ཨེ་ལེག་སན་ཊར།

    བུ་ཡུག མགོ་ལོག


ཨེ་ལེག་སན་ཊར།

           འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་ཕུལ།
                 
  བུ་ཡུག མགོ་ལོག
གཡོ་བ་བྲལ་བའི་ཕ་བོང་འདི་དག
ཁྱོད་ཀྱི་སྒེར་གཤིས་ཀྱི་ཕ་བོང་ཡིན།
སྣོལ་མཚམས་མེད་པའི་གཙང་བོ་དེ་དག་ཀྱང།
ཁྱོད་ཀྱི་བློ་འབྱེད་ཀྱི་གཙང་བོ་ཡིན།
 
ཁྱོད་རང་འཆི་བར་མི་འཇིགས།
ཁྱོད་ཀྱིས་ཚེ་སྲོག་རྟ་རྔ་བཞིན་ཕྲ་བ་སྔར་ནས་ཤེས།
ཁྱོད་རང་དམོད་ཚིག་ལ་ཡང་མི་འཇིགས།
ཁྱོད་ཀྱིས་རང་ཉིད་མཚོན་བྱེད་ཀྱི་རྣམ་འགྱུར་མང་པོ་བསྟན་ཅིང།
ཐོབ་ཐང་གི་ཆོ་ལོ་དེ་དག་གིས་བྱང་ལམ་བཅད།
 
སྒྱུ་རྩལ་གྱི་བྱང་ཐང་འདི་ནས།
ཁྱོད་རང་ཨེ་ལག་སན་ཊར་ཡིན།
གླིང་དཀར་གྱི་རུ་སྡེ་འདི་ནས།
ཁྱོད་རང་རྒྱ་ཚ་ཞལ་དཀར་ཡིན།
 
བཙོན་ནས་བླངས་པའི་སུ་མཱ་ཆན་གྱི་སྡོམ་ཚིག་དེ།
ཁྱོད་ཀྱི་སྡོམ་ཚིག་ཡིན།
ལག་དམར་ཞིག་གི་བྲང་གར་ལྷུང་བའི་སེམས་ཀྱི་དམ་ཚིག་ཀྱང།
ཁྱོད་ཀྱི་དམ་ཚིག་ཡིན།
 
ལེགས་ཉེས་ཀྱི་ར་བར་ལུས་པའི་མིག་ཤེལ་མཐུག་པོའི་སྐུ།
འགལ་འདུ་ཡི་སུམ་མདོར་ལྷགས་པའི་ནུབ་ལྭ་སྔོ་ནག་གི་སྐུ།
རང་ཞལ་དམར་རྗེན་དུ་སྟོན་པའི་བརྙན་མིག་རྣོན་པོའི་སྐུ།
དེ་དག་ནས་དེ་དག་ཁྱོད་ཀྱི་མཚན་དང་དཔེ་བྱད་ཡིན།
 
ཁྱོད་རང་ཁྲུང་ཁྲུང་གི་སྒྲོ་སྤུ་ཡིན་ལ།
ཐེ་ཧྲན་གྱི་ལྕི་ཚད་ཀྱང་ཅི་ལ་མིན་་་་་་་
               ༢༠༢༣ལོའི་ཟླ་དྲུག་པར་ལུང་སྔོན་དུ།

ས་རུབ་ཁའི་གཙང་བོ། 
 
མཚར་སྡུག་གི་ཀི་བསོ་ཡོད་དོ་བར་ནང་དུ་འཇགས་རྗེས
སྨྲེ་ངག་གི་ཚིག་འབྲུ་དེ་དག་ང་ཡི་མགྲིན་པའི་སྦུབ་ནས་ཐལ
ཕྱིར་རྟོག་ཀློང་གི་མིག་ཆུ་དེ་དག་ཟིལ་བ་ལྟར་འགྲིལ་ནའང
ཕ་སྐད་ལགས།  ཁྱོད་རང་སྨུག་ཁྲོད་ཀྱི་གྱེས་བརྡ་མ་རེད
 
རི་ཆུ་མང་པོ་ཁྱོད་ཀྱི་གཤོག་རྩལ་གྱིས་བཅད་འོང
འཛུམ་མདངས་མང་པོ་ང་ཚོའི་ཞེན་ཆགས་ཀྱིས་འཚོས་འོང
འུ་གཉིས་བྱ་ཞིག་ཡིན་པའི་ངོས་ནས   རང་ལ་ནམ་མཁའ་ཡོད
འུ་གཉིས་རླུང་ཞིག་ཡིན་པའི་ངོས་ནས  སོས་ཀ་དུས་ལྟར་བསུས
ཕ་སྐད་ལགས།     ཁྱོད་རང་སྣུམ་ཟད་ཀྱི་མར་མེ་མ་རེད
 
བྱམས་བརྩེ་ལ་དབྱེ་ན་དྲུག་ཅུ་རྩ་བཞི་ཡོད
བྱམས་ཤིང་བརྩེ་ཚུལ་ཀྱང་བརྒྱད་ཅུ་གྱ་གཉིས་ཡོད
ཕལ་བ་འུ་ཚོས་ལྟ་བསྒོམ་འདི་ཚད་མའི་རྒྱ་མྱིག་ཡིན
དམུས་ལོང་ང་ཚོའི་སྐྱོ་སྟངས་འདི་སྒྱུ་རྩལ་གྱི་ཤ་འོད་ཡིན
ཕ་སྐད་ལགས།    ཁྱོད་རང་མཐའ་མཇུག་གི་སྐྱེམས་ཆང་ཡང་མ་རེད
 
ས་རུབས་ཁར་རང་ཉིད་ཀྱི་གཙང་བོའི་འབབ་རྒྱུན་མཐོང་འོང
འོན་ཏེ།   ཕ་སྐད་ལགས།
ད་ལྟ་འུ་ཅག་རྦ་རླབས་ལ་མི་དགའ  
གཙང་བོའི་རྦ་རླབས་ལ་ལྷག་ཏུ་མི་དགའ
              2023/10/30ལ་བཅོས། 

ཁོ་མོ་དང་ཞིང་གྲོང་། 
 
ཉི་གྲིབ་ཀྱི་སྲུབས་མ་སྒོ་འགྲམ་གྱི་སྤོ་ཐེམ་དུ་ལྷུང་ཚེ
ཁོ་མོ་རྒྱུ་མཚན་མེད་པར་སྐྱོ་ཞིང
གནས་ལུགས་མེད་པར་བགད
ཐ་མག་རྐང་གཅིག་དམར་ཞིང་སྣུམ་པའི་མཆུ་སྒྲོས་སུ་སྦྱར་ཚེ
ཁོ་མོས་ད་ལྟ་མཚོན་བྱེད་ཀྱི་འཛུམ་མདངས་བསྟན
དེ་ལྟར།   ཁོ་མོ་རང་ཉིད་ཀྱི་ཞིང་གྲོང་ནས་བགད
 
བར་སྣང་འདི་ན་བགྲོད་ལམ་ཀྱི་བཀྲ་རིས་ཡོད
ཐག་རིང་དུ་འཐེན་པའི་སྣང་མུན་གྱི་བཤུལ་ལམ་ཡོད
ཆུང་དུས་ཀྱི་རེག་ཟིག་དང་རས་ཀྱི་ཨོ་ལོ་ཡོད
འཕགས་མ་སྒྲོན་མའི་སྤྱན་གྱི་གློག་དང་ཐུགས་ཀྱི་དྲ་བ་ཡོད
 
གལ་ཏེ  གཅོམ་བསྐྱུངས་དང་སྡོམ་གཅུན་མེད་ན
གལ་ཏེ  ལས་འབྲས་དང་བར་ཐག་མེད་ན
རང་དབང་གི་བར་ནང་འདི་རུ་སྐྱོ་ངལ་ཡོད་དམ
རྒྱང་རིང་དང་འགྲུལ་བཞུད་གཉིས་ལ་བསྣོལ་མཚམས་ཡོད་དམ
 
ས་སྲོད་ཀྱི་སྨུག་པ་གཞིས་ཁུལ་དུ་འཚང
ཁོ་མོས་རང་ཉིད་པགས་པ་ལྟར་བཀྲམ
ལུས་ཀྱི་བུ་ག་རེས་རྨི་ལམ་རེ་རེ་རྨིས
ཁྱོ་ག་མ་ལོག་གོང་དུ་ཐག་རིང་ཐག་རིང་དུ་ལོག

           རྩོམ་སྒྲིག་པ། འཕགས་མི།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease