་ཤོག་རྐྱང་དེ་དལ་མོར་ཕྱིར་དོར་མའི་གློ་ཁུག་སུ་བསྡུ་སྐབས།དཔེ་ཆ་བས་བདག་གི་དགོད་བྲོ་བའི་བྱ་སྤྱོད་དེ་མཐོང་སོང་ལ་ཁོང་དགོད་ཞིག་དང་ལྷན་དུ་'སང་ཉིན་ཤོག་རྐྱང་དེའི་ངོས་སུ་བྲིས་ཡོད་པའི་དངོས་མིང་དེ་ཁྱོད་ལ་དབང་བས་མི་ཚད།བདག་གི་གཞལ་ཡས་ཁང་ལྟ་བུའི་དངུལ་ཁང་འདི་ཡང་ཁྱོད་ལ་དབང་བ་ཡིན།ཁང་བ་འདིའི་ནང་གི་དངུལ་སྒོར་མཐའ་དག་ང་ལ་བསྐྱར་དུ་དགོས་དོན་མེད།ད་ནི་ཁྱོད་ཀྱིས་བཀོལ་བར་བགྱིས་ཤིགས།'ཞེས་ཁང་བའི་ནང་གི་སྣོད་ཅ་ལག་དག་སྟོན་བཞིན་པའི་སྐབས་སུ་ངས་སླར་ཡང་ཁོའི་གདོང་གི་ཡིད་ཚིམ་པའི་རྣམ་པ་དེ་ལ་ཡང་བསྐྱར་རོལ་མྱོང་ཐེངས་ཤིག་བྱེད་ཐུབ་སོང་།ངས་བསམ་ན་དེ་རིང་དཔེ་ཆ་བ་ལ་དེ་འདྲའི་སྤྲོ་སྣང་ཞིག་ཡོད་དོན་ནི་ཁོས་ལོ་ངོ་དུ་མང་ཞིག་ལ་ཁོག་ཏུ་སྦས་པའི་སྐད་ཆ་མང་བོ་ཞིག་ཕྱི་རུ་བྱོ་ཐུབ་སོང་བས་ཡིན་པ་ཚོད་དཔག་བྱེད་ཐུབ།
 
དགུ
          མདང་ནུབ་ངས་དཔེ་ཆ་བ་ཚང་ནས་ཆང་དཀར་འོས་འཚམ་ཞིག་འཐུང་སྟབས་ཡུལ་ལ་ལོག་རྗེས་གྱོན་པ་ཡང་ཕུད་མ་ཐུབ་པར་འཇམ་ཞིང་མཉེན་པའི་མལ་ཁྲི་འདིའི་སྟེང་དུ་གཉིད་ཀྱི་བདེ་བ་ལ་རོལ་ནས་ད་བར་དུ་སད་མ་ཐུབ།ང་རང་ཡར་ལངས་མ་ཐག་བསྒྲུབ་འོས་པ་དང་ཡང་ན་བསྒྲུབ་འདོད་པའི་དོན་དག་གཅིག་ཡོད་པ་ནི་ཁ་ལག་བཀྲུ་རྒྱུ་དེ་མ་ཡིན་པར་དོར་མའི་གློ་ཁུག་ནང་གི་ཤོག་རྐྱང་དེའི་ཁ་ཕྱེ་རྒྱུ་དེ་རེད།ངས་མཚར་སྣང་སྟོང་དང་དགའ་སྣང་ཁྲི་ཁྲག་གི་ཁྲོད་ནས་དལ་མོར་ཤོག་རྐྱང་དེའི་ཁ་ཕྱེས་མ་ཐག་ངའི་སེམས་ཀྱི་མཚར་སྣང་དེ་སྔར་ལས་ཀྱང་ཇེ་ཆེ་རུ་སོང་ཡང་།དགའ་སྤྲོའི་སེམས་པ་ནི་སྐད་ཅིག་དེ་ཉིད་ལ་གཞི་ནས་བཅོམས་པར་བྱས་སོང་།རྒྱུ་མཚན་ཤོག་རྐྱང་དེ་ནི་དོན་ལ་ཡང་ཤོག་རྐྱང་ཞིག་སྟེ་དེའི་ངོས་སུ་ཡི་གེ་ཀ་གཟུཊ་ཙམ་ཡང་བྲིས་མི་འདུག་པས།ང་རང་དེ་མ་ཐག་སྤོ་ཐུང་ཐུང་ཞིག་དང་མཉམ་དུ་དཔེ་ཆ་བ་དེ་ཡོད་སར་སོང་བ་ཡིན་མོད།ཡིད་ལ་ཡང་མ་དྲན་པ་ཞིག་ལ་དཔེ་ཆ་བ་དེ་ཁང་བ་འདི་དང་དུས་གཏན་དུ་ཁ་བྲལ་ནས་སོང་ཚར་འདུག་པ་ནི།ཁོས་བྲིས་ཡོད་པའི་ཆེས་མཇུག་མཐའི་ཁ་ཆེམས་ལྟ་བུའི་མིག་མདུན་གྱི་ཤོག་བྱང་ཆེན་པོ་དེའི་ངོས་སུ་ཡོད་པའི་ཡིག་འབྲུ་འདི་དག་གིས་མཚོན་ནུས་པ་མ་ཡིན་ནམ།
       'གྲོགས་པོ།དགོངས་པ་མ་ཚོམ།ང་རང་ཕྱིར་ཕ་ཡུལ་དུ་བུད་སོང་།གོ་ཐོས་སུ་ད་ལྟ་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག་ཟེར།ད་ལྟ་ཕ་ཡུལ་དུ་རུལ་སུངས་མེད་ལ་ཚུལ་འཆོས་ཀྱང་ཇེ་ཉུང་དུ་འགྲོ་བཞིན་འདུག་ཟེར།དེ་བས་ང་རང་ཕྱིར་ཕ་ཡུལ་དུ་ལོག་འདོད།ད་ནས་བཟུང་དངུལ་ཁང་འདིའི་དོ་དམ་པ་ཁྱོད་ཡིན།'
       དངོས་ནས་ཁོང་གིས་བཤད་པ་ལྟར་དུ་ཁང་བ་འདིའི་ནང་གི་དཔེ་ཆ་དང་ཆང་དམ།མལ་ཁྲི་དང་མལ་ཐུལ།རྩམ་སྒམ་དང་ཅ་ནེ་ཁ་ཆག བཙའ་ཡིས་ཟིན་པའི་ལྕགས་ཐབ་དང་དུ་དྲེགས་ཆགས་པའི་རྫ་མ།ད་དུང་མདང་ནུབ་ངེད་གཉིས་ཀྱི་ཆང་འཐུང་བྱེད་ཀྱི་ཇ་ཕོར་དང་ཆང་ཕོར་དག་གཅིག་ཀྱང་མ་འཁྱེར་བར་ང་ལ་བསྐྱུར་འདུག་པས།ངས་ལོ་དུ་མང་རིང་གི་ངེད་གཉིས་བར་གྱི་སྟེར་མཁན་དང་ལེན་མཁན་བར་གྱི་མཛའ་བརྩེ་དེ་བསམ་ན།ལོ་ངོ་མང་བོ་ཞིག་གི་རིང་ལ་ཞུ་མ་ཐུབ་པར་ཡོད་པའི་མིག་ཆུའི་མཁྲེགས་དར་དེ་ཡང་ག་ལེར་ག་ལེར་ཞུ་བར་བརྩམས་ལ།དྲང་མོར་བཤད་ན་ལོ་འདི་དག་གི་རིང་ལ་དཔེ་ཆ་བས་ང་ལ་བསྩལ་བ་ནི་མངོན་སུམ་དུ་སྣང་བའི་དངོས་པོ་རྐྱང་རྐྱང་གི་སྦྱིན་པ་ཙམ་མ་ཡིན་པར།རེག་རྒྱུ་མེད་ལ་སྟོན་རྒྱུ་ཡང་མེད་པའི་ནང་སེམས་ཀྱི་གསབ་ཁྲིད་དམ་སྟོབས་ཤུགས་གྱ་ནོམ་པ་ཞིག་ཀྱང་བསྩལ་ཡོད་བསམ་སྐབས།ངས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཁོང་གི་བསམ་དོན་མཐའ་དག་ཡིད་བཞིན་དུ་འགྲུབ་ཅིང་།ཁོང་ཉིད་ཁོང་གི་སེམས་ནང་དུ་ཡོད་པའི་རྒྱང་རིང་རྒྱང་རིང་གི་བྱང་ཕྱོགས་ཤམ་བྷ་ལ་ལྟ་བུའི་ཆེས་མཐའ་མཇུག་གི་གནས་མལ་དེ་རུ་ལོག་ཐུབ་པའི་སྨོན་ལམ་ཡང་ནས་ཡང་དུ་ཞུ་ན་བསམ་ཞིང་།གཅིག་བྱས་ན་གནས་མལ་དེ་ནི་ཁོས་འདི་རུ་བྲིས་ཡོད་པའི་རུལ་སུངས་མེད་ལ་ཚུལ་འཆོས་ཀྱང་ཉུང་བའི་དུས་རབས་གསར་བའི་ཁྲོད་ཀྱི་ཁོང་གི་ཕ་ཡུལ་དེ་ཡིན་ཡང་སྲིད།
               རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease