མི་ཚེའི་དགའ་སྐྱོ།

    རྩོམ་པ་པོ། མེ་ཆར།


མི་ཚེའི་དགའ་སྐྱོ། 
ཞར་བཀོད་གཉིས་ཡོད།
 
       
    མེ་ཆར།  ཡུལ་ཤུལ།
 
ཁྲ་ཁྲ་འཇིག་རྟེན་ཁམས་ཀྱི་རུ་གྲོང་དེ་ཉུལ་དུས། །
དགའ་སྐྱོ་མི་ཚེའི་ཟློས་གར་ཡིད་ངོ་རུ་འཆར་ཚེ། །
མངར་སྐྱུར་འཚོ་བའི་གཏམ་རྒྱུད་སྨྱུག་རྩེ་རུ་དྲངས་ནས། ། 
འདས་སོང་ལོ་ཟླའི་ཟིན་ཐོ་ཤོག་ངོ་རུ་བཀོད་འདོད། །
 
རེ་བའི་སྣེ་ལ་རེ་བའི་སྣེ་མོ་རེ་མཐུད་ཅིང་། །
མི་ཚེ་ལོ་ཟླ་རིང་མོ་ཕར་ཕར་ལ་ཡལ་ཡང་། །
འདས་མ་ད་གསུམ་དོན་ལ་སྟོང་འདང་རེ་རྒྱབ་ན། །
བདེ་སྡུག་འཚོ་བ་དབྱངས་ཀྱི་ང་རོ་ལ་བརྒྱུས་འདོད། །
 
ཐུང་ཐུང་མི་ཚེ་འདི་ནི་སྐད་ཅིག་གི་རྨི་ལམ། ། 
སྲིད་པའི་གྲོང་ལ་འཚོ་བའི་ཁ་དོག་དེ་བྲིས་ཤིང་། །
འདིར་སྣང་ལས་ཀྱི་ངག་རྒྱུན་མ་ཆད་ཀྱི་བར་དུ། །
མི་ཚེ་དབྱངས་ལ་བསྟིམས་ནས་ཕྱིར་དྲན་ཞིག་བྱ་འདོད། །
 
ཀྱག་ཀྱོག་ལམ་འཕྲང་བརྒལ་ནས་ན་ཚོད་དེ་སྨིན་ཞིང་། །
དགའ་སྐྱོའི་བག་ཆགས་རིང་མོ་ཉིན་མཚན་དུ་འཐེན་གྱིན། །
རྟོག་ཚོར་གྱ་གྱུའི་རྦ་རླབས་གཙང་བོ་རུ་འདྲེས་དུས། །
དགའ་སྡུག་འཚོ་བའི་རི་མོ་པིར་རྩེ་ནས་དྲང་འདོད། །
 
མི་ཚེའི་འགྲུལ་བཞུད་རིང་མོའི་ཐེམ་སྐས་དེ་བརྒལ་དུས། །
དགའ་སྐྱོའི་སྣང་བ་དབྱངས་ཀྱི་ཀློང་རིམ་ནས་འཐོར་ལ། །
ལོ་རྒྱུས་གླེག་བམ་བརྩེགས་པའི་གཏམ་རྒྱུད་ཀྱི་ཁྲོད་ནས། །
འདི་ལྟར་རྒྱང་ནས་རྒྱང་མཇལ་ལན་གསུམ་དུ་བྱས་ཡོད། །
 
ནམ་ཟླ་དུས་ཀྱི་འཁོར་ལོ་སྡོད་མེད་དུ་འཁོར་ཞིང་། །
ཐུང་ཐུང་མི་ཚེའི་རྨི་ལམ་སྐད་ཅིག་གིས་ཡོལ་དུས། །
དུས་ཀྱི་བར་མཚམས་རེ་ནས་སྨྲེང་གླུ་རེ་ལེན་པ། །
ཁོ་མོའི་དྲན་རྟོག་ཚོར་བ་དངོས་མ་དེ་ཡིན་སྐད། །
 
མི་ཚེ་ཀྱ་ཀྱོག་མང་པོའི་འགྱུར་ཁུགས་དང་འགྲོགས་ཤིང་། །
མི་རྟག་དུས་བཞི་ནམ་ཟླའི་རི་མོ་དང་མཉམ་དུ། །
ཚེ་སྲོག་རེ་ལ་གྱེས་འཕྲད་དགའ་སྐྱོ་ཡིས་གྲུབ་པ། །
ཀྱེ་མ་མི་ཚེའི་ཟློས་གར་སྐད་ཅིག་གི་གློག་འགྱུ། །
 
ཤོག་དཀར་ངོས་སུ་མི་ཚེའི་ཐ་སྙད་དེ་འབྲི་དོན། །
དགའ་སྐྱོ་འདྲེས་མའི་ཚིག་ཚོགས་འདི་ག་རུ་བཤམས་དོན། །
ནང་སེམས་ཚོར་བའི་རི་མོ་དབྱངས་རིང་ལ་བརྒྱུས་དོན། །
ཕལ་བའི་སེམས་ཀྱི་དབྱངས་རྟ་སོ་མ་དེ་ལགས་སོ། །
                  ༡༠༡༣.༡༡.༢༥

ཟླ་དགུ་པ།    
 
ཆ་མེད་འཇིག་རྟེན་ཉུལ་བའི་གྲོང་མཐའ་ཞིག་ནས། །
ནང་སེམས་འགུར་གླུ་རིང་མོ་རྒྱང་ནས་འཐེན་ཡོད། །
ང་དང་སྟོན་མཇུག་ཁྲོད་ཀྱི་སྡོང་ལོ་སེར་པོ། །
རྣམ་ཤེས་ངོས་སུ་བབས་པའི་སེར་ཀ་གྲངས་མེད། །
 
བསིལ་རླུང་ལྡང་བའི་སྟོན་ཟླ་ཞེ་ལ་འཁོར་དུས། །
སྟོན་ལོ་སེར་པོའི་སྟངས་སྟབས་སྙིང་ལ་གཟན་པ། །
ཞེན་ཆགས་ལྷག་མ་ཞིག་གི་ཕྱི་མིག་ཁྲོད་དུ། །
ནང་སེམས་སྐྱོ་བའི་གྲང་ངར་རིམ་བཞིན་འཐིབས་སོང་། །   
 
སྤྲིན་དཀར་ལྷོ་རུ་བཞུད་པའི་ངང་ཚུལ་རེ་རེས། །
དབང་མེད་སེམས་ཀྱི་ཚོར་སྣང་སྣ་ཚོགས་བསླངས་སོང་། །
སྟོན་ལོ་སེར་པོ་བསེར་བུ་བ་མོས་བཅོམ་དུས། །
ང་དང་སྟོན་ཁ་རྨི་ལམ་ཞིག་དང་མཚུངས་ཨང་། །
 
གྲང་རླུང་བསིལ་བུས་སྡོང་མགོའི་ལོ་མ་གཏོར་ཞིང་། །
དུས་བྱ་ངང་པའི་གཅོང་སྐད་ཡང་ཡང་འབྱིན་དུས། །
སྟོན་ཟླ་ཐ་མའི་མཁའ་དབུགས་འདི་ཡི་འོག་ནས ། །
ལྷིང་འཇགས་ན་ཟུག་གཞན་ཞིག་རུམ་ཁོང་བསྙལ་བྱུང ་། །
 
གནམ་ས་ཁ་དོག་འགྱུར་བའི་དུས་ཚིགས་ཤིག་ལ ། །
ཁྱེད་རང་ཁྲུང་ཁྲུང་བཞིན་དུ་རྒྱང་ལ་འཕུར་དུས ། །
ང་ཡི་ཞེན་ཆགས་སྤྲིན་པའི་བང་རིམ་བར་ནས། །
ཡིད་སེམས་རབ་ཏུ་སྨྲེང་བའི་སྟོན་ཟླ་དགུ་པ ། །
 
དགོང་དྲོའི་མཚམས་སྤྲིན་ནུབ་རིར་བརྒལ་ལ་ཉེ་དུས། །
བྱ་ཁྱུས་འུར་སྒྲ་སྒྲོག་བཞིན་རང་གནས་འཕུར་ཐལ། །
སྟོན་གསུམ་རླུང་བུ་བསིལ་བསིལ་ལྡང་བའི་སྲོད་དེར། །
ཕྱི་མིག་རབ་རིབ་རྒྱང་རིང་ཕྱོགས་སུ་བསྲིངས་ཡོད། །
 
དུས་བཞིའི་སྙན་ངག་འཐོར་སའི་རི་གྲོང་ཞིག་ནས། །
རི་ལུང་ཐང་གསུམ་སྐྱོ་བའི་ཉམས་ཀྱིས་ཁེངས་ཤིང་། །
སྨུག་སྤྲིན་ལང་ལོང་གཡོ་བའི་རི་མཐའ་ཞིག་ནས། །
སྟོན་གྱི་མི་ཚོགས་གདོང་ལ་སྐྱོ་ཉམས་མངོན་འདུག  །
         ༢༠༢༣ / ༩ /   ༢༣

དབྱངས་ཀྱི་འབོད་པ།
 
དཀར་དཀར་འོ་མའི་རྒྱ་མཚོར་དབྱངས་ཆགས་ཤིང་། །
དཀར་དཀར་གཟུགས་སྐུ་པད་དཀར་སྡོང་བོར་འགྲན། །
དཀར་དཀར་མདངས་ཀྱིས་རབ་མཛེས་ལྷ་མོའི་གཟུགས། །
སྙན་འཇེབས་དབྱངས་ཀྱི་ཆོ་ལོ་བདག་ལ་སྩོལ། །
 
མཛེས་མཛེས་གཞོན་ནུའི་ཚུལ་འཆང་སྒེག་ལྡན་མ། །
མཛེས་མཛེས་དགྱེས་ཞལ་དགོད་པའི་འཛུམ་ཆུང་མ། །
མཛེས་མཛེས་མཉེན་ལྕུག་འཁྲིལ་ལྡེམ་གཟུགས་མཛེས་མ། །
ལྷང་ལྷང་འགྱུར་ཁུག་རྫོགས་པའི་མཚོ་བྱུང་མ། །
 
སྙན་སྙན་རྒྱུད་མངས་དབྱངས་ཀྱི་འགྱུར་ཁུག་སྙན། །
སྙན་སྙན་རྒྱུད་དྲུག་པི་ཝཾ་རོལ་མོ་སྙན། །
སྙན་སྙན་དཔྱིད་དཔལ་རྒྱལ་མོའི་མགྲིན་དབྱངས་ཏེ། །
མང་མང་སྡེབས་ལེགས་ཚིག་གི་དངོས་གྲུབ་སྩོལ། །
 
མཚར་མཚར་མཛེས་སྡུག་ལང་ཚོའི་ཁྲི་ཤིང་ལ། །
ལྡེམ་ལྡེམ་རིག་པའི་གར་གྱི་སྟངས་སྟབས་མངོན། །
ལྷབ་ལྷབ་གོས་བཟང་དར་གྱིས་མདངས་བཀྲ་བའི། །
ཟབ་ཟབ་སྙན་པའི་ངག་གི་དངོས་གྲུབ་སྩོལ། །
 
མཛེས་མཛེས་སྙིང་དུ་སྡུག་པའི་ཌཱ་ཀི་མ། །
འཛུམ་འཛུམ་སྟོན་ཟླ་རྒྱས་པའི་རང་བཞིན་ཅན། །
ཡང་ཡང་ཡིད་མཁར་བྱོན་པའི་དབྱངས་ཅན་མ། །
ལེགས་ལེགས་མཆོག་གི་དངོས་གྲུབ་བུ་ལ་སྩོལ། །
 
རབ་མཛེས་ཚངས་པའི་བུ་མོ་སྙན་དབྱངས་མ། །
རབ་དཀར་ཀུ་མུད་བཞད་པའི་མཛེས་ལྡན་མ། །
རབ་སྙན་རྒྱུད་མངས་དཀྲོལ་བའི་མཚོ་བྱུང་མ། །
ཁྱེད་ཉིད་དགྱེས་ཞལ་མཇལ་བའི་སྐལ་བཟང་སྩོལ། །
 
ངག་རིག་གྲུ་ཆར་ཐོར་བའི་རླབས་ཕྲེང་ན། །
ངག་གི་རྒྱལ་མོ་ལྷ་མོ་དབྱངས་ཅན་མ། །
ངག་སྙན་མགྲིན་པའི་སྒོ་མོ་འབྱེད་མཛད་མ། །
ངག་དབང་སྙན་འཇེབས་དབྱངས་ཀྱིས་ཤིས་པ་སྩོལ། །
 
མ་བཅོས་ཤེས་རབ་འོད་ཀྱི་ཐིག་ལེ་འཆར། །
མ་འདྲིས་འགྲོ་བའི་ཁམས་ཀྱི་སྙན་འཇེབས་ངག །
མ་འབྲལ་དད་འདུན་ཡིད་དཀྱིལ་སྒོམ་པའི་ལྷ། །
མ་གཡེང་མགྲིན་པའི་ཁབ་ཏུ་བཞུགས་ཤིག་ཀྱེ། །
 
ལེགས་བྲིས་གཟི་ལྡན་ཡིད་འཕྲོག་ལྷ་ཡི་སྲས། ། 
ལེགས་མཛེས་ལང་ཚོར་རྒྱ་སེའི་མེ་ཏོག་བཞད། །
ལེགས་སྙན་དབྱངས་ལྡན་དྲི་ཟའི་བུ་མོའི་གསུང་། ། 
ལེགས་ལེགས་མཆོག་གི་དངོས་གྲུབ་འཕོས་ཤིག་ཀྱེ། །
                      ༢༠༢༣.༡༡.༡༠

             རྩོམ་སྒྲིག་པ། འཕགས་མི།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease