ལྷིང་འཇགས་ཀྱི་འཚོ་བ།

    རྩོམ་པ་པོ། འཇོ་མདའ་པདྨ།


ལྷིང་འཇགས་ཀྱི་འཚོ་བ། 
ཞར་བཀོད་བཞི་ཡོད།

                   
  འཇོ་མདའ་པདྨ།

འདས་སོང་བྱ་གཞག་སྨུག་པའི་དཔེ་རུ་འཇོག།
མ་འོངས་འཚོ་བ་ཆ་མེད་རླུང་ལྟར་སྒོམ།།
རྙོག་འཛིང་བྱ་བ་སེམས་ཀྱི་ཁུར་པོར་འཛིན།།
སྟོང་འདང་འདྲ་མིན་རྒྱང་ནས་རྒྱང་དུ་གཡུག།
སྐྱོ་ངལ་སེམས་ཁྲལ་མར་འབབ་གཙང་བོར་སྐུར།།
རེ་དོགས་སྤྲོས་འཛིན་ལྷ་ལམ་དབྱིངས་སུ་སྤུར།།
དྭངས་གཙང་བློ་ཡིས་མཛེས་པའི་འཇིག་རྟེན་སྐྲུན།།
རྣམ་དག་སེམས་ཀྱིས་ཞི་བའི་དབེན་ས་ཉུལ།།
ཚེ་སྔོན་བསགས་སྦྱང་མཐུ་ལས་བྱུང་བ་ཡི།།
མིག་སྔུན་ལྷིང་འཇགས་འཚོ་བ་ལོངས་སུ་སྤྱོད།།
ཉི་འོད་འཇམ་པོའི་འོག་ནས་སོས་དལ་ངང་།།
སྙན་པའི་དབྱངས་རྟ་གནམ་སའི་བར་དུ་འཐེན།།
མི་ཚེའི་སྐྱིད་ཀྱི་རྒུན་ཆང་རྔུབས་བཞིན་འཚོ།།
 

མཚར་སྡུག་ཉམས་ཀྱིས་ཕྱུག་པའི་མོ་སྨན།
 
སྒོམ་དཀྱེལ་ཡིད་ཀྱི་ནམ་མཁའ་གཡའ་དག་ཅིང་།།
དམ་ཚིག་ཤེལ་གྱི་བུམ་པ་དཀར་ཞིང་གཙང་།།
མིག་ཟུང་འཛུམ་པའི་ནང་དུ་འོད་ཐིགས་འབབ།།
བཅོས་མིན་མིག་མདངས་རེ་རེས་མི་སེམས་འཕྲོག།
གནག་སྣུམ་སྐྲ་ལོར་དྲི་བཞོན་རླུང་བུ་འཁོར།།
ཐོད་ཆིངས་སྐྲ་ལོའི་མེ་ཏོག་མཛེས་སྡུག་ངོམས།།
འཇམ་མཉེན་ཕྱག་གིས་རྒྱུད་གསུམ་པི་ཝང་དཀྲོལ།།
སྙན་པའི་ངག་གིས་འཁོར་བའི་སྐོམ་གདུང་སེལ།།
རྡུལ་བྲལ་མེ་ལོང་ཕྱིས་འདྲའི་བཞིན་རས་མཛེས།།
མཁུར་ཚོས་ཨུག་ཆོས་མེ་ཏོག་རབ་ཏུ་དམར།།
སྲབ་འཇམ་མཆུ་སྒྲོས་བུམ་པའི་ཚུགས་ཀ་ཡག།
བྲང་གཞུང་འོ་འཛིན་ཤེལ་དཀར་ཐད་དུ་འབུར།།
ལྡེམ་མྱུར་ལུས་ཀྱི་འཁྱུག་འགྲོས་གློག་ལ་འགྲན།།
མཆོར་སྒེག་གར་གྱི་སྟངས་སྟབས་ཡོངས་སུ་རྫོཊ།།
 

འབྲོག་ཐང་གི་ཞོགས་པ།  

ལམ་ལམ་ཞོགས་པའི་ཉི་ཟེར་རི་རྩེར་ཕོག།
རི་འདབས་མེ་ཏོག་ཚོམ་བུ་མགོ་ལྕོག་ལྡེམ།།
ལྷུང་ལྷུང་ཆུ་བོའི་བཞུར་སྒྲ་གང་སར་མཆེད།།
ཆུ་འགྲམ་འཇག་མ་རྩྭ་ལ་ཟིལ་བ་ཆགས།།
 
ཀྱུར་ཀྱུར་སྐད་ཅོར་སྨྲ་བའི་བྱ་བྱེའུ་ཚོགས།།
སྒོ་དང་སྒེའུ་ཁུང་འགྲམ་ནས་ཕར་ཚུར་འཕུར།།
སྒྲོ་གཤོག་སྙི་མོའི་སྣེ་རུ་འོད་ཐིགས་འབབ།།
ཤིན་ཏུ་སྐྱིད་པའི་ཚུལ་གྱིས་ལྡིང་སྐོར་རྒྱག།
 
ལང་ལོང་དུད་སྤྲིན་ཡོལ་བ་དགུང་དུ་འཐེན།།
ཨ་སྔོན་ནམ་མཁའི་དབྱིངས་སུ་མཛེས་སྡུག་བཀྲ།།
ཟིམ་ཟིམ་ཆར་པའི་ཐིགས་པ་ས་རུ་འཐོར།།
ས་གཞི་སྒེག་མོའི་བྲང་གཞུང་ཡོངས་སུ་བརླན།།
 
འོ་མའི་ཁ་རླངས་འཐུལ་བའི་ལྷས་འདབས་ནས།།
བགོ་བགོ་འབྲོག་མོའི་བཞོ་དབྱངས་རྣ་བར་སྙན།།
སྣུམ་ཞག་ཉི་ལེར་འཁྱིལ་བའི་ཐབ་ཚང་ནས།།
ལྷོག་ལྷོག་ཁོལ་བའི་འོ་ཇ་ཁ་ལ་ཞིམ།།
 

ནང་གྲོགས།
 
རྟགས་རྟེན་འབྲེལ་འཇའ་གུར་འོད་ལ་བརྒྱུས།།
ལས་སྨོན་འདུན་ཉི་ཟླའི་ཕང་ལ་བཏབ།།
རྟེན་དར་ཐག་ཡུག་ཅིག་ཁྱོད་ལ་འཐེན།།
ཆང་བདུད་རྩི་ཟེགས་མ་ལན་གསུམ་མཆོད།།
སྟབས་ཡང་འགྲིག་སེམས་གཉིས་ངོ་ཐུག་རྒྱག།
ཞེ་མཐུན་པས་དགུང་གི་སྤྲིན་ཡང་འཛུམ།།
ཚིག་འཇམ་མཉེན་རླུང་བུ་ཟོལ་གྱིས་ལྡང་།།
གདོང་འཛུམ་ཆུང་མེ་ཏོག་ཚུལ་གྱིས་བཞད།།
ཁྲེལ་ཕྱི་ཐག་དགུང་གི་སྤྲིན་ཚོགས་ལྟར།།
ཡིད་གཉུག་མའི་གཤིས་སུ་ལྷོད་ཀྱིས་རྒྱུ།།
 

རྨི་ལམ།    
 
རི་བོའི་ཟོམ་ནས་འཇའ་གུར་འོད་ལ་འཇུས།།
འཇའ་ཚོན་མེ་ཏོག་མིག་གི་དཔལ་དུ་བཞད།།
གཙང་བོའི་འགྲམ་ནས་ཟླ་བའི་འོད་ལ་ཅེར།།
ཟླ་འོད་ཟེཊ་མས་རང་ལུས་བྱིལ་བྱིལ་གནང་།།
ནེམ་ནེམ་གཡོ་བའི་ནགས་ཀྱི་མཐའ་ཁ་ནས།།
སྤྲིན་དཀར་ཚོམ་བུ་འཇམ་པོའི་གོས་སུ་བྱས།།
སིལ་སིལ་ལྡང་བའི་རླུང་གི་བར་གསེང་ནས།།
ཉི་མའི་འོད་མདངས་སེམས་ཀྱི་རྟེན་དུ་བྱོན།།
ཧ་ཅང་ལྷོད་པའི་ཉམས་དང་གཤིས་ཀ་ཡིས།།
སྣ་ཚོགས་སྣང་བའི་ཆོས་ལ་ལྟད་མོ་གཟིགས།།
སྒྱུ་འཕྲུལ་སྒེག་མོའི་བྲང་གཞུང་ལག་གིས་རེག།
ལྷིང་འཇགས་འཚོ་བས་རིན་བྲལ་མི་ཚེ་སྐྱེལ།།
རེ་དོགས་ཞགས་པ་མེ་ལྕེས་བསྲེཊ་པའི་ཤུལ།།
རྙོག་འཛིང་བྱ་གཞག་རྒྱང་སྤྲོད་བྱས་པའི་རྗེས།།
ཀུན་རྟོག་ན་བུན་དབྱིངས་སུ་རིམ་གྱིས་ཡལ།།
སེམས་ངལ་རྡུལ་ཕྲན་མ་ལུས་མི་མངོན་གྱུར།།
རྡུལ་བྲལ་ཡིད་ཀྱི་ལྗང་མདོག་རབ་ཏུ་མཛེས།།

              རྩོམ་སྒྲིག་པ། མྱི་གསར་བ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease