སྐྱོ་བ་ཚན་པ་གཉིས།

    རྩོམ་པ་པོ། རཱ་ཧུ་ལ།


སྐྱོ་བ་ཚན་པ་གཉིས།

 

                རཱ་ཧུ་ལ། དཔལ་ཡུལ།  


ང་ལ་སྐྱོ་བའི་ཐག་ནག་འདོམ་གང་ཡོད།།

དེ་ཡིས་བདག་གི་འདི་ཕྱི་གཉིས་ཀ་བསྡམས།།

ང་ལ་སྐྱོ་བའི་མིག་ཆུ་ཕོར་གང་ཡོད།།

མིག་ཆུ་འདི་ཡིས་ཕྱི་ནང་གཉིས་ཀ་བརླན།།

ང་ལ་སྐྱོ་བའི་ཐ་སྙད་གཤིན་པོ་ཡོད།།

བར་དོའི་ཁམས་ནས་བདག་ཉིད་ཤིན་ཏུ་སྔོག།

ང་ལ་རེ་དོགས་ལས་ཀྱི་སྐྱོ་བ་ཡོད།།

འཕྲལ་སྣང་བདེ་སྡུག་གཡོ་བའི་ངལ་བ་བྱིན།།

ད་རུང་ཉིན་ཞག་གཅོད་པའི་སྐྱོ་བ་དང་།།

མཚན་ཐུན་སྲུང་བའི་སྐྱོ་བ་བརྒྱ་ཕྲག་ཡོད།།

རེ་རེས་མགྲིན་པ་གནོང་བའི་ངུ་ངག་གི།།

ཧབ་ཤ་འབྱེད་པའི་མུན་པ་གཅིག་ཏུ་བསྡུད།།

ཤོག་བུ་བཅད་ཤུལ་ཡིག་ཆུང་གཏུབ་ཤུལ་དང་།།

རྨི་ལམ་འཕྲུལ་གྱི་མཛའ་མོའི་སོ་སྒོ་ནས།།

སྐྱོ་བ་གླེང་ཞིང་སྐྱོ་བ་འདོན་པ་ཡི།།

འདྲ་མིན་ཐ་སྙད་བྲུག་པའི་སྣང་བ་འཁྲུག།

 

དུས་ཚོད་འདས་ཤིང་བདག་ཉིད་རྒུད་པའི་ཚེ།།

སྐྱོ་བ་ཆུ་འཛིན་ལྡང་བའི་ཐུ་འོག་ནས།།

འཇིག་རྟེན་མི་བསྲུན་སྙིང་ཁམས་རབ་ཏུ་དཀྲུག།

དེ་ལ་ཤགས་འགྱེད་སྲིད་པའི་གངས་ཀྱིས་མཛོད།།

རྨང་ནས་འཐོར་བའི་སྐྱོ་བ་བདག་གིས་སྒྲུག།

སྟོང་སྙོབ་ནམ་མཁའི་དྲུང་དུ་རེག་ཅིང་གཏུག།

སྣང་སྟོང་གཡུལ་ཏུ་འཁྲུག་པའི་པི་ཝང་སྒེག།

འཁོར་འདས་བརྡལ་བའི་སྐྱོ་བ་ངང་གིས་འཕེལ།།

བདེ་སྟོང་གཤོག་གུར་ལྡེམ་པའི་ངུ་ཤུམ་འབྱེད།།

ང་རང་འཁྲིས་སུ་རོལ་ཞིང་སྲིད་པ་ལ།།

སྐྱོ་བ་གཅེར་བུར་རྒྱུ་རྣམས་ཉེ་བར་བཀུག།།

དེ་ལ་དཔང་པོ་མེས་པོ་གངས་ཀྱིས་མཛོད།།

རེ་ཐག་ཆད་པའི་སྐྱོ་བ་བདག་གིས་སྒྲུག།
               རྩོམ་སྒྲིག་པ། འཕགས་མི།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

 

Signature is customized by Netease